​དབྱངས་ཀྱི་ལང་ཚོ་རྩོམ་ཡིག་ཆེད་བཀོད་སྐབས་དང་བོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 10 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སྙན་རྩོམ། »​དབྱངས་ཀྱི་ལང་ཚོ་རྩོམ་ཡིག་ཆེད་བཀོད་སྐབས་དང་བོ།
​དབྱངས་ཀྱི་ལང་ཚོ་རྩོམ་ཡིག་ཆེད་བཀོད་སྐབས་དང་བོ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-05-13ལྟ་ཀློག (10790)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


དབྱངས་ཀྱི་ལང་ཚོ་རྩོམ་ཡིག་ཆེད་བཀོད་སྐབས་དང་བོ།  

---རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མའི་ཆེད་བཀོད་རྩོམ་ཡིག  

༄༅། །གཟུགས་རྒྱན་གྱིས་བྲིས་པའི་དབྱངས་ཅན་མའི་བསྟོད་པ་ཆུ་འཛིན་དཀར་བོའི་དོ་ཤལ།

འཇིགས་མེད་གྲགས་པ། མཐར་ཕྱིན་གཉིས་པ།


ཨོཾ་བདེ་ལེགས་སུ་གྱུར་ཅིག 

ངག་གི་དབང་ཕྱུག་ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །


ཁྱོད་སྐུ་མཚར་སྡུག་འོ་མའི་རྒྱ་མཚོ་ལ། །

འཆོར་སྒེག་ཉམས་འགྱུར་མངོན་པ་ལྗོན་ཤིང་གར། །

བརྩེ་བས་བདག་ལ་གཟིགས་དང་ཨུཏྤལ་མིག །

སྙན་ཚིག་མེ་ཏོག་མཆོད་པ་ཁྱོད་ལ་འབུལ། །


རབ་དཀར་སྐུ་ཡི་ཆུ་འཛིན་ཕུང་བོ་ལ། །

སྣ་ཚོགས་དར་གྱི་འཇའ་ཚོན་ཕྱེད་ཙམ་འཁྱུད། །

རོ་འཛིན་གཡོ་བའི་གློག་ཕྲེང་འཁྱུག་པ་དང་། །

མགྲིན་གླུའི་རྨ་བྱ་དགའ་འདི་ཅིང་ཡང་སྙན། །


ཁྱོད་ཞལ་པད་མ་གཞོན་ནུའི་དཔལ་ལྡན་པ། །

འདྲེན་བྱེད་བུང་བ་སྦྲང་རྩི་གར་རྩེན་དང་། །

ཚེམས་ཀྱི་གེ་སེར་མངར་ཆ་མངོན་པར་ཕྱེ། །

འཛུམ་ཆུང་འདོད་པ་འདྲེན་པའི་ལྕགས་ཀྱུ་ལགས། །


ཉམས་འགྱུར་ལུས་ཀྱི་ལྕུག་ཕྲན་མཛེས་པའི་རྩེར། །

དཔལ་འཛིན་བཞིན་རས་འཛུམ་པ་མེ་ཏོག་དགོད། །

སྣང་བྱེད་བུང་བ་གཞོན་ནུས་དགའ་མགུར་རྩེན། །

རྨད་བྱུང་སྐུ་ཡི་ཡོངས་འདུར་འཁྱུད་མཁན་སུ། །


ཡིད་འོང་དགའ་བ་བསྐྱེད་པའི་བཞིན་རས་ཀྱི། །

ཟུར་མིག་འདྲེན་བྱེད་གཡོ་བ་གློག་གི་གར། །

རབ་མཛེས་མཆུ་སྒྲོས་ཕྲ་ཆུང་འཛུམ་པའི་དབུས། །

ཚེམས་དཀར་མུ་ཏིག་གསར་འདི་མངོན་པ་མཛེས། །


དབྱངས་ཅན་བཞིན་རས་འོ་མའི་མཚོ་ཡི་གཏེར། །

ཟབ་མོ་ཆོས་ཀུན་གཟིགས་པའི་དཀྱུས་རིང་མིག །

སྙན་འཇེབས་གསུང་དབྱངས་སྒྲོག་པའི་ཞལ་གྱི་སྒོ། །

འཛུམ་པས་སྲིད་གསུམ་ཀུན་དའི་བརྟན་པ་གཡོ། །


གཞོན་ཤ་རྒྱས་པའི་བཅུ་དྲུག་ན་ཚོད་ཅན། །

དབྱངས་སྙན་སྩོལ་དང་སྨྲ་བའི་ངག་གི་ལྷ། །

ཁྱེད་ཞལ་སྟོན་མཚན་མཁའ་ཡི་ཟླ་བ་ཡིས། །

སྟོང་གསུམ་ཀུན་དའི་དགའ་འདབ་གྲོལ་བར་བྱེད། །


དབྱངས་ཅན་ལྷ་ཡི་ཕྱག་སོར་འཁྲི་ཤིང་རྩེར། །

རྒྱུད་མངས་དཔྱིད་ཀྱི་ཕོ་ཉའི་སྙན་སྒྲ་སྒྲོགས། །

དར་སྲབ་གོས་ཀྱི་སྤྲིན་དཀར་འཁྱུད་པའི་ལུས། །

རིན་ཆེན་དོ་ཤལ་འཇའ་ཚོན་སྤྲས་པ་མཛེས། །


དར་བབ་ལང་ཚོ་རྒྱས་པའི་མཚར་སྡུག་གིས། །

རྐང་མིག་བརྟན་པའི་གོ་ཆའི་ཏིང་འཛིན་ལྷོད། །

འཇོ་སྒེག་རྫོགས་པའི་ལུས་ཀྱི་འཁྲི་ཤིང་རྩེར། །

ཡིད་འོང་བཞིན་གྱི་པད་མ་བཞད་པ་མཚར། །


བཞིན་རས་མིག་ལ་མཛེས་པའི་དཔལ་ལྡན་ཞིང་། །

འདྲེན་བྱེད་བུང་བ་གློག་གི་གར་འཁྱུག་པ། །

དབྱངས་ཅན་བྱད་གཟུགས་པད་དཀར་སྡོང་བོ་ལ། །

ལེགས་བཤད་བདུད་རྩིའི་སྦྲང་ཆང་ཡིད་ལ་འཇོ། །


འོ་མཚོའི་མངལ་ལས་འཁྲུངས་པའི་དབྱངས་ཅན་ལྷ། །

སྙན་ངག་རིན་ཆེན་རྒྱུད་མངས་དཀྲོལ་བ་ན། །

སྲེད་ལྡན་རྣ་བའི་བདུད་རྩིའི་དོགས་བྲལ་ཞིང་། །

སྙན་ངག་གོང་འཕང་མངའ་རྣམས་དགའ་བ་བསྐྱེད། །


དབྱངས་ཅན་ལྷ་མོ་སྰི་ཏྰ་རོལ་རྙེད་མས། །

དགའ་བྱེད་སྒྲ་འཛིན་ཕུགས་པར་མི་བྱེད་དང་། །

གྱོད་པོ་ས་གཡོས་ཤིང་འདར་མི་སྨྲ་བར། །

སྙན་ངག་རིན་ཆེན་དོ་ཤལ་མགུལ་ལ་སྤུད། །


རྨོངས་པའི་མུན་ནག་འཇོམས་པའི་རི་བོང་འཛིན། །

སྙན་ངག་མཛེས་མར་འཁྱུད་པའི་སྲེད་པ་དང་། །

ཟབ་མོ་སྟོང་ཆོས་གསུང་བའི་རྣམ་འདྲེན་མཆོག །

དབྱངས་ཅན་ལྷ་མོ་ཡོངས་འདུ་ལྗོན་པར་འདུད། །


ཚངས་སྲས་ལྷ་མོའི་སྐུ་ཡི་ཀུན་གསལ་ན། །

མདངས་ལྡན་བསིལ་བྱེད་གོས་ཀྱི་ཕྱེད་ཙམ་ཀླུབས། །

ལེགས་བཤད་སྨྲ་བས་ཡིད་ལ་བདེ་བ་དང་། །

མྱོས་བྱེད་བཅུད་ཀྱིས་ལུས་སེམས་མྱོས་པ་འོ། །


སྒེག་དང་ཉམས་ཀྱིས་བསྒྱུར་བའི་འཁྲི་ཤིང་གསར། །

མྱོས་པའི་ལོ་འདབ་གཡོ་བ་འདོད་པའི་ཉམས། །

བདེ་བའི་མཆོག་སྦྱིན་སྟེར་བའི་དཔལ་དང་ལྡན། །

ཁྱེད་ནི་ཡོངས་འདུའི་ཤིང་དང་གཟུགས་མཚུངས་ཉིད། །


སྤྲིན་བྲལ་ཀུན་གསལ་དབྱིངས་ན་ཟླ་བ་དང་། །

བདག་གིས་ཁྱེད་གདོང་ཟླ་བ་གཞོན་ནུ་མཐོང་། །

དེ་ནི་འཕེལ་འགྲིབ་ར་རིའི་སྐྱོན་དང་ལྡན། །

ཁྱེད་ཞལ་ནམ་ཡང་སྐྱོན་གྱིས་གོས་པ་མེད། །


མཚོ་བྱུང་ལྷ་མོ་ཁྱེད་ཀྱི་མཚར་སྡུག་འཕྲུལ། །

རྨད་བྱུང་མཛེས་པ་ཟླ་ཚེས་འཛུམ་བསིལ་གྱིས། །

ཟུར་ཕུད་ལྔ་བའི་ཐུགས་ལ་དགའ་བདེའི་དཔལ། །

སྟེར་ཕྱིར་ཟླ་བའི་ཕུང་བོས་འགྲུབ་པ་མིན། །


དབྱངས་ཅན་ཁྱོད་སྐུ་དཔག་བསམ་འཁྲི་ཤིང་ཡིའི། །

དབྱར་གྱི་ཕུན་ཚོགས་རྣམ་འཕྲུལ་ལ་འཇོ་བས། །

བདག་ངག་དངོས་གྲུབ་མ་སྩལ་ཕུང་བྱུང་བར། །

མ་ཟད་བདག་འང་ཉོན་མོངས་སྒྲིབ་པས་ཀྱང་། །


ཁྱོད་སྐུ་པད་མའི་སྡོང་བོ་གངས་རིའི་རྩེར། །

བཞིན་རས་ཟླ་གསར་ཆུ་འཛིན་དུམ་བུ་འཁྱུད། །

སྤྱན་ཟུང་བུང་བ་གཡོ་བའི་གློག་ཕྲེང་གར། །

མཛེས་ལྡན་ཕུན་ཚོགས་དགའ་སྟོན་ལུས་ཕྲའི་དཔལ། །


སྣང་བྱེད་མཛེས་འདི་ཆུ་འཛིན་དགའ་མ་སྟེ། །

འཇའ་ཚོན་མ་ཡིན་དབྱངས་ཅན་དར་ཟབ་གོས། །

ཀུན་གསལ་བྲང་གཞུང་མཛེས་པའི་ཚོམ་བུ་འདི། །

ཆུ་འཛིན་ཕང་ཕུང་གཡོ་མིན་མྱོས་བུམ་འདར། །


ཁྱེད་ཀྱི་ཟླ་ཞལ་དགྱེས་པའི་བསིལ་ཟེར་གྱིས། །

བདག་བློའི་ཀུན་དའི་འདབ་མ་ཕང་ཕུང་གཡོ། །

ཡ་མཚན་ཁྱེད་སྐུ་མཛེས་པ་བརྗོད་བྱེད་དུ། །

དད་པའི་པིར་གྱིས་བསྟོད་ཚིག་སྙིང་ངོར་བསྐུས། །

ལམ།  

མཐར་ཕྱིན་དང་བོ།   འཆི་མེད་དམ་གངས་ཆུ་ཤེལ།  


བརྟན་གཡོའི་སྒྱུ་འཕྲུལ་ལན་བུ་ལྟག་ལ་ཤད། །

འདུ་བྲལ་འཁོར་འདུས་ཚོགས་ལ་ཉེ་རིང་དོར། །

སྐལ་བཟང་ཆོས་ཀྱི་ལྷུམས་སུ་བཞུགས་པ་འདི། །

བདེ་ཆེན་ཏིང་འཛིན་རོལ་བ་ཞི་བའི་ལམ། །


ཆགས་སྡང་རས་ཀྱི་རི་མོ་བསལ་ཕྱིར་དུ། །

ཆོག་ཤེས་བདེན་པའི་བདུད་རྩི་བར་མེད་བཞེས། །

དབེན་འཇགས་ནོར་བུ་གླིང་ལ་ཆས་པ་ཡིས། །

འཁོར་བའི་ལམ་ཕྲན་བརྗེད་པ་བཙུན་པའི་ལམ། །


ལས་ཀྱི་ཆུ་བོ་རབ་ཏུ་བྲུག་པ་ཡིས། །

བསྡུས་གཟུགས་ཕུང་བོ་གང་སར་ཁུར་བའི་ཚེ། །

དད་གསུམ་རྒྱུན་ཆད་མེད་པ་རྨ་འབྲིའི་རྒྱུན། །

མཆོག་གསུམ་ལྷ་ལ་མཆོད་པ་འཁོར་བའི་ལམ། །


དགོས་འདོད་ནོར་གྱི་གཏེར་ཁ་རབ་རྡོལ་བའི། །

འཇིག་རྟེན་ལ་སྐུར་བའི་དབྱོར་ལྡན་གྱིས། །

གཏི་ཐུག་ལྕགས་སྒྲོལ་སིལ་བུར་གཏོར་བ་ཡིས། །

ཞིང་ལ་ཞབས་ཏོག་བསྒྲུབས་པ་ཕྱུག་པོའི་ལམ། །


སྔོན་བྱས་བསླུ་མེད་ལས་ཀྱིས་བདེན་སྟོབས་ཀྱིས། །

སྐྱེ་འདིར་མུ་གེའི་གཟུགས་སུ་འཕོས་ན་ཡང་། །

སྨྲེ་ངག་ཁྱི་སྤྱང་ངུ་འབོད་དོར་བ་ཡིས། ། 

ཚོགས་བསགས་ལས་ལ་འབད་པ་སྤྲང་བོའི་ལམ། །


ལང་ཚོའི་མེ་ཏོག་བཞད་པའི་སྐྲ་ཕྲེང་གིས། །

སྣང་བའི་རི་མོ་གང་སར་མི་སྟོན་པར། །

དམ་ཚིག་མེ་ཏོག་ཞལ་ལ་བྲབས་པ་ཡིས། །

ཁྲེལ་གཞུང་ཕྱི་ཐག་བསྲུང་བ་གནས་མའི་ལམ། །


སྙིང་སྟོབས་ཡར་ཚེས་ཟླ་གཞོན་འཛུམ་པའི་མཐར། །

ཤེས་རིག་སྐར་མའི་འོད་ཀྱིས་རབ་བརྒྱན་ཏེ། །

རྒྱུ་འབྲས་མིག་བཞིན་བསྲུངས་ཏེ་འཁོར་བའི་གྲོང་། །

བདེན་ལུགས་གཙུག་ཏུ་བཀུར་བ་ཁྱིམ་འཛིན་ལམ། །


འདི་སྣང་སྒྱུ་མའི་ཆོས་ཀྱི་གཤིས་ལུགས་ལ། །

རྣམ་རྟོག་རིག་པས་དེ་ཉིད་མི་དཔྱོད་པའི། །

ཐབས་ཤེས་ཉི་ཟླ་འཕྲོ་བའི་དམ་པའི་དྲུང་། །

ལེགས་བཤད་བདུད་རྩིར་རོལ་བ་སློབ་མའི་ལམ། །


རྨད་བྱུང་དགེ་བཅུའི་ཕུན་ཚོགས་བསྒྱུར་བའི་གནས། །

གངས་ཀྱི་མུ་ཁྱུད་འཐེན་པའི་བསིལ་མོའི་ལྗོངས། །

ཡ་རབས་ཨུ་དུམ་ཝ་རའི་དྲི་བསུང་གིས། །

གདོང་དམར་བོད་ཀྱི་བཞུད་ལམ་ཡངས་པར་ཤོག །


སྤྱི་མཐུན་ལས་ཀྱིས་རང་རང་སོ་སོར་སྐྱེས། །

དགྲ་གཉེན་བར་ཐག་འདི་ཞེས་སྡོམ་ཚིག་བཀོད། །

ཆགས་སྡང་མེ་ཏོག་སྙིང་རྗེའི་ལྷགས་རླུང་གིས། །

གཏན་དུ་རྙིད་བར་མཛོད་ཅིག་བྱམས་པའི་ལྷ། །

ངས་འདི་ལྟར་བསམ།

དངུལ་རྭ་འཇིགས་གྲགས། མཐོ་གཉིས་དང་བོ།


རྨད་བྱུང་ཤེས་བྱའི་གནས་ཀུན་རབ་མཁྱེན་བདེན་གཉིས་བསྟན་པའི་བདག་པོ་སྟེ།།

ལུང་རྟོགས་ཉི་འོད་གསལ་བར་བྱེད་མཁས་དྲིན་ཅན་རྩ་བའི་བླ་མ་ཁྱེད། །

མགོན་པོ་གང་གིས་བདག་ལ་བསྩལ་བའི་ཚེ་རབས་གཏན་གྱི་སྐྱབས་གནས་དེ། །

རིས་མེད་ཟླ་འོད་ཆུ་ལ་ཤར་བཞིན་ང་དང་མ་གྱུར་འགྲོ་ཀུན་སྐྱོབས། །


མཚར་སྡུག་ལང་ཚོའི་བཞིན་དཔལ་ངོམས་པའི་གངས་ལྗོངས་འཛིན་མའི་ལྟོ་བ་རུ། །

དུས་བཞིའི་འགྱུར་ལྡོག་གོ་རིམ་བཞིན་དུ་ཡངས་པའི་སྤང་ལྗོངས་ཁྲོད་འདིར་ཤར། །

གཅིག་འཕྲོར་གཅིག་གིས་ཡིད་དབང་འཕྲོག་པའི་ཕ་ས་མ་མཚེར་ཡག་པོ་འདི།།

ང་ཚོས་ད་ནས་སྲུང་རན་ཡིན་པའི་དམར་ཆུང་སྙིང་གི་འབོད་སྐུལ་ཉིད།།


དགུན་ལ་ཁ་བའི་མེ་ཏོག་བབས་པས་ས་གཞི་གྲང་ངར་རྒོད་པོས་བསྡམས། །

དཔྱིད་ཟླར་ས་དྲོས་མེ་ཏོག་འབྲས་བུ་ཕྱོགས་ཀུན་རླུང་གིས་སྤུར་བར་བྱེད། །

དབྱར་གྱི་ཆར་བའི་འབབ་ཞོད་ཅིག་གིས་རི་ལུང་དར་ཚོན་སྣ་ལྔས་བརྒྱན། །

སྟོན་ཀར་འབྲས་བའི་བཅུད་ཉིད་བླངས་པས་ས་གཞི་དགོད་སྒྲས་འགེངས་པར་བྱེད། །


མཐོ་བ་དགུང་གི་འདབ་ཆགས་ཚོགས་ཀྱི་རང་དབང་གནམ་མཁའ་ལྷོད་ཀྱིས་སྟོད།།

དམའ་བ་གཞུང་གི་དྭངས་མོ་ཆུ་ལ་གསེར་མིག་ཉ་ཡིས་འཁྱུག་རྩལ་ངོམ། །

བར་ན་རི་སྐྱེས་རི་དྭགས་ཚོགས་རྣམས་རང་རང་བདེ་བའི་དཔལ་ལ་རོལ། །

འདི་འདྲའི་བག་ཡངས་་ཧ་ཅང་སྤྲོ་བའི་གནས་ལ་འདྲེ་ལག་སྲིང་ཕོད་དམ། །


གངས་དང་རི་བོ་ཁྱུར་མིད་བཏང་ནས་ཕ་ལམ་གསེར་དངུལ་ཟངས་ལྕགས་ལེན། །

རྨ་ཆུ་ལུ་མ་ཕྲེད་ཀྱིས་བཅད་ནས་དུག་ཆུ་གློག་ཆུའི་ཐོན་ཁུངས་བསྔོགས། །

ང་དང་ཁྱོད་ཀྱི་མེས་པོ་སྟོང་གི་ལྟེ་ཁྲག་འཐོར་སའི་གནས་མཆོག་འདིར། །

ཕྱུག་བདག་གཅིག་གི་འདོད་བློ་སྐོང་ཆེད་འདི་ལྟར་ཐལ་བར་བརླགས་འོས་སམ། །


སྐར་མ་གཅིག་གིས་དུས་ཡུན་ཙམ་གྱིས་ཆུ་མིག་སྟོང་ཕྲག་དུག་ཏུ་བསྒྱུར། །

ནམ་ཞིག་ས་སྟེང་དུག་ཏུ་གྱུར་ན་སྐྱེ་འགྲོའི་ཚོགས་རྣམས་གང་དུ་གནས། །

ང་དང་ཁྱོད་ཀྱི་ཚ་བོ་ཚ་མོར་འདི་འདྲའི་འཇིགས་རུང་ཁོར་ཡུག་ཅིག། 

བསྐྲུན་པར་འདོད་དམ་ཉེར་གཅིག་དུས་ཀྱི་སེམས་ལྡན་ནང་གི་སེམས་མེད་ཚོ། །


ཁྱིམ་དུ་ཡོད་པའི་ནོར་རྫས་དག་ལ་རྟག་པར་གཅེས་སྤྲས་གང་ལེགས་བྱོས། །

གཞི་འདིར་གྲུབ་པའི་དངོས་པོ་ཡོངས་རྫོགས་རང་བྱུང་ཁམས་ཀྱི་ཆ་ཤས་ལ། །

ཁྱོད་ལ་རང་བཞིན་གྲུབ་པ་མིན་པས་དོན་མེད་མ་གཏོར་སྙིང་གི་གཏམ། །

མཐའ་ན་ཆུ་ཡི་ཐིགས་པ་ཙམ་ཡང་འཕྲོ་བརླག་མ་གཏོར་གྲོན་ཆུང་བྱོས། །

རྗེ་ཀརྨ་ཨོ་རྒྱན་གྱི་བསྟོད་ཚིག་དད་པའི་ངང་མོ་རྣམ་པར་རྩེན་པའི་མཆོད་སྤྲིན།  

               མཐོ་གཉིས་གཉིས།  རིན་ཁོ་ཡག  


དཔལ་ལྡན་མཐའ་བྲལ་རང་བྱུང་མཐོན་མཐིང་ར་བའི་ཁྱོན་ལ་འཇོ་སྒེག་རོལ་བའི་སྐུ་ཡི་གཟི་བྱིན་འབུམ་དུ་འགྱེད་བྱེད་པ།།

སྲིད་གསུམ་འཛིན་མའི་པང་ལ་མཚན་དཔེའི་དཔལ་རྫོགས་རིན་ཆེན་གཙུག་ལག་གཏེར་གྱིས་གང་བའི་གཞལ་མེད་བློ་ཡི་མཛོད།།

གངས་ཅན་མུན་པའི་ཁམས་ཀྱི་སྣང་བྱེད་ལྷ་ལམ་ཡངས་པོར་འཛུམ་པའི་རྨོངས་རྟུལ་འཇོམས་མཛད་སྐུ་ཡོན་རྟ་བདུན་དབང་བོའི་གཉེན།།

འགྲོ་ཀུན་བྱམས་ཀྱིས་སྐྱོང་མཛད་དུས་གསུམ་ཀུན་གྱི་མགོན་གྱུར་རྒྱལ་བ་ཀརྨའི་ཞབས་ལ་སྒོ་གསུམ་དད་པའི་ཕྱག་བགྱི་འོ།།


གང་གིས་བློ་གྲོས་མ་ལུས་ཆགས་བྲལ་ཡོན་ཏན་མཐའ་ཡས་བསིལ་ཟེར་ཆ་ཙམ་འཁོར་བའི་མུན་ཚོགས་གྲོང་ལ་འཕྲོ་བྱེད་པས།།

ཉོན་རྨོངས་མཐའ་དག་འཛོམས་མཛད་གངས་ཅན་ཡུལ་གྱི་སྟོན་ཟླའི་ཉིན་བྱེད་འོད་སྟོང་མཚན་དཔེ་འཛིན་པ་རང་བྱོན་གར་གྱིས་སྒེག། 

ཚུལ་ཁྲིམས་རྣམ་དག་འཕྲིན་ལས་རྨད་བྱུང་འོད་དཀར་ཏིང་འཛིན་སྒོམ་པས་ཕུལ་བྱུང་མཁའ་ལམ་ཡངས་པོར་རི་བོང་འཛིན་པ་ཅན།།

བསྟོད་ཚིག་རྨད་བྱུང་མེས་པོ་ཚིག་གི་འཁར་བར་བརྟེན་ཕྱིར་དབྱངས་ཅན་སྲས་པོ་བདག་མགྲིན་བྱིན་གྱིས་རློབས་པར་དངོས་གྲུབ་ཞུ།།


སྐུ་གཟུགས་པད་མའི་སྡུ་གུའི་ཅོད་པན་ཚུལ་ཁྲིམས་དྲི་ཡིས་ཁྱབ་པའི་དབྱངས་ཅན་མས་ཀྱང་འདྲེན་པའི་ལྕགས་ཀྱུ་མ་བོས་ཤོར།།

བརྗིད་ཆགས་རང་བྱུང་གཟུགས་སྐུའི་སྲིད་ཀྱི་ཁྱོན་ལ་ཟླ་མེད་དཔལ་གྱིས་བཀླུབས་པའི་ངུར་སྨྲིག་མཚན་དཔེ་དབྱར་རྔའི་སྒྲ་ཆེན་པོར།།  

ཁམས་གསུམ་དད་པའི་སྙིམ་པའི་མེ་ཏོག་དབྱར་མཚོ་འཕྱུར་བའི་ཁམས་ན་ངང་གིས་རྒྱུ་བས་སྲིད་གསུམ་ཁམས་ན་འཇོ་སྒེག་ཅན།།

མཐའ་བྲལ་བློ་གྲོས་རྨད་བྱུང་གང་གཱའི་ཆུ་གཏེར་ཇི་བཞིན་རྒྱས་མཛད་ལྷ་ལམ་ཡངས་བའི་རྟ་བདུན་དབང་བོ་ཟིལ་གྱིས་མནན།།


སྐུ་ཕྲེང་རིམ་བྱོན་གངས་ཅན་སྐལ་བཟང་འགྲོ་བའི་མགོན་དུ་བྱོན་པའི་ཉི་ཟླ་ཟུང་གི་མཚན་དཔེ་འཛིན་པའི་ཀརྨ་པ།།

སྙེམས་པའི་ཚིག་གི་གློག་ཞགས་གཞན་རྒྱུད་སྲེགས་པར་མ་མཛད་ཁེངས་སྐྱུང་ཚུལ་གྱིས་མཁས་རྣམས་སྐྱེངས་པའི་ཡུལ་ནས་ཁ་ཁུ་སིམ།།  

མཚུངས་མེད་སྔོན་བྱོན་དམ་པའི་རྒྱལ་སྲས་སྲིད་གསུམ་ཁམས་ན་གྲགས་སྙན་དབྱར་སྐྱེས་རྔ་ཆེན་ལྡིར་བས་དགྲ་ཡི་སྙིང་རྩ་འགུམས།།

རབ་གསལ་ཡང་དག་ལྟ་བའི་ཀུན་གསལ་མཐོངས་སུ་རྣམ་དཀར་འགྲོ་བ་མ་ལུས་དད་པའི་ཀློང་ན་ལག་པད་སྙིང་གར་ཟུམ།།


བརྩེ་བའི་ཞགས་འོད་སྐྱེ་དགུ་ཕན་བདེའི་ཀློང་ན་འདབ་སྟོང་གྲོལ་བའི་རླབས་ཕྲེང་སྲིད་གསུམ་ཁམས་ཀྱི་བདེ་དགའི་འོད་སྟོང་ཅན།།

འཛུམ་དཀར་ཚེམས་ཕྲེང་ཆུ་འཛིན་དབུས་སུ་བློ་གྲོས་ལྷ་ལམ་ཡངས་པོ་ཆར་གྱིས་སྨིན་མཛད་འཇམ་དཔལ་དབྱངས་ཀྱི་མཚན་དཔེ་ཅན།།

གསུང་དབྱངས་བདུད་རྩིའི་སྙན་འཇེབས་ལྡན་མཛད་བུང་བའི་མགྲིན་སྙན་རྗེས་ཆགས་ཆུ་སྐྱེས་ཇི་བཞིན་དབྱངས་ཅན་ལྷ་མོ་གར་ལ་བྱོན།།

ཤེས་བརྩོན་བྲག་ཅས་རི་བོ་རྡུལ་དུ་བླགས་པས་ཕས་རྒོལ་སྙིང་རྩ་ཞུམ་པའི་འདར་སྒྲས་སེམས་ཀྱི་ཁང་བཟང་ལྕུག་ལྕུག་བྱེད།།


བླ་མེད་རྣམ་དཔྱོད་རིག་པའི་ཆུ་གཏེར་གྲུ་གཟིངས་ལ་བརྟེན་མཐའ་ཀླས་ཟབ་བརླིང་གཙུག་ལག་ཡངས་པའི་རྒྱ་མཚོ་ཆེར་བགྲོད་པས།།

སྲིད་ཀྱི་ཉི་ཟླ་ཟུང་གི་མཚན་དཔེ་འཛིན་པ་གངས་ཅན་ཡུལ་གྱི་མགོན་དུ་བྱོན་པས་འཇིན་རྟེན་རྣམས་ཀྱི་མགོན་གྱུར་པ།།

ཕྱོགས་ལྷུང་ཞེན་ཆགས་ཚིག་གི་རྡུལ་ཙམ་དབེན་པས་གཞན་ཕན་བསམ་སྦྱོར་བདུད་རྩིའི་ཐིགས་པ་ཉམ་ཆུང་དག་གི་དད་པའི་སིམ།།

སྐྱབས་རྗེ་ཀརྨ་རིན་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བའི་གྲགས་སྙན་བ་དན་དཀར་བོས་ལྷ་ལམ་ཡངས་པོར་རྔ་ཆེན་ལྡིར།།


བསྟོད་རྩོམ་ངག་གི་སྙེ་མ།


 མཐོ་གཅིག་དང་བོ།     ཀརྨ།


སྐུ་ལ་གསེར་མདོག་མཚན་བཟང་སོ་གཉིས་ལྡན།།

གསུང་ལ་འགག་མེད་ཆོས་དུང་གཡས་སུ་འཁྱིལ།།

ཐུགས་ལ་འགྲོ་དྲུག་འདྲེན་པའི་བྱམས་བརྩེ་འདུ།།

བདག་གི་མགོན་གྱུར་དཔལ་ལྡན་བླ་མར་འདུད།།


མ་རིག་ནད་ཀྱིས་བཏབས་པའི་འགྲོ་བ་ཀུན།།

བྱམས་དང་བརྩེ་བའི་སྨན་གྱིས་གསོས་མཛད་པ།།

སྨན་པའི་ཚུལ་མཛད་བདག་གི་མགོན་གཅིག་པུ།།

དུས་ཀུན་བྲལ་མེད་སྙིང་ཁར་བཞུགས་སུ་གསོལ།།


གཤིས་རྒྱུད་འོད་དཀར་ཤེས་རིག་ནོར་གྱིས་ཕྱུག།

ཐུགས་ཀྱི་དགོང་པ་བྱམས་བརྩེའི་རོ་མཆོག་མངར།།

དུས་དྲུག་དབྱེར་མེད་འགྲོ་བའི་དོན་མཛད་མཁན།།

རྩ་བའི་བླ་མའི་ཞབས་ལ་གུས་པས་འདུད།།


མ་རིག་འཁོར་བར་འཁྱམ་པའི་ཉམ་ཐག་འགྲོ།།

བྱམས་བརྩེ་རབ་དགོང་ཐར་བའི་ལམ་མཛད་པ།།

འགྲོ་བའི་མགོན་པོ་སྤྱན་རས་གཟིགས་དབང་གིས།།

སྤྲུལ་བའི་སྐུ་མཆོག་བདག་གི་བླ་མར་འདུད། 


དུས་གསུམ་དབྱེར་མེད་བདག་ལ་ཉེར་དགོང་ལ།།

ཁྱེད་སྐུའི་སྲས་ཀྱི་གཙོ་བོར་བདག་གྱུར་ཅིག།

སེམས་ཅན་ཐམས་ཅད་བྱང་ཆུབ་སར་བཀོད་དེ།།

ཁྱེད་ཀྱི་གདུལ་བྱའི་ཞིང་དུ་འཁྲིད་པར་ཤོག།      


རིགས་གསུམ་སྒྱུ་འཕྲུལ་ཙོང་ཁ་བ། 

འཇིགས་མེད་བརྩོན་འགྲུས། མཐོ་གཅིག་གཉིས་པ། 


མདོ་སྨད་ཙོང་ཁར་ཡབ་རྗེ་ཀླུ་འབུམ་དགེེ།།

སྒྲོལ་མའི་སྤྲུལ་བ་ཤིང་བཟའ་ཨ་ཆོས་སུ།།

རྒྱལ་བས་ལུང་བསྟན་བསྟན་འཛིན་སྐྱེས་བུ་ཞིག།

ངུར་སྨྲིག་གར་གྱིས་རོལ་བ་ཞེས་འབྱུང་གསུང་།།


ཁྱེད་སྐུ་འོད་ཀྱི་གོང་བུས་གླིང་བཞིར་སྤྲས།།

ཁྱེད་གསུང་སྙན་པའི་བ་དན་སྲིད་ན་མཐོ།།

ཁྱེད་ཐུགས་སྙིང་རྗེ་འགྲོ་ལ་བརྩེ་ཆེན་གཏེར།།

བླ་མ་བློ་བཟང་གྲགས་པར་རྟག་ཏུ་གུས།།


འགྲོ་ལ་སྙིང་རྗེ་གཏེར་ཆེན་སྤྱན་རས་གཟིགས།།

མཁྱེན་རབ་དབང་ཕྱུག་རྗེ་བཙུན་འཇམ་དཔལ་དབྱངས།།

གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྟེ།།

རིགས་གསུམ་སྤྲུལ་བའི་གར་མཛད་ཁྱེད་ལ་འདུད།།


མི་ཡི་སྣང་ངོར་ཐ་མལ་གཟུགས་ཀྱི་སྐུ།།

མི་ངོམ་དབྱིངས་སུ་འོད་ཟེར་སྒྱུ་ལུས་བ།།

བློ་ཕུག་ཆོས་ལ་གཏད་པའི་སྒོམ་ཆེན་ཏེ།།

མཚན་དཔེས་བརྒྱན་པའི་སྐུ་མཆོག་དེ་ལ་འདུད།།


བླ་མ་དབུ་མ་བ་དང་དོན་རིན་སོགས།།

ཚུལ་བཞིན་བསྟེན་ནས་ཐུགས་སྲས་གཅིག་པུར་གྱུར།།

གྲུབ་དབང་ཀློང་རྡོལ་རྫོགས་པའི་སངས་རྒྱས་དངོས།།

གངས་ཅན་མཁས་པའི་གཙུག་རྒྱན་ཁྱེད་ལ་འདུད།།


ཁྱེད་ཀྱི་རྣམ་ཐར་སྟོང་གསུམ་ཁྱབ་ན་ཡང་།།

དེ་འདྲ་བདག་བློས་དཔག་པར་ག་ལ་ནུས།།

འདི་ནས་ཆ་ཤས་མིག་འབྲས་ཙམ་ཞིག་ནི།།

རྣམ་ཐར་པད་དཀར་ལྗོན་པའི་གསེང་ནས་རྙེད། ། 


ཡོན་ཏན་གཏེར་གྱི་བང་མཛོད་ལྟ་བུ་གང་།། 

གཞན་འགའ་མེད་དོ་བློ་བཟང་མཚན་ཅན་ཞབས། །

སྔོན་བསགས་བསོད་ནམས་རི་བོ་མ་ཟད་ན། །

སྒོ་གསུམ་དང་བས་དད་པའི་ཕྱག་བགྱིའོ། །


རབ་མཛེས་ཕུང་བོ་ཡིད་འོང་ལྷ་ཡི་བྱད།།

བྱིན་རླབས་འབར་བའི་སྙིང་རྗེའི་སྟོབས་རྫོགས་པའི། ། 

སེམས་དཔའ་ཁྱེད་འདྲ་དམིགས་པའི་ཡུལ་ལས་འགོངས།།

ཇི་སྲིད་རྗེས་བཟུང་བྱིན་རླབས་བདག་ལ་གནང་། ། 

གཙོ་སྒྲུབ་ལས་ཁུངས།  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་སྟོན་གཞུང་ལས་ཁང་དང་ཐོན་མིའི་སློབ་ཚོགས་གཞུང་ལས་ཁང་གཉིས་མཉམ་འབྲེལ་སྒོས་སྤེལ། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། pnft བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23603673
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།