ཐོག་མའི་སྙན་སྒྲོན་ལྷག་བསམ་འོ་མཚོའི་རླབས་སྒྲ།​​
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »ཐོག་མའི་སྙན་སྒྲོན་ལྷག་བསམ་འོ་མཚོའི་རླབས་སྒྲ།​​
ཐོག་མའི་སྙན་སྒྲོན་ལྷག་བསམ་འོ་མཚོའི་རླབས་སྒྲ།​​
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2021-02-11ལྟ་ཀློག (6037)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

ཐོག་མའི་སྙན་སྒྲོན་ལྷག་བསམ་འོ་མཚོའི་རླབས་སྒྲ།

 ཀྱེ་ཀྱེ་ཆོས་མཐུན་གྱི་གྲོགས་པོ་རྣམ་པ་དང་། སྙིང་ནས་བརྩེ་བའི་གདོང་དམར་བོད་པའི་སྤུན་ཟླ་མིང་སྲིང་རྣམ་པ་ལགས། ལྕགས་མོ་གླང་གི་གནམ་ལོའི་རང་ཞལ་གསར་དུ་ཚེས་པའི་བཀྲ་ཤིས་པའི་ཉིན་མོ་འདིར། ང་དང་ངའི་སྤུན་ཆུང་བཛྲ་འོད་ཟེར་གཉིས་ཀྱིས་ཁྱེད་རྣམས་ལ་ཐོག་མར་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་གཅིག སྙན་སྒྲོན་ཞུ་རྒྱུ་ཞིག་ལ། ངས་བྲིས་པའི་༼ལྷ་བླ་མ་ཡེ་ཤེས་འོད་ཁུ་དབོན་གཉིས་ཀྱིས་མཉམ་མེད་ཇོ་བོ་ཆེན་པོ་བོད་དུ་ཇི་ལྟར་གདན་དྲངས་པའི་ཚུལ་ཅུང་ཟད་བཤད་པ་༽ཞེས་པའི་རྩོམ་ཡིག་ཅིག་ངའི་སྤུན་ཆུང་བཛྲ་འོད་ཟེར་གྱིས་རྣམ་པ་ཚོའི་སྙན་ལམ་དུ་གནམ་ལོ་གསར་བའི་ལེགས་སྐྱེས་ཞིག་གི་ཚུལ་དུ་ཀློག་འདོན་བྱེད་རྒྱུ་ཡིན་པ་དང་། རྩོམ་ཡིག་འདི་ནི་དམ་པའི་ཆོས་དེ་ཉིད་རང་ཅག་བོད་གདོང་དམར་བའི་ཞིང་ཁམས་འདིར་དར་རྒུད་ཇི་ལྟར་བྱུང་བའི་ཚུལ་བརྗོད་བྱར་བྱས་ནས་བྲིས་པ་ཞིག་ཡིན་པས། བརྗོད་བྱ་ཕུན་སུམ་ཚོགས་པ་སྐྱེས་མཆོག་དམ་པ་རྣམས་ཀྱིས་གཞན་ཕན་ཇི་ལྟར་བསྒྲུབས་པའི་རྣམ་ཐར་གཙང་མ། ཀུན་སློང་ཕུན་སུམ་ཚོགས་པ་རང་རིགས་ཆོས་མཐུན་སྐལ་མཉམ་གྱི་གྲོགས་པོ་རྣམས་ལ་དམ་པ་དེ་དག་གི་བཀའ་དྲིན་ཇི་བཞིན་ཤེས་སུ་འཇུག་འདོད་ཀྱི་ལྷག་བསམ་གཙང་མ་སྟེ་ཕུན་ཚོགས་གཉིས་ལྡན་གྱི་མཐུ་ལ་བརྟེན་ནས། ལོ་གསར་བའི་ནང་མ་ལུས་སྐྱེ་དགུ་ཡོངས་ཀྱི་ལུས་ལ་ན་ཚ་དང་སེམས་ལ་སྡུག་བསྔལ་མི་འབྱུང་ཞིང་། ཡངས་པའི་རྒྱལ་ཁམས་ཀུན་ཏུ་ནད་མུག་འཐབ་རྩོད་འཁྲུགས་ལོང་སད་སེར་ཙད་ཐན་སོགས་བཀྲ་མི་ཤིས་པའི་རིགས་མཐའ་དག་ཀུན་ནས་ཞི་བ་དང་། ཕན་བདེ་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་འགྱུར་བ་དང། འཇམ་དཔལ་དབྱངས་དངོས་མི་ཡི་རྣམ་རོལ་ཀུན་མཁྱེན་ཆེན་པོ་སྐུ་ཕྲེང་དྲུག་པ་༧ རྗེ་བཙུན་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་དང་། བདག་གི་ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱིས་མཚོན་ཕྱོགས་བཅུའི་བསྟན་འཛིན་གྱི་སྐྱེས་ཆེན་ཐམས་ཅད་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་མཛད་འཕྲིན་ཉི་ཟླ་ལྟར་འཕེལ་བར་འགྱུར་བ་དང་། གཞན་ཡང་ཆར་ཆུ་དུས་སུ་འབབ། ལོ་ཕྱུགས་རྟག་ཏུ་ལེགས། ལུས་སེམས་བདེ་ཞིང་སྐྱིད། ཆོས་རིག་སྲིད་གསུམ་དར། དཔལ་འབྱོར་མངའ་ཐང་རྒྱས། སྣོད་བཅུད་འཆམ་མཐུན་འབྱུང་། འཛམ་གླིང་ཞི་བདེ་ཡོང་བར་ཤོག་ཅེས་ངེད་སྤུན་གཉིས་ཀྱིས་སྙིང་ནས་སྨོན་ལམ་འདེབས་སོ།།

      དེ་ཡང་རང་རེའི་བོད་ཡུལ་འདི་ནི་རབ་དཀར་གངས་རིའི་འཕྲེང་བས་བར་མེད་དུ་བསྐོར་ཞིང་། དྭངས་གཙང་ཆུ་ཀླུང་འབུམ་ཕྲག་ཆལ་ཆིལ་དུ་རྒྱུ་བ། གཡུ་ལྗང་སྤང་རི་མང་བོ་མཁའ་དབྱིངས་སུ་སྙེགས་ཤིང་། མུ་མེད་སྤང་ལྗོངས་ཡངས་པོ་ཕ་མཐའ་དང་བྲལ་བ། ཚང་ཚིང་ནགས་ཚལ་སྟུག་པོ་མཁའ་མཐའ་ལ་འདྲེས་པའི་ངོ་མཚར་ས་ཡི་ཐིག་ལེ། འཇིག་རྟེན་ཡོངས་ཀྱི་ཁྱད་ནོར་མ་ལུས་པ་ལྷན་དུ་བསྡུས་པ་ལྟ་བུའི་ས་འོག་གཏེར་བརྒྱའི་འབྱུང་ཁུངས། འཛམ་གླིང་ཀུན་ན་ཤིན་ཏུ་དཀོན་ཞིང་མཆོག་ཏུ་གྱུར་བའི་སྨན་སྣ་རིགས་བརྒྱའི་རང་བྱུང་གི་དགའ་ཚལ་ཁྱད་པར་བ་ཞིག་ཡིན་ལ། གཞན་ཡང་སེངྒེ་དཀར་མོའི་གདན་ས། རྒྱ་སྟག་དམར་བོའི་བཙན་ས། བྲེ་སེར་འབྲོང་གི་ཕ་ས། རི་དྭགས་འབུམ་གྱི་གཡང་ས། གདོང་དམར་བོད་ཀྱི་ཕ་ཡུལ། དམ་པ་ཆོས་ཀྱི་ཞིང་ཁམས་ཤིག་ཡིན་པ་དང་། ཡུལ་དང་ས་ཕྱོགས་གཞན་ལས་མཆོག་ཏུ་གྱུར་བ་ཞིག་ཡིན་པས་ན། མཐའ་ཀླས་སྐྱེ་དགུ་ཡོངས་ཀྱི་ཡིད་དབང་གཅིག་ཅར་འཕྲོག་པ་ཞིག་སྟེ། གནའ་སྔ་མོ་ནས་བསིལ་ལྡན་གངས་རིའི་ལྗོངས་ཞེས་གྲགས་སྙན་གདུགས་དཀར་ཡུག་ཅིག་གིས་སྲིད་གསུམ་ཁྱབ་ཅིང་། ད་ལྟའང་གླིང་བདུན་གོ་ལ་ཧྲིལ་བོར་འཛམ་གླིང་གི་རྒྱ་ཕིབས་ཞེས་ཀུན་ནས་གྲགས་པ་ཞིག་གོ།

   དེ་ཡང་དེང་སྐབས་ཀྱི་གནས་བབས་ལ་བལྟས་ན།  རང་རེའི་བོད་རིགས་འདི་ཚན་རིག་གི་འོད་སྣང་ཉག་ཕྲ་ཞིང་། དཔལ་འབྱོར་གྱི་ནགས་ཀློང་མཐའ་ཆུང་བའི་མི་རིགས་ཤིག་ཏུ་ཡོད་པ་མངོན་སུམ་ཡིན་པས། ཅིའི་ཕྱིར་སྟེང་འཆི་མེད་ལྷ་ཡིས་བསྟོད་བསྔགས་གནང་ཞིང་། འོག་གདེངས་ཅན་ཀླུ་ཡིས་སྨོན་པ་བྱེད་ས་ཞིག་ཏུ་གྱུར་བ་ཡིན་སྙམ་པ་ནི་འགོག་མི་ཐུབ་པ་ཞིག་ཡིན་ནོ།། དེ་ལྟར་གྱུར་བའི་རྒྱུ་མཚན་ནི་འདི་ལ་དྲི་མེད་ཤེལ་དཀར་ཞུན་མའི་གངས་རིས་བསྐོར་ཞིང་། དྭངས་གསལ་ཆུ་ཀླུང་སྟོང་གི་འགོ་ཁུངས་མངའ་བས་ཡིན་ནམ། འོན་ཏེ་ས་སྟེང་ནགས་ཚལ་སྟུག་པོས་ཐང་ཆེན་གཡོགས་ཤིང་། ས་འོག་གཏེར་མཛོད་མང་བོས་ཀླུ་ཡུལ་ཕམ་པས་ཡིན། ཡང་ན་དཔའ་མཛངས་སྙིང་སྟོབས་ལྡན་ཞིང་། བློ་དཀར་གཞུང་རྒྱུད་དྲང་བའི་མི་རིགས་ཏེ། ཕ་རྒྱུད་སྤྲེའུའི་རིགས་ལས་བྱུང་བའི་བོད་མི་རིགས་འདི་ཉིད་གནས་པས་ཡིན་ཞེ་ན། ངས་བལྟས་ན་འདི་དག་ནི་གཞན་ལས་ཁྱད་པར་དུ་འཕགས་པར་འཇོག་བྱེད་ཀྱི་གཙོ་བོ་མ་ཡིན་སྙམ། འོ་ན་འཕགས་ཆོས་ཀུན་གྱི་གཙོ་བོ། ཡིད་དབང་འགུགས་པའི་གསང་འཕྲུལ་དེ་གང་ཡིན་ཞེ་ན། བོད་རང་གི་ཐུན་མོང་མ་ཡིན་པའི་བཅུ་ཕྲག་རིག་པའི་གཞུང་ལུགས། དེ་ལས་ཀྱང་དུག་གསུམ་ནད་ཀྱི་བཙན་རྫོང་རྨེག་མེད་དུ་གཞོམ་པའི་ནང་རིག་འཕྲུལ་གྱི་འབར་མདེལ། སྡུག་བསྔལ་གྱི་ཚ་གདུང་དྲག་པོ་ལྷག་མེད་དུ་གཞིལ་བའི་དམ་ཆོས་བདུད་རྩིའི་ཆབ་རྒྱུན་འདི་ཉིད་ལྡན་པ་འབའ་ཞིག་གི་དྲིན་དུ་འཁུམས་སོ།།

ཡིན་ན་ཡང་ཇི་སྐད་དུ།

ཕྱོགས་ལྷུང་འཁྱོག་པོའི་ཡིད་ལྡན་དག།

ཇི་སྲིད་རང་དང་མ་མཐུན་པ།།

དེ་སྲིད་དྲང་སྲོང་མཆོག་ཉིད་ཀྱི།།

གསུང་ལའང་མོས་པའི་སྐབས་མ་མཆིས།།

   ཞེས་གསུངས་པ་ལྟར་ཕྲག་དོག་དང་ཕྱོགས་ལྷུང་ངན་པའི་དུག་ཆུ་ནག་པོས་སེམས་རྒྱུད་ཀུན་ནས་མྱོས་པའི་མཁས་རློམ་ཀླད་མེད་འགའ་རེས། རང་ཉིད་བླུན་པོ་ཡིན་པའི་བླུན་སྐྱོན་ནང་རིག་ལ་འགེལ་ཞིང་། རང་ལ་འཇོན་ཐང་མེད་པའི་ངན་ཁག་ཡོད་ཚད་སྲོལ་རྒྱུན་ལ་དཀྲི་བར་བྱེད་པ་ནི་མ་རིག་རྨོངས་མུན་བཙན་པོའི་དབང་འོག་ཏུ་ཚུད་པའི་ཆོས་ཉིད་ཡིན་པས་ལྷག་པར་ཡ་མཚར་རྒྱུ་མེད་དེ། 

    ཇི་སྐད་དུ། 

གང་དག་ཕྲག་དོག་དུག་ཆུས་མིག་ལོང་ཞིང་།།

སྙིང་ནི་ཞེ་སྡང་གདུག་པའི་སྦྲུལ་གྱི་ཚང་།།

ཡིད་ལ་འཁྲུལ་བའི་དཀྱིལ་འཁོར་ཡོངས་རྫོགས་པ།།

འདི་ཡིས་མི་འཛིན་ལོག་པའི་གཞུང་ལུགས་གང་།།

བ་ལང་ཁྱུ་ཡི་འཁོར་གྱིས་ཁེངས་ལྡན་པ།།

མཁས་པའི་མདུན་སར་ངོ་ཚ་ཡོངས་བོར་ཏེ།།

འབྲེལ་མེད་བྱུང་རྒྱལ་མུ་ཅོར་ལྷུན་ལེན་པ།།

འདི་ཡིས་མི་སྨྲ་ལོག་པའི་གཏམ་ནི་ཅི།། 

ཞེས་གསུངས་པ་ཉིད་ལས་མ་འདས་པའི་ཕྱིར་རོ།། དེས་ན་སློབ་དཔོན་བདེ་བྱེད་བདག་པོས། 

བདག་ནི་སངས་རྒྱས་ཕྱོགས་མི་འཛིན།།

སེར་སྐྱ་སོགས་ལ་མི་སྡང་ཡང་།།

གང་ཞིག་རིགས་པར་ལྡན་པའི་ཚིག།

དེ་ཉིད་སྟོན་པར་ཡོངས་སུ་འཛིན།། 

ཞེས་གསུངས་པ་ལྟར་ཕྱོགས་ལྷུང་དང་ཕྲག་དོག་གི་རབ་རིབ་བསལ། ལོ་རྒྱུས་དང་རིག་གཞུང་གི་འཇིངས་པ་བརྒལ། རྟོག་དཔྱོད་དང་ཞིབ་འཇུག་གི་རིམ་པ་བརྒྱུད། ཕྱི་ནང་གི་མཁས་པའི་གསུང་ཚུལ་བསྡུར། གནའ་དེང་གི་མཁས་པའི་རྗེས་སུ་འབྲངས་ནས་རང་ཅག་ཁ་བ་རི་བའི་ལོ་རྒྱུས་ཀྱི་བཤུལ་ལམ་རིང་མོར་ཕྱི་མིག་བལྟས་ན་རིག་རྒྱུ་མཐོང་རྒྱུ་མང་སྟེ། ཚང་ཚིང་གི་ནགས་ཁྲོད་དུ་ཞིམ་མངར་གྱི་ཤིང་ཏོག་སྤྱོད་པའི་སྤྲེའུའི་ཁྱུ་ཚོགས། གངས་དཀར་གྱི་གཟི་མདངས་རྒྱས་ཀྱང་སེམས་རྒྱུད་ལ་སྨག་གིས་ཁྱབ་པའི་གདོད་མའི་གནས་ཚུལ། རྒྱལ་བློན་གྱི་ཐུགས་རྗེ་བསིལ་བས་འཁོར་འབངས་ཀྱི་ཚ་གདུང་བཅིལ་བའི་བདེ་སྐྱིད་རྣལ་མ། ངོ་མཚར་གྱི་ལྷག་བསམ་རྫོགས་པས་ཡིག་རིགས་ཀྱི་ཉི་འོད་གསལ་བའི་གཏམ་རྒྱུད་ངོ་མ། ཕྱིས་འབྱུང་གི་གདུལ་བྱའི་དོན་དུ་བཀའ་བསྟན་གྱི་གླེགས་བམ་བརྩེགས་པའི་མཛད་རྗེས་རླབས་ཆེན་སོགས་རྨད་བྱུང་ངོ་མཚར་འབུམ་ཕྲག་གི་དྲི་བསུང་ཕྱོགས་བརྒྱར་འཐུལ་བའི་སྐྱེད་ཚལ་ཉམས་དགའ། རང་རང་གི་གོ་སའི་དོན་དུ་ནང་འཁྲུག་གི་ཁྲག་མཚོ་བསྐྱིལ་བའི་གཤོང་ས་རྫོབ་པོ། སྟོབས་རྩལ་གྱི་ཁེངས་པ་དྲག་པོས་གཞན་སྡེ་ལ་ཐུབ་ཆོས་བརྩམས་པའི་དམག་འཁྲུགས་འཇིགས་པོ། རང་ཡུལ་གྱི་ཕ་ས་ཤོར་ཏེ་དབྱིན་ཇི་ཡི་བརྙས་བཅོས་མྱོང་བའི་ངོ་ཚ་ལྕི་མོ་སོགས་ཉམས་རྒུད་ཀྱི་ཤུགས་རིང་འབྱིན་པའི་མྱ་ངམ་ཐང་ཆེན་སོགས་ཅི་ཡང་སྣང་བས་འཕེལ་འགྲིབ་སྲང་གི་འདེགས་འཇོག་མང་དུ་མཆིས་མོད། འོན་ཀྱང་དེ་དག་ཡོད་ཚད་ལོ་རྒྱུས་ཀྱི་ངོ་བོར་འདས་ཟིན་པས་བཟང་ངན་གང་ཡིན་ཡང་ཕྱིར་ལེན་ཐབས་མེད་པས་དེ་ཁོ་ན་གླེང་བཞིན་བསྡད་ན་ཕན་ཐོགས་ཅི་ཡང་མེད་མོད། འོན་ཀྱང་ད་ལྟ་ཡང་འཛམ་གླིང་མི་རིགས་ཁྲི་ཕྲག་མང་བོའི་ཁྲོད་ནས་ང་རང་བོད་པ་ཡིན་ཞེས་མགོ་བོ་མཐོན་པོར་བཏེགས་ནས་སྨྲ་ཆོག་ཆོག་ཡིན་ཞིང་། མི་རིགས་སྟོང་ཕྲག་དུ་མའི་ནང་ནས་ངའོ་སྙམ་པའི་ང་རྒྱལ་གྱིས་འགྱིང་ཆོག་ཆོག་ཏུ་ཡོད་པ་འདི་ནི་སྔོན་བྱོན་ལོ་པཎ་དག་གི་སྐུ་དྲིན་ཡིན། ཆོས་དང་རིག་གནས་འདི་ཡི་གཟི་བྱིན་ཡིན་པ་སུ་ཡིས་བསུབ། དེའི་ཕྱིར་སྔོན་བྱོན་མེས་པོ་དག་གིས་མ་བྱུང་བ་གང་ཡང་མེད་པས་དེ་དག་གི་རྗེས་ཤུལ་ལ་དགག་ཚིག་གི་ཕྱགས་མ་གཡུག་དགོས་དོན་གང་ཡང་མ་མཆིས་སྙམ་ལ། དེ་ལ་འབྲི་དགོས་པ་དང་བཤད་འདོད་པ་ཤིན་ཏུ་མང་ཡང་བྲིར་མི་ལོངས་པས། འདིར་ནི་མངའ་རིས་སྟོད་ཀྱི་བཙན་པོ་ལྷ་བླ་མ་ཁུ་དབོན་གྱིས་ལུས་སྲོག་ལོངས་སྤྱོད་གང་ལ་ཡང་མ་འཛེམས་པར་རང་ཅག་བོད་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ་མཉམ་མེད་ཇོ་བོ་ཆེན་པོ་ཇི་ལྟར་གདན་དྲངས་པའི་སྐོར་བརྗོད་བྱའི་གཙོ་བོར་བྱས་སོ།།

       འདིའི་སྐོར་གྱི་རྣམ་ཐར་འདི་ངས་ནམ་ཡང་གཞན་ལ་བཤད་རེས་དང་རང་གིས་དྲན་རེས་ལ་མིག་ཆུ་དབང་མེད་དུ་འཆོར་ཞིང་། ངས་རྩོམ་ཡིག་འདི་འབྲི་བཞིན་པའི་ཚེ་ནའང་། མིག་མཆི་མས་བརྣངས་ནས་ཡུད་ཙམ་རེ་ལ་འབྲི་མཚམས་འཇོག་དགོས་བྱུང་བའང་ལན་གཅིག་མིན། དེའི་ཕྱིར་འདིའི་ནང་ན་ངའི་དད་གུས་དང་ལྷག་བསམ་གྱི་ཉིང་བཅུད་འཁྱིལ་ཡོད་པས། གཟུར་གནས་བློ་གསལ་དོན་གཉེར་ཅན་གྱི་ཀློག་པ་བོ་དང་ཉན་པ་བོ་སུ་ཡིན་ཡང་ཁྱེད་ཅག་ལ་ཕན་ཐོགས་པར་འགྱུར་རམ་སྙམ་པའི་ཡིད་ཆེས་ཡོད་ལ། ཅིས་ཀྱང་ཕན་ཐོགས་པར་གྱུར་ཅིག་ཅེས་སྨོན་ལམ་ཡང་སྙིང་ནས་འདེབས་སོ།།

    དེས་ན་བདག་གིས་བཤད་འདོད་པ་ནི་སྔོན་རབས་མེས་པོའི་ཕྱག་རྗེས་བླ་ན་མེད་པ་འདི་ནམ་ཡང་རང་ཅག་བོད་མི་རྣམས་ཀྱིས་བརྗེད་མི་རུང་བར་མ་ཟད། རང་ནུས་གང་ཡོད་ཀྱིས་མི་ཉམས་གོང་འཕེལ་དུ་བཏང་སྟེ་རྒྱུན་འཛིན་བྱེད་དགོས་ལ། དེ་དང་ཆབས་གཅིག་དེང་རབས་ཚན་རིག་གིས་མཚོན་པའི་གསར་བྱུང་རིག་གནས་སྣ་ཚོགས་ཀྱིས་ཀྱང་ཁ་སྣོན་བྱས་ཏེ་ང་ཚོའི་བོད་མི་རིགས་འདི་བསམ་བློ་བཟང་ཡང་རྒྱུ་འབྱོར་མེད་པ་དང་། རྒྱུ་འབྱོར་རྒྱས་ཀྱང་བསམ་བློ་མེད་པ་ཞིག་ཏུ་མི་གཏོང་བར་བསམ་འབྱོར་གཉིས་ཀའི་ཆ་ནས་སྔོན་ཐོན་ཅན་ཞིག་ཏུ་ཨེ་འགྱུར་བལྟ་རྒྱུ་ནི་འུ་ཅག་གི་ཕྲག་ཏུ་བབས་པའི་འོས་འགན་རེད་ཅེས་སྙིང་གཏམ་འདི་ཉིད་ཡིན་ལགས།

     ཨོ། རེད་ལགས། དེས་ན་གཤམ་ནས་ངའི་སྤུན་ཆུང་བཛྲ་འོད་ཟེར་གྱིས་རྩོམ་ཡིག་འདི་ཀློག་འདོན་བྱ་རྒྱུ་ཡིན་པས། ཆོས་མཐུན་གྱི་གྲོགས་པོ་སྤྱི་དང་། ཁྱད་པར་དུ་ཡི་གེ་དེ་ཙམ་བཀླག་མི་ཐུབ་ཀྱང་དད་འདུན་དང་དོན་གཉེར་ཡོད་པའི་སྤུན་ཟླ་མིང་སྲིང་རྣམས་ལ་ཕན་ཐོགས་པར་གྱུར་ཅིག

བཛྲ་ཚུལ་ཁྲིམས་རྒྱ་མཚོ།                               བཛྲ་འོད་ཟེར།

རྩོམ་ཡིག་མཁོ་སྤྲོད་པ། བྱམས་པ་དོན་འགྲུབ།    གསར་འགོད་པ།  སྨར་ཁམས་མཁའ་འགྲོ་རྒྱལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། qngt བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23550388
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།