སྐྱེལ་ཚིག་སྙིང་གི་རི་མོ། འཛིན་བདག་གྱི་ལིང་འཇིགས་མེད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »སྐྱེལ་ཚིག་སྙིང་གི་རི་མོ། འཛིན་བདག་གྱི་ལིང་འཇིགས་མེད།
སྐྱེལ་ཚིག་སྙིང་གི་རི་མོ། འཛིན་བདག་གྱི་ལིང་འཇིགས་མེད།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-07-10ལྟ་ཀློག (2013)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སྐྱེལ་ཚིག་སྙིང་གི་རི་མོ།

བླ་མ་མཆོག་དང་རྗེ་བཙུན་སྨྲ་བའི་ལྷ། །
དབྱེར་མེད་ཞབས་ཀྱི་པདྨོར་ཕྱག་བྱས་ཏེ། །
ཡུན་རིང་སེམས་ཀྱིས་བསྐྱངས་པའི་བློ་གསལ་དག །
བྱེས་སུ་ཆས་ལ་གྱེས་ཚིག་སྨྲ་བར་བྱ། །

དེང་དུས་སྐྱེ་བོ་ཕལ་གྱི་རྣ་ལམ་དུ། །
དོན་ལྡན་གཏམ་ལས་མུ་ཏོའི་འཆལ་གཏམ་བྲིན། །
བདག་འདྲའི་ངག་ནས་ལེགས་བཤད་ག་ལ་སྟེ། །
གལ་ཏེ་ཡོད་ཀྱང་ཉན་མཁན་ཤིན་ཏུ་དཀོན། །

སྙིང་གཏམ་སྔར་ཡང་བཤད་པ་མང་དྲགས་པས། །
ད་ལྟ་ཐོས་ཚེ་རྣ་བ་ཚ་ནས་ཡོང་། །
གང་བཤད་ཡིད་ལ་འཛིན་པ་དཀའ་མོད་ཀྱང་། །
གལ་ལ་ཐུག་ཚེ་རང་ཚུགས་ཟིན་པ་གལ། །

རིང་ཡང་མི་རིང་ཐུང་ཡང་མི་ཐུང་བའི། །
མི་ལོ་དུ་མར་འདི་ནས་འབད་པ་བྱས། །
ད་ལྟ་གང་འཚམ་འབྲས་བུའི་སྐྱེས་བཟུང་ནས། །
རང་ཡུལ་བསྙེག་ལ་ཀུན་ཀྱང་དགའ་བར་འོས། །

བདག་ནི་ཡོན་ཚད་ཞན་ཅིང་ལྷག་བསམ་དམན། །
སློབ་མ་སྐྱོང་བའི་ཐབས་ཀྱང་མི་ཤེས་ཏེ། །
ཕྱོགས་ཞེན་མེད་པར་ཀུན་ལ་སྙོམས་ཁུལ་བྱས། །
རང་སེམས་དཔང་བོར་བཞག་ཀྱང་གནོངས་འགྱོད་མེད། །

མི་དང་དུད་འགྲོ་འགྲོགས་ནའང་བརྩེ་བ་ཡོད། །
རང་ཅག་ཡུན་རིང་འགྲོགས་ཤིང་འབྲལ་བའི་དུས། །
གློ་བུར་སྙིང་གི་དབུས་ནས་རྩ་ཆེན་ཞིག །
ག་ཤེད་བོར་རམ་སྙམ་པའི་སྣང་བ་མཆིས། །

ཞིབ་ཏུ་བསམ་ན་འདི་ལ་དགའ་བར་འོས། །
དུས་མཐའ་འདིར་ཡང་བོད་ཀྱི་རིག་གནས་ཞེས། །
ལང་ཚོའི་གསོན་ཤུགས་རྒྱས་པའི་སྟག་ཤར་ཁྱུ། །
མཐའ་དབུས་ཀུན་ཏུ་ཆས་འདི་ངོ་མཚར་ཆེ། །

སླད་ཕྱིན་སྐྱིད་སྡུག་གང་ལ་འཕྲད་ཀྱང་རུང་། །
བླ་མ་དཀོན་མཆོག་སྙིང་གི་དབུས་ལ་ཟུངས། །
ལས་དང་བྱ་བ་ཅི་ཞིག་བསྒྲུབ་ན་ཡང་། །
ལས་འབྲས་དཔང་བོར་ཞོག་དང་སྙིང་གཏམ་ཡིན། །

ཕ་སྐད་ཁྲི་ལོར་ཤོག་ཅེས་འབོད་མི་དགོས། །
ནམ་རྒྱུན་ཕ་སྐད་ཤོད་དང་ཁྲི་ལོ་ཡིན། །
མི་རིགས་ལར་ཞེན་ཁ་ནས་སྒྲོག་མི་དགོས། །
གཟི་བརྗིད་ལྡན་ན་དེ་ལ་ལ་རྒྱ་ཟེར། །

ད་ནི་མང་བོ་མི་བཤད་བདེ་མོ་འཇོག །
སླད་མར་ཡང་ཡང་མཇལ་བའི་སྨོན་ལམ་འདེབས། །
དར་རྒུད་གང་གི་དུས་སུའང་རྨ་ཁུགས་འདི། །
མ་བརྗེད་ཡིད་ལ་ཟུངས་དང་ཁྲེལ་ཡོད་ཡིན། །

གནས་འདིའི་དགེ་རྒན་ལས་ཀྱི་གཉེར་བ་སོགས། །
འདི་ཡི་ཆེད་དུ་འབད་པའི་སྐྱེ་བོ་ཀུན། །
ཡོད་ཚད་བཏང་བ་ཁྱོད་ཚོ་སྐྱོང་བའི་ཆེད། །
དེ་ཕྱིར་དྲིན་ལན་དྲན་ན་རང་ཚུགས་ཟུངས། །

རང་རེའི་བླ་མ་སངས་རྒྱས་དངོས་དང་འདྲ། །
དེ་ཡི་ཞལ་གདམས་བརྗེད་ན་སྨྱོན་པ་ཡིན། །
གང་གསུངས་ཚུལ་བཞིན་རྩིས་དང་འདི་ཕྱི་སྐྱིད། །
སྐྱིད་ཀྱི་ལམ་སྣེ་ཟིན་པའི་སྨོན་ལམ་འདེབས། །

  ཞེས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་དྲུག་པའི་མཐར་ཕྱིན་འཛིན་གྲྭ་དང་བོའི་སློབ་མ་རྣམས་ལ་སྐྱེལ་མའི་ཚུལ་དུ་དགེ་མིང་འཛིན་པ་གྱི་ལིང་འཇིགས་མེད་ཀྱིས།

བརྩེ་བ་བཞད་པའི་ལོ་ཟླ། 

   སྐབས་ཉེར་དྲུག་པའི་མཐར་ཕྱིན་འཛིན་གྲྭ་དང་བོའི་ལྷུག་རྩོམ་ལ་གླེང་བརྗོད་དུ་བྲིས། 

   ད་ནི་གཞི་ནས་ཁོ་ཚོའི་བརྩམས་ཆོས་ལ་འགོ་བརྗོད་འབྲི་རན་སོང་། བདག་གིས་དུས་ཚོད་འདི་ལ་བསྒུགས་ནས་མི་ལོ་དྲུག་ཕྱིན་སོང་། མི་ལོ་དྲུག་ནི་བདག་གི་མི་ཚེའི་ཁྲོད་ཀྱི་ས་བཅད་རིང་མོ་ཞིག་ཡིན། འདི་ལ་རིན་ཐང་ཡོད་མེད་བཤད་དཀའ་ཡང་སེར་སྣ་བཟོད་གླགས་མེད་པ་རེ་སྐྱེས་མྱོང་། འོན་ཀྱང་ད་ལྟ་ཁོ་ཚོའི་བརྩམས་ཆོས་རེ་རེ་མཐོང་བས་བདག་གི་སེམས་ལ་ཡང་ངལ་གསོ་ཁྱད་པར་བ་ཞིག་ཐོབ་སོང་། 

   ཁྱོད་ཚོར་བདག་གིས་དུས་ནམ་ཡང་དོ་དམ་ནན་མོ་བྱས་ནས་ཡོང་བ་ཡིན། སྐབས་ལན་རེར་ནོར་འཁྲུལ་ཆུང་ཆུང་ཞིག་ལའང་ཆད་པ་བཅད་དེ་ཁྱོད་ཚོའི་སེམས་ལ་མི་སྐྱིད་པའི་ཚོར་བ་སྣ་ཚོགས་རེ་བཟོས་མྱོང་། དེ་ལ་བདག་གིས་འགྱོད་བཤགས་ཞུ་འདོད་མེད་དེ། རྒྱུ་མཚན་ནི་རྗེས་ཕྱོགས་ཁྱོད་ཚོ་ས་གང་དུ་སོང་ཡང་རང་ཉིད་ཀྱི་ནོར་འཁྲུལ་རང་ཉིད་ཀྱིས་ངོས་ཟིན་པའི་ཆེད་དུ་ཡིན་ལ། ནོར་འཁྲུལ་རེ་བཟོས་ན་དེ་ལ་མཇུག་འབྲས་ཅི་ཞིག་ཡོད་པའང་དང་ལེན་བྱེེད་པའི་གོམས་གཤིས་ཤིག་ཆགས་པའི་ཆེད་དུ་ཡིན། ནོར་འཁྲུལ་མི་བཟོ་བའི་མི་ཞིག་དཀོན་ཡང་། ནོར་འཁྲུལ་གྱི་མཇུག་འབྲས་དང་ལེན་བྱ་ཕོད་པའི་སྙིང་སྟོབས་ཅན་ཧ་ཅང་ཉུང་། དེ་བས་ཁྱོད་ཚོས་དུས་ནམ་ཡང་ནོར་འཁྲུལ་ལ་སྐྱིན་ཚབ་སྤྲོད་དགོས་པ་ཤེས་པར་གྱིས། 

   མི་ལོ་དྲུག་ལ་བདག་གིས་གང་ཤེས་ཅི་ཤེས་མཐའ་དག་སྦ་གསང་མེད་པར་བཤད་པ་ཡིན་ལ། སྐབས་མང་བོར་བཤད་དྲགས་ཏེ་ཁྱོད་ཚོར་སུན་སྣང་སྐྱེ་བཞིན་པ་ཡང་བདག་གིས་ཚོར། འོན་ཀྱང་འགྲོ་རན་དུས་ད་དུང་སྐད་ཆ་མང་བོ་ཞིག་བཤད་འཕྲོར་ལུས་ཡོད་པའི་སྣང་བ་འབྱུང་ལ། འགྲོ་ལུགས་འདུག་སྟངས་དང་། སྐད་ཆ་བཤད་སྟངས་ཚུན་ལའང་ད་དུང་བཤད་དགོས་པ་མང་བོ་ཞིག་ཡོད་པའི་སྣང་བ་སྐྱེས། བསམ་བློ་ཞིབ་ཏུ་བཏང་ན་ངས་བཤད་དགོས་པ་མཐའ་དག་སྔ་མོ་ནས་ཡང་བཤད་བསྐྱར་བཤད་བྱས་ཟིན་པར་མ་ཟད། ངས་བཤད་མི་དགོས་པ་མང་བོ་ཞིག་ཀྱང་ཡང་དང་ཡང་དུ་བསྐྱར་མྱོང་བས། ད་ལྟ་ཁྱོད་ཚོས་བདག་གི་སྐད་ཐོས་ནའང་སུན་སྣང་ཡོང་བའི་ཚོད་ཡིན། མདོར་ན་ཁྱོད་ཚོ་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་རྣམ་པས་གསོ་སྐྱོང་གནང་བའི་སྟག་ཤར་ཁྱུ་གཅིག་ཡིན་པས། ཕྲག་སྟེང་དུའང་སློབ་གླིང་འདིའི་མཚན་སྙན་དང་གཟི་བརྗིད་ཡོད་པ་མ་བརྗེད་པར་གྱིས། 

    ང་རང་འཁེལ་ཕྱོགས་ཤིག་གིས་ཁྱོད་ཚོའི་འཛིན་བདག་དགེ་རྒན་དུ་བསྐོས་མོད། དེ་ལ་བདག་གིས་དོ་སྣང་ཅི་ཡང་བྱས་མ་མྱོང་། ང་རང་ཁྱོད་ཚོའི་བོད་ཡིག་དགེ་རྒན་དུ་གྱུར་ཏེ་མི་ལོ་འདི་དག་ལ་རང་གིས་གང་ཤེས་མཐའ་དག་ཁྱོད་ཚོར་བཤད་མྱོང་བས་དེ་ལ་ང་རང་དགའ་སྣང་ཆེན་པོ་ཡོད། ངས་རང་གི་དགེ་རྒན་རྣམ་པའི་གསུང་གསེར་ནག་གི་ཐིགས་པ་ལྟ་བུ་དག་ལས་བརྗེད་ངས་ཀྱིས་མ་འཁྱེར་བ་ཚང་མ་ཁྱོད་ཚོར་སྐད་སྐུར་གྱི་ཚུལ་དུ་འཕྲོད་ཡོད། དེ་ནི་ངས་རང་གི་མ་ཡུམ་སློབ་གླིང་འདི་ལ་ཞབས་ཞུ་སྒྲུབ་སྟངས་ཤིག་ཡིན་ལ། ཁྱོད་ཚོ་སློབ་གླིང་འདིར་ཡོང་བའི་ཉིང་དགོས་ཀྱང་ཡིན་ངེས།

  ཁྱོད་ཚོས་ང་འཛིན་བདག་ཅིག་ཡིན་པའི་ངོས་ནས་བརྩི་བཀུར་བྱ་མི་དགོས། དགེ་རྒན་ཞིག་ཡིན་པའི་ངོས་ནས་ང་དང་དགེ་རྒན་གཞན་པ་ལ་ལྟ་ཚུལ་གཅིག་མཚུངས་ཤིག་འཛིན་རྒྱུ་དང་། ང་ལས་ལྷག་པར་ཁོང་ཅག་གི་གསུང་བརྩིས་ཏེ་ཚེ་འདི་ཕྱི་ཀུན་ལ་མཁོ་བའི་ལམ་སྟོན་དུ་འཁྱེར་རྒྱུ་རེ་བ་ཡིན།  ངས་འདི་ལྟར་བཤད་དོན་ནི་ཁྱོད་ཚོས་ང་རང་འཛིན་བདག་དགེ་རྒན་ཡིན་པའི་ངོས་ནས་ལྷག་ཏུ་གུས་གུས་ལྟ་བུ་ཞིག་བྱེད་ཀྱིན་པའི་སྣང་བ་བྱུང་བས་དེ་ལྟར་བཤད་པ་ཡིན། གོམས་གཤིས་དེ་ང་ཚོའི་ཁོར་ཡུག་འདིར་མི་མཛེས། 

   ངའི་སྐད་ཆ་ཉོག་ལ་རིང་བ་དེ་དག་སླར་ཡང་བཤད་རྩིས་འདུག ད་ནི་སྐད་ཆ་མང་བོ་མི་བཤད་པར་མཚམས་འདི་ནས་ཁྱོད་ཚོར་བདེ་མོ་འཇོག ཁྱོད་ཚོས་མི་ལོ་འདི་དག་གི་རིང་ལ་ང་རང་ཡིད་ཆད་དུ་བཅུག་མ་མྱོང་། དེ་བཞིན་ཚེ་གང་རིང་རང་གིས་རང་ལ་ཡིད་ཆད་དུ་མི་འཇུག་པའི་རེ་བ་དང་བཅས་བདེ་མོ་བཞག་པ་ཡིན། རྗེས་སོར་ཡང་ཡང་མཇལ་བའི་སྨོན་འདུན་ཞུ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། qnft བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23551121
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།