གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་གནང་སྟེ་གྲྭ་སྐོར་དམ་བཅའ་བཞག་པ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 19 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་གནང་སྟེ་གྲྭ་སྐོར་དམ་བཅའ་བཞག་
གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་གནང་སྟེ་གྲྭ་སྐོར་དམ་བཅའ་བཞག་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2019-08-18ལྟ་ཀློག (1854)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་གནང་སྟེ་གྲྭ་སྐོར་དམ་བཅའ་བཞག་པ།

   ༄༅།། མདོ་སྨད་ཀྱི་ཆོས་སྡེ་ཆེན་མོ་རྭ་རྒྱ་དགོན་དགའ་ལྡན་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་གི་རིགས་པ་སྨྲ་བ་འཇམ་དཔལ་རྒྱ་མཚོ་མཆོག་གིས་མི་ལོ་ཉེར་གསུམ་རིང་ལ་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་སློབ་གཉེར་རྒྱ་ཆེན་གནང་སྟེ་མཐར་ཕྱིན་པའི་འབྲས་རྟགས་སུ་གྲྭ་སྐོར་རབ་འབྱམས་དགེ་བཤེས་ཀྱི་རྒྱུགས་སྤྲོད་གནང་ཞིང་། རྒྱུགས་སྤྲོད་ལའང་བློ་རྒྱུགས་དང་ངེས་རྒྱུགས་རྩོད་རྒྱུགས་གསུམ་སུ་སྤྲད་ཅིང་།  བློ་རྒྱུགས་ལ་རྣམ་བཤད་ཐར་ལམ་གསལ་བྱེད་ཀྱི་ས་བཅད། ལེགས་བཤད་གསེར་གྱི་ཕྲེང་བའི་ས་བཅད། དབུ་མ་དགོངས་པ་རབ་གསལ་གྱི་ས་བཅད།  འདུལ་བ་མདོ་རྩ་བའི་རྣམ་བཤད་ཉི་མའི་འོད་ཟེར་གྱི་ས་བཅད། མཛོད་འགྲེལ་མངོན་པའི་རྒྱན་གྱི་ས་བཅད། མཛོད་རྩ་བ་དང་འདུལ་བའི་སྡོམ་སོགས་ཕུལ་བ་དང་།  གཞུང་ཆེན་བཀའ་པོད་ལྔའི་དཀའ་གནས་ཁག་གི་ངེས་རྒྱུགས་བཅས་རྒྱུགས་སྤྲོད་ཀྱི་རིམ་པ་རྣམས་ལེགས་པར་གྲུབ་རྗེས།  རྭ་རྒྱ་དགོན་གཞུང་ནས་མཁན་ཟུར་དགེ་འདུན་དར་རྒྱས་མཆོག་གྲྭ་སྐོར་དམ་བཅའ་ཕེབས་སྐབས་ཀྱི་མགོ་བྱེད་རྒན་པར་བསྐོ་བཞག་གནང་བ་ལྟར། ཁོང་གིས་དབུ་ཁྲིད་མཛད་དེ་སྤྱི་ལོ་༢༠༡༩ སྟེ་རབ་གནས་བགྲང་བྱ་སོ་གསུམ་པ་ས་མོ་ཕག་གི་ལོ་འདིར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་ཕེབས་ནས་ལོ་འཁོར་དྲུག་བརྒྱ་ལོན་པ་དང་། སྐྱབས་མགོན་ཨ་རིག་དགེ་བཤེས་ཆེན་མོས་རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་ཆགས་བཏབ་ནས་ལོ་འཁོར་གཉིས་བརྒྱ་ལྔ་བཅུ་འཁོར་བའི་རྗེས་དྲན་ལ་དགེ་ལྡན་བསྟན་པའི་ཆུ་འགོ་བྱ་ཁྱུང་དགོན་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་དུ་གྲྭ་སྐོར་རབ་འབྱམས་དགེ་བཤེས་ཀྱི་དམ་བཅའི་དབུ་བཙུགས་ནས་ཟླ་ངོ་བཞི་ལྷག་གི་རིང་ལ་དབུས་དང་མདོ་སྨད་ཀྱི་དགོན་སྡེ་བཅུ་ཕྲག་ལྷག་ལ་གྲྭ་སྐོར་དམ་བཅའ་མཛད་དེ་སྤྱི་ལོ་༢༠༡༩ལོའི་བོད་ཟླ་ལྔ་བའི་ཚེས་༢༦ཉིན་རྭ་རྒྱ་དགོན་ལྔ་རིག་ནང་བསྟན་གཙུག་ལག་སློབ་གཉེར་ཁང་ཆེན་མོ་རུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་ཕེབས་ནས་ལོ་འཁོར་དྲུག་བརྒྱ་ལོན་པ་དང་། སྐྱབས་མགོན་ཨ་རིག་དགེ་བཤེས་ཆེན་མོས་རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་ཆགས་བཏབ་ནས་ལོ་འཁོར་གཉིས་བརྒྱ་ལྔ་བཅུ་འཁོར་བའི་རྗེས་དྲན་མཛད་སྒོ་ལ་གྲྭ་སྐོར་རབ་འབྱམས་དགེ་བཤེས་ཀྱི་དམ་བཅའ་ཕུལ། ཚེས་༢༧ཉིན་གྱི་ནངས་མོ་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉི་ཤར་འབྲུག་གི་དུས་ཚོད་ལ་བཀྲ་ཤིས་དགེ་མཚན་དུ་མ་དང་བཅས་སྐྱབས་རྗེ་གཙོ་རི་མཆོག་སྤྲུལ་རིན་པོ་ཆེ་དབུ་བཞུགས་མཛད་པའི་མཁན་རིན་པོ་ཆེ་དང་། དམངས་གཙོ་དོ་དམ་ཁང་གི་མགོ་གཙོ་རྣམས་ལྷན་དུ་འཛོམས་པའི་ཐོག་སྐྱབས་རྗེ་གཙོ་རི་མཆོག་སྤྲུལ་བློ་བཟང་འཇིགས་མེད་བསྟན་པའི་རྒྱལ་མཚན་མཆོག་གིས་གྲྭ་སྐོར་རབ་འབྱམས་དགེ་བཤེས་ཀྱི་མཚན་རྟགས་བཀའ་ཤོག་དང་ཕྱག་རྟགས་བསྩལ་སྟེ་རིགས་སྨྲ་བ་རྒན་འཇམ་དཔལ་རྒྱ་མཚོ་མཆོག་གིས་གྲྭ་སྐོར་རབ་འབྱམས་དགེ་བཤེས་ཀྱི་མཚན་ཐོབ་ལེགས་པར་བཞེས། སྐྱབས་རྗེ་གཙོ་རི་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་བསྟན་པའི་བདག་པོ་རྒྱལ་བ་ཤཱཀྱ་སེང་གེའི་སྐུ་བརྙན་དང་། ཨ་རིག་དགེ་བཤེས་ཆེན་མོའི་གསུང་འབུམ་སོགས་སྐུ་གསུང་ཐུགས་རྟེན་ལྷ་དར་བཅས་བསྟན་བཟང་གནང་བ་དང་། དགོན་པའི་བླ་སྤྲུལ་རྣམ་པ་དང་། མཁན་རིན་པོ་ཆེས་གཙོས་དབུ་ཆོས་བཅུ་གསུམ། གངས་ལྗོངས་ཀྱི་སློབ་གསོ་བ་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱ་མཚན་སོགས་ཀྱིས་ཀྱང་བསྟན་བཟང་ཕུལ། གྲྭ་སྐོར་དགེ་བཤེས་འཇམ་དཔལ་རྒྱ་མཚོ་ཁོང་གི་འཛིན་གྲྭ་དང་སློབ་བུ་རྣམས་ནས་ཚོགས་ཕེབས་ཀྱི་གསེར་ཕྲེང་མཛད་ཅིང་། མཁན་རིན་པོ་ཆེ་ནས་ཁོང་ལ་གྲྭ་སྐོར་རབ་འབྱམས་དགེ་བཤེས་ཀྱི་གྲལ་འཚམས་གནང་།  ཁོང་གི་འཁྲུངས་ཡུལ་ཙང་གི་ཚོ་སྡེ་བཞི་ཐུན་མོང་ནས་དགེ་བཤེས་གཏོང་སྒོའི་མཛད་རིམ་ཡོངས་ཀྱི་སྦྱིན་བདག་བྱས་ཤིང་དགེ་འདུན་ཡོངས་ལ་གཏོང་སྒོ་གང་ལེགས་མཛད།  གཏོང་སྒོའི་རིམ་པ་རྣམས་ལེགས་པར་གྲུབ་རྗེས་མཚན་ཉིད་ཐོས་བསམ་གླིང་གི་འཛིན་གྲྭ་སོ་སོ་དང་། གྲྭ་ཚང་སོ་སོའི་དགེ་འདུན་པ་རྣམས་པས་སྐུ་གསུང་ཐུགས་རྟེན་སོགས་བསྣམས་ནས་བསྟན་བཟང་ཐུགས་རྗེ་ལེགས་འབུལ་ཕུལ་ཞིང་། ཁོང་གི་འཁྲུང་ཡུལ་ཙང་གི་ཚོ་སྡེ་བཞི་དང་། སེར་སྐོར་ཚོ་བ། ཁམས་པ་ཚོ་བ། གསང་སྐོར་ཚོ་བ། མཐའ་འདུག་ཚོ་བཞི། རྨ་ཉིན་སྲིབ་ཀྱི་སྡེ་བ་སོ་སོ་དང་ཉེ་འབྲེལ་རྣམས་ནས་སྐུ་གསུང་ཐུགས་རྟེན་དང་འབུལ་རྫས་མང་པོས་ཐུགས་རྗེ་ལེགས་འབུལ་དང་བསྟན་བཟང་ཕུལ་ཞིང་། བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་འགྲུབ་པའི་སྨོན་ལམ་རྒྱ་ཆེར་བཏབ། མཁན་ཟུར་དགེ་འདུན་དར་རྒྱས་མཆོག་དང་མཁན་ཟུར་འཇམ་དཔལ་རྒྱ་མཚོ་རྣམ་པ་གཉིས་ནས་ཁོང་གི་འཁྲུང་ཡུལ་ཙང་གི་ཚོ་སྡེ་བཞི་དང་། སེར་སྐོར་ཚོ་བ། ཁམས་པ་ཚོ་བ། གསང་སྐོར་ཚོ་བ། མཐའ་འདུག་ཚོ་བཞི། རྨ་ཉིན་སྲིབ་ཀྱི་སྡེ་བ་སོ་སོ་དང་ཤ་ཉེ་འབྲེལ་རྣམས་ལ་གྲྭ་སྐོར་དགེ་བཤེས་ཀྱི་བྱུང་རིམ་དང་། རབ་རྒྱན་ས་མོ་ཕག་གི་ལོ་འདིར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་ཕེབས་ནས་ལོ་འཁོར་དྲུག་བརྒྱ་ལོན་པ་དང་། སྐྱབས་མགོན་ཨ་རིག་དགེ་བཤེས་ཆེན་མོས་རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་ཆགས་བཏབ་ནས་ལོ་འཁོར་གཉིས་བརྒྱ་ལྔ་བཅུ་འཁོར་བའི་རྗེས་དྲན་ལ་གྲྭ་སྐོར་དགེ་བཤེས་འཇམ་དཔལ་རྒྱ་མཚོ་མཆོག་གིས་མདོ་དབུས་གཉིས་ཀྱི་དགོན་སྡེ་བཅུ་ཕྲག་ལྷག་ལ་གྲྭ་སྐོར་དམ་བཅའ་མཛད་པའི་རིམ་པ་དང་། ཐེངས་འདིའི་གྲྭ་སྐོར་དགེ་བཤེས་འཇམ་དཔལ་རྒྱ་མཚོ་མཆོག་ནི་རྭ་རྒྱ་དགོན་པའི་ལོ་རྒྱུས་ཐོག་གི་གྲྭ་སྐོར་དགེ་བཤེས་ཐོག་མ་དང་། མདོ་རྨད་ཀྱི་གྲྭ་སྐོར་བ་གསུམ་པ་ཡིན་པའི་གནས་ཚུལ་སོགས་ཞིབ་རྒྱས་སུ་ངོ་སྤྲད་གནང་ཞིང་། ཕྱིན་ཆོད་དགེ་བཤེས་འཇམ་རྒྱ་མཚོ་མཆོག་ཁོང་གི་འཁྲུང་ཡུལ་ཙང་གི་ཚོ་སྡེ་བཞི་དང་། སེར་སྐོར་ཚོ་བ། ཁམས་པ་ཚོ་བ། གསང་སྐོར་ཚོ་བ། མཐའ་འདུག་ཚོ་བཞི། རྨ་ཉིན་སྲིབ་ཀྱི་སྡེ་བ་སོ་སོ་དང་ཤ་ཉེ་དད་ལྡན་ཡོངས་ནས་གཙུག་ཏུ་བཀུར་ཏེ་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་ཡི་རང་དང་མཐུན་རྐྱེན་གང་ལེགས་གནང་དགོས་ཚུལ་སོགས་ཀྱི་བཀའ་སློབ་ཡིད་ཚིམ་པ་གནང་། མཇུག་ཏུ་དགེ་བཤེས་ཁོང་གི་འཁྲུངས་ཡུལ་ཙང་གི་ཚོ་སྡེ་བཞིའི་སྡེ་དཔོན་དང་ཆོས་དཔོན། སེར་སྐོར་ཚོ་བ། ཁམས་པ་ཚོ་བ། གསང་སྐོར་ཚོ་བ་སོགས་ཤ་ཉེ་འབྲེལ་རྣམས་དང་ལྷུན་དུ་ལོ་རྒྱུས་ཀྱི་དཔང་པོར་ཉར་ཆོག་པའི་འདྲ་པར་བསྒྲོན་ཏེ་མཇུག་ཡོངས་སུ་གྲུབ་པ་འདི་ལེགས་སོ།། དགེ་ལེགས་འཕེལ།

༧སྐྱབས་རྗེ་གཙོ་རི་མཆོག་སྤྲུལ་བློ་བཟང་འཇིགས་མེད་བསྟན་པའི་རྒྱལ་མཚན་དང་མཁན་པོ་ལས་ཐོག་པས་བསྟན་བཟང་ཕྱག་རྟགས་བསྩལ་བ།

རྭ་རྒྱ་དགོན་པའི་མཁན་ཟུར་དགེ་འདུན་དར་རྒྱས་ཀྱིས་ཐུགས་རྗེ་ལེགས་འབུལ་གྱི་ལྷ་དར་འཐེན་པ།

༧ སྐྱབས་རྗེ་གཙོ་རི་མཆོག་སྤྲུལ་བློ་བཟང་འཇིགས་མེད་བསྟན་པའི་རྒྱལ་མཚན་མཆོག་གིས་གྲྭ་སྐོར་རབ་འབྱམས་དགེ་བཤེས་ཀྱི་མཚན་རྟགས་བཀའ་ཤོག་དང་ཕྱག་རྟགས་བསྩལ་བ།

རེབ་གོང་༧ སྐྱབས་མགོན་རིན་པོ་ཆེ་མཆོག་གིས་གྲྭ་སྐོར་དམ་བཅའི་ཕྱག་རྟགས་ཕུལ་བ།

རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་གྲྭ་སྐོར་དམ་བཅའི་ལེགས་སྐྱེས་འབུལ་བཞིན་པ།

གྲྭ་སྐོར་དམ་བཅའ་འཇོག་བཞིན་པའི་ཡུལ་དངོས།

མདོ་སྨད་ཀྱི་ཆོས་སྡེ་ཆེན་མོ་རྭ་རྒྱ་དགོན་དགའ་ལྡན་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་གི་རིགས་པ་སྨྲ་བ་འཇམ་དཔལ་རྒྱ་མཚོ་མཆོག


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 96xc བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5784744
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号