དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སྙན་རྩོམ། »དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ།
དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-09-09ལྟ་ཀློག (16777)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སེམས་ཀྱི་མཆོད་པ།


          སྨན་དམིགས་བུས།
གང་སྐུ་མཇལ་བས་ཡིད་ལ་བདེ་སྟེར་ཞིང་།།
གང་གསུང་ཐོས་པས་ཡིད་ཀྱི་མུན་སེལ་བ།།
ཁ་བའི་ལྗོངས་སུ་ཕན་བདེའི་ལམ་སྟོན་པ།།
རྒྱལ་སྲས་སེམས་དཔའ་རྣམ་གསུམ་ཕྱག་གི་ཡུལ།།


ཤེས་རིག་གླིང་དུ་ཤེས་བྱའི་བདུད་རྩི་ཉིད།།
ཐོག་མར་འདྲེན་ལ་དཔའ་བའི་སྙིང་སྟོབས་ཅན།།
གངས་རིའི་ལྗོངས་ཀྱི་སློབ་གསོའི་དེད་དཔོན་ཞེས།།
མཚན་འཛིན་མགོན་པོ་རྣམ་གསུམ་ཡིད་ཀྱིས་གསོལ།།


ཐོག་མ་ཉིད་ནས་བྱམས་བརྩེའི་གཏེར་རྡོལ་ནས།།
ཁ་བ་ཅན་ལ་ལེགས་པའི་ལམ་སྟོན་པ།།
ཟླ་མེད་འདྲེན་མཆོག་ཤཱཀྱའི་སྲས་པོ་སྟེ།།
འགྲོ་བའི་བླ་མ་གསུམ་ལ་གུས་པས་མཆོད།།


ས་ཆེན་གྱི་གཤོག་པ་དཀར་པོ།

མཐར་ཕྱིན་གཉིས་པ། པིར་བ།

མི་ནི་མ་རིག་འཁྲུལ་བ་ཉོན་མོངས་ཀྱི་ཕུང་བོ། །

འཁོར་བའི་མུན་པར་འཁྱམ་པའི་མ་དག་པའི་སེམས་ཅན། །

ལེགས་ཉེས་བླང་དོར་རྨོངས་པའི་དུག་གསུམ་གྱི་ཁམས་སུ། །

མ་ཤེས་མུན་པའི་ནང་དུ་རྦབ་ཆུ་ལྟར་འབབ་དུས། །

ཤེས་རབ་སྒྲོན་མེའི་སྣང་བ་ཕངས་མེད་དུ་སྩོལ་མཁས། །

འགྲོ་བའི་ཐར་ལམ་སྟོན་པ་དུས་གསུམ་གྱི་དགེ་རྒན། །

 

ཉིན་མཚན་མི་ཁོམ་འཇིག་རྟེན་འཁོར་བ་ཡི་ཆོས་ཉིད།།

ནམ་ཡང་ལྡོག་ཏུ་མེད་པ་མི་ཡུལ་གྱི་གྲོང་ནས།།

མི་ཚེའི་དཀའ་སྡུག་མནར་གཅོད་རང་སྟེང་དུ་ལེན་ཞིང་།།

ན་གཞོན་སྟོང་གི་མདུན་ལམ་འོད་སྟོང་གིས་བསུས་པ།།

བཀའ་དྲིན་ཞལ་དུ་མེད་པ་ཉི་ཟླ་ཡི་ཏོག་ཡིན།།

བྱམས་བརྩེ་ལྷག་བསམ་དཀར་བ་དྲིན་ཆེན་གྱི་དགེ་རྒན།།

 

བཅུ་ཕྲག་རིག་གཞུང་ཤེས་བྱ་ཡོན་ཏན་གྱི་གཏེར་མཛོད། །

ཚུལ་བཞིན་ཡང་དག་སློབ་པ་བློ་གྲོས་ཀྱི་སྐྱེས་བུ། །

ལོ་ཟླའི་འཁོར་བསྐྱོད་རིང་མོའི་དར་རྒུད་འདིའི་ཁྲོད་ནས། །

རིག་གཞུང་མར་ཁུ་འདྲ་བོ་མཚོ་མོ་བཞིན་ཡོད་པ། །

རྣམ་དཔྱོད་ཤེས་རབ་མངའ་བ་མེས་པོ་ཡི་གཅེས་ནོར། །

ཐབས་མཁས་སྙིང་སྟོབས་འཛོམས་པ་རླབས་ཆེན་གྱི་དགེ་རྒན། །

༢༠༡༧/༩/༩ཉིན།


དགེ་རྒན་དུས་ཆེན་ལ་ཕུལ་བའི་ཁ་བཏགས།

མཐར་ཕྱིན་གཉིས་པ། མགོ་ལོག་རྟ་མགྲིན།

མི་ཚེ་ལོང་བའི་འཇིག་རྟེན་ཡ་རེ་ང་། །

མི་སེམས་དུག་གསུམ་ས་བོན་ཉོན་རེ་མོངས་། །

མི་ཡི་བཤེས་གཉེན་སྣང་བ་འོད་པོ་ཆེ། །

མི་ཡི་འཁྲུལ་བ་གསལ་འདི་ཡིད་རེ་དད། །

 

དུས་མཐའི་འགྲོ་རྣམས་རང་དོན་ཞེན་རེ་ཆེ། །

གོ་ལ་ཡོངས་སུ་བྱ་ངན་སྣ་རེ་མང་། །

རང་འདོད་རྒྱབ་ཁུག་རལ་བའི་བཤེས་གཉེན་ཚོགས། །

གཞན་དོན་མེ་རུ་མཆོང་བ་ཡིད་རེ་དད། །

 

མིང་གྲགས་དམག་དཔུང་གོ་སར་སྟོབས་རེ་བཙན། །

རྒྱུ་འབྱོར་སྨྱོ་ཆུའི་བཟི་ཁ་ཡིད་རེ་སྡུག །

གྲགས་ནོར་ཆུ་ལ་འཕེན་པའི་བཤེས་གཉེན་སྡེར། །

མགོ་བོ་སྨད་ནས་ཞབས་རྡུལ་ཡང་ཡང་ལེན། །

 

མཐོ་ལ་རེ་བའི་སྲེད་པ་དཔུང་རེ་སྟུག །

དམན་ལ་སྡང་བའི་མེ་ལྕེ་ངར་རེ་བཙན། །

ཆོག་ཤེས་བྲག་སྐྱིབས་ཡུབ་པའི་བཤེས་ཀྱི་སྡེ། །

སྣ་ཚོགས་དཔེ་མང་ཁྲོད་དུ་བག་རེ་ཡངས། །

 

ཉེ་རིང་དབྱེ་བའི་ཐ་སྙད་སྣ་རེ་མང་། །

ཆགས་སྡང་སེམས་བྱུང་དྲི་མ་མུན་རེ་ནག །

ལྟོ་སྐྱ་གོས་ཧྲུལ་བསྟེན་པའི་བཤེས་གཉེན་ཚོགས། །

དུས་ཀུན་གཞན་ཕན་འཛུམ་དཀར་སྙིང་དུ་དྲོ། །

༢༠༡༧/༩/༩ཉིན།


དགེ་རྒན་དུས་ཆེན་ལ་ཕུལ་བའི་སྙན་ཚིག་དད་པའི་སོར་མོས་བརྡུངས་པའི་སྒྲ་དབྱངས།

མཐར་ཕྱིན་དང་བོ།  གསེར་འཇམ་བདེ།

གཞན་ན་མེད་པའི་རབ་ཡག་སྙན་ངག་གི །

རྩོམ་རྩལ་བློ་ལ་འཆར་ཕྱིར་མཚོ་བྱུང་མའི། །

དངུལ་དཀར་སོར་མོས་འཁྱུད་པའི་པི་ཝང་གི །

ཐུན་མིན་གདངས་དབྱངས་སེམས་ལ་འཇུག་པར་སྨོན། །

 

ཕན་དང་བདེ་བའི་ལེགས་ཚོགས་སྨན་གྱི་བཅུད། །

འབྱུང་བའི་ཡིད་བཞིན་བཅུ་ཕྲག་རིག་པའི་ནོར། །

མུན་པའི་མཚོ་ལ་བྱིང་བ་གཡོ་མེད་གྲུས། །

སྐྱོབ་པའི་བཤེས་གཉེན་དམ་པའི་དུས་ལ་འདུད། །

 

བརྩེ་ཆེན་ཆུ་འཛིན་གཡོ་བའི་གནམ་འོག་གི །

གཏིང་ཟབ་ཡེ་ཤེས་ཐུགས་ཀྱི་འོ་མཚོ་ལས། །

བྱུང་བའི་ལེགས་བཤད་རིན་ཆེན་དབང་གི་ནོར། །

བདག་ལ་བསྲིངས་བའི་དགའ་བ་གང་གིས་མཚོན། །

 

བདག་ཡིད་འཛམ་བུའི་གསེར་སྦྱངས་སྤུངས་པའི་རྩེར། །

ཁྱེད་སྐུ་ཉི་མའི་འོད་ཟེར་རབ་གསལ་བས། །

དངུལ་དཀར་ཟླ་བའི་མདངས་དང་ལྷན་ཅིག་ཏུ། །

རྒྱུ་སྐར་གཞན་དག་མི་མངོན་དབྱིངས་སུ་ཡལ། །

 

སྙིང་སྟོབས་དབང་ཕྱོགས་ལྷུན་པོའི་ཕྲག་པ་ནས།།

ལྷག་བསམ་འོད་དཀར་འཕྱུར་བའི་རྦ་རླབས་ཀྱིས། །

རེས་སུ་འཁོར་བའི་ཉི་ཟླའི་ལམ་བཀག་ན། །

ཡངས་བའི་འཇིག་རྟེན་སྨག་གིས་མི་འཛིན་ནམ། །

 

བློ་ཡི་ན་ཚོད་མ་སྨིན་འོད་སྲུང་བདག །

མ་རིག་སྣ་ནམ་བཟའ་ཡིས་འཕྲོག་དོགས་ནས། །

ཁྱེད་སྐུ་བསླུ་མེད་ཆུན་མ་ཚེ་སྤོང་བཟས། །

མར་མེའི་འོད་ཀྱིས་བསྲུང་བར་དྲིན་མི་ཆུང་། །

 

ལྟ་སྤྱོད་བུ་ཡུག་འཚུབ་པའི་གངས་ཁྲོད་དུ། །

གཞན་ཕན་གདོང་ལྔའི་མཆེ་བ་གཙིགས་པ་ན། །

ཝ་མོ་སྟག་ལ་བརྫུས་པ་འགའ་ཞིག་གིས། །

གངས་ཀྱི་གྲང་ངར་མ་བཟོད་ནགས་སུ་བྲོས། །

 

རང་མགོར་མི་ཐོན་མིག་མེད་ལོང་བ་ང་། །

བརྩེ་བའི་སྤྱན་དཀྱུས་འོད་ཀྱིས་འཁྱུད་པ་ན། །

གླིང་བཞིར་སྐོར་བའི་མཁའ་ཡི་ཉི་ཟླ་ཡང་། །

སྣུམ་ཟད་མར་མེ་ཇི་བཞིན་རེ་ཞིག་ཧད། །

 

སྡུག་པའི་བུ་ལ་བརྩེ་བའི་མ་བཞིན་དུ། །

བཅོས་མིན་སྙིང་རྗེ་ཆེན་པོས་བསྐྱངས་བའི་ཕ། །

ད་ལྟ་བགྲེས་པའི་དབུ་དཀར་མཐོང་བའི་མོད། །

ལྷག་པར་དད་པའི་སྤུ་ལོང་སེམས་ལ་གཡོས། །

 

ཁྱེད་སྐུ་གངས་ཀྱི་ཟེགས་མ་སྤུངས་པའི་སྤོར། །

མི་འདོད་ཉེར་འཚེ་ཉི་མའི་ཚ་ཟེར་གྱིས། །

ལུས་ཀྱི་བ་སྤུ་རྐང་གཅིག་གཡོ་བ་ལས། །

ཁོ་བོའི་གློ་སྙིང་བཞུས་ཀྱང་རིན་ཐང་ཅི། །

 

བཅོས་མིན་དད་འདུན་འཕྲོ་མེད་འཕྲོག་པའི་ཤུལ། །

སྟོངས་བར་དོགས་ནས་སྙན་ཚིག་རི་མོའི་མདངས། །

སེམས་ཀྱི་གྱང་ངོར་པིར་གྱིས་བརྐོས་པ་འདི། །

ལན་བརྒྱར་བཀྲུས་ཀྱང་འགྱུར་བའི་དཔེ་སྲིད་དམ། །

༢༠༡༧/༩/༩ཉིན།


དགེ་རྒན་དུས་ཆེན་བསུ།

 མཐོ་གཉིས་དང་བོ། དགེ་མེ་ལྕེ།

ས་གཞི་རིལ་མོ་འདིའི་མཐོ་ས་ན་ལྷབ་ལྷུབ་དུ་སྐྱོད་པའི།

དུས་རབས་ཤིག་གི་དར་ཆ་ཡོད་ལ།

དེ་རུ་དགེ་རྒན་ཟེར་བའི་ཐ་སྙད་མཛེས་པོ་ཞིག

 

ཁྱེད་ཀྱིས་དབྱངས་གསལ་སོ་བཞིའི་ཚེ་སྲོག་བསྐྱབས་མྱོང་ལ།

ཕ་སྐད་གཙང་མའི་མེ་ཁ་གསོས་མྱོང་།

ཉམ་ཐག་པའི་མི་རིགས་ཤིག་ལ།

སྐད་ཡིག་གི་དར་ཆ་བསྒྲེངས་ཡོད་།

 

ཁྱེད་ཡོད་པའི་ས་ཕྱོགས་དེར་འོད་སྣང་ཡོད་ལ།

ཁྱེད་བཞུགས་པའི་གནས་མཆོག་དེ་རུ་ཤེས་རིག་གི་མེ་ཏོག་བཞད་ཡོད།

ཁྱེད་ཀྱི་བྱམས་བརྩེ་དང་ལྷག་བསམ་འཛད་མཐའ་མེད་པས།

དཔག་བསམ་འཁྲི་ཤིང་ཤིག་གི་ལོངས་སྤྱོད་ཀྱིས།

ས་ཆེན་གྱི་སྐྱེ་འགྲོ་མཐའ་དག་ལ་བདེ་སྐྱིད་ཀྱི་གཞིས་ཁྱིམ་བསྐྲུན་སོང་།

 

མཐའ་མེད་པའི་ལྷག་བསམ། 

བརྗོད་དཀའ་བའི་བྱམས་སེམས།

ཁྱེད་ནི། 

ང་ཡི་སྤྱི་གཙུག་ཏུ་བཀུར་འོས་པའི་རླབས་ཆེན་གྱི་རིག་པའི་དེད་དཔོན་དེའོ། །

༢༠༡༧.༩.༡༠


མི་རིགས་ཀྱི་རྣམ་ཤེས་བཏེགས་པའི་དེད་དཔོན།

མཐོ་གཉིས་དང་བོ།  རྨི་འགྲུལ།

དགེ་རྒན་ནི།                                                                  

བརྗིད་ཆགས་ཀྱི་གངས་རི་ཇི་བཞིན་ངའི་རྒྱབ་ཕྱོགས་ན་རྟག་ཏུ་འགྱིང་བའི་སྟོབས་ཤུགས་དེ་ཡིན་ལ།    

དགེ་རྒན་ནི། དྭངས་གཙང་གི་རྫ་ཆུ་ནང་བཞིན་ངའི་སེམས་ངོགས་སུ་ལྷོད་ཀྱིས་བཞུར་བའི་བརྩེ་འདང་དེ་ཡིན།      དགེ་རྒན་ནི།  ཞོགས་གསར་གྱི་ཉི་གཞོན་ལྟར་ངའི་མགོ་ཐོག་ཏུ་ཞི་འཇམ་གྱིས་འཕྲོས་བའི་བྱམས་བརྩེ་དེ་ཡིན།   དགེ་རྒན་ནི།  བཅོ་ལྔའི་དུང་ཟླ་ལྟ་བུའི་དགེ་རྒན་ཁྱེད་ནི་ངའི་མ་རིག་པའི་རྨོངས་མུན་སེལ་བའི་སྒྲོན་མེ་དེ་ཡིན་ལགས།     

དགེ་རྒན་ལགས།  ས་གཞི་ཧྲིལ་བོ་འདི་གཡང་གཟར་གྱི་བྲག་རི་མཐོན་པོ་དེ་ཡིན་ན།   ཁྱེད་ནི་རེ་ལྟོས་ཀྱི་མིག་ཟུང་གཏད་སའི་མཁའ་དབྱིངས་ཀྱི་རྒོད་པོ་དེ་ཡིན་ལ།    

ཇིག་རྟེན་འཁོར་བ་ནི་མཐའ་མེད་པའི་རྒྱ་མཚོ་ཆེན་པོ་དེ་ཡིན་ན། ཁྱེད་ནི་མིའི་རིགས་ཀྱི་མགོན་དུ་གྱུར་པའི་སྙིང་རྗེའི་བདག་པོ་དེ་ཡིན།  

ཁྱེད་ཀྱིས་མི་ཡུལ་ལ་བཞག་པའི་རླབས་ཆེན་གྱི་བྱ་གཞག་ལ་ང་ཚོས་བརྩི་བཀུར་བྱེད་ཅིང་།    ཁྱེད་ཀྱི་སྐུ་དྲིན་རྗེས་དྲན་བྱེད་པའི་དུས་ཆེན་དགའ་བ་འབུམ་གྱིས་བསུ། 

ང་ཚོས་ཁྱེད་ཀྱི་བཀའ་དྲིན་བརྗེད་པ་མི་སྲིད་དེ་བསྐལ་པའི་བར་དུ་བརྗེད་ཀྱང་མི་འོས་སོ། །     

༢༠༡༧/༩/༩ཉིན།


དགེ་རྒན་ལགས།

མཐོ་གཉིས་གཉིས་པ། དཔལ་ལྡན་རྡོ་རྗེ། 

དགེ་རྒན་ལགས། 

ཁྱེད་ནི་མཁའ་དབྱིངས་སུ་འཕྲོས་པའི་གསེར་མདོག་གི་ཉི་འོད་དེ་ཡིན་ལ།

ང་ནི་གསེར་མདོག་གི་ལམ་ཁ་ལ་སྙེག་པའི་བྱེའུ་ཆུང་ཆུང་དེ་ཡིན།

ཁྱོད་ཡོད་པས་ང་ལ་ནམ་ཡང་འཕུར་སྐྱོད་ཀྱི་ཁ་ཕྱོགས་ཡོད་ལ།

ཕུགས་འདུན་གྱི་ལམ་ཁ་ཡང་རྙེད་ཐུབ།

 

དགེ་རྒན་ལགས།

ཁྱེད་ནི་མཁའ་དབྱིངས་སུ་འབབ་པའི་སྦྲང་ཆར་བསིལ་མ་དེ་ཡིན་ལ།

ང་ནི་སྤང་ཐང་ན་བཞད་པའི་མེ་ཏོག་དེ་ཡིན།

ཁྱེད་ཡོད་པས།  ང་ལ་ལང་ཚོ་ཡི་མཛེས་སྡུག་ཡོད་ལ།

ལྷད་མེད་ཀྱི་སེམས་པ་ཡོད།

 

དགེ་རྒན་ལགས།

ཁྱེད་ནི་མཚན་སྨག་གི་ཟླ་བ་དེ་ཡིན་ལ།

ང་ནི་མཐའ་འཁོར་ན་གནས་བའི་སྐར་མ་དེ་ཡིན།

ཁྱེད་ཡོད་པས།  ང་ལ་ནམ་ཡང་བདེ་སྐྱིད་ཡོད་ལ།

དྲོད་ཁོལ་ལྡན།   ད་དུང་་་་་་་་་་་་་་།       

 ༢༠༡༧/༩/༩ཉིན།


རྨ་ཆེན་གངས་འདབས་ཀྱི་རླུང་བུ།

མཐོ་གཉིས་གཉིས་པ། ཀླད་ཁུ།  

རྨ་ཆེན་གངས་འདབས་ཀྱི་རླུང་བུ་ནི་

མེ་ལྕེ་ལྷབ་ལྷབ་མཆེད་པ་དང་འདྲ་བར་གཡུགས

ཁྲ་ལམ་ལམ་གྱི་ཁ་དོག་དང་འདྲེས་ཏེ་ཤུགས་ཀྱིས་རྒྱུ

རྩྭ་ཐང་དུ་བསྐྱོད་པའི་རླངས་འཁོར་གྱི་ཆོམ་སྒྲ་དང་འགྲོགས་ཏེ་འདར

གནའ་སྔ་མོའི་གཏམ་རྒྱུད་རྫས་འགྱུར་གྱི་ཁ་རླངས་དང་བསྲེས་ཏེ་འབར

རླུང་བུ་དེ་འགྲམ་ཁུགས་སུ་བཞུར་དུས    ཁེར་རྐྱང་གི་མེ་ཏོག་རྡོ་ལ་སྐྱེས

གྲམ་ཐང་ནས་མགོ་བོ་ཡར་དགྱེས་པའི་རྟ་བོ་དཀྲོག་དཀྲོག་བྱེད་མཁན་དག་གིས

རྡུལ་འཚུབ་ཀྱི་རྗེས་སུ་བསྙེགས་པའི་རྨིག་སྒྲ་འབྱིན

 

གསེར་གྱི་རླུང་བུ་དེ་འགྲམ་ངོགས་སུ་འཁྱིལ་བས

ངས་རྨ་ཆེན་གངས་འདབས་ནས་དཀོན་མཆོག་ཐེངས་གསུམ་དྲན

དཀོན་མཆོག་དྲན་པའི་ང་རང་ཐེངས་བརྒྱ་རུ་དྲན

ང་རང་དྲན་ཐེངས་རེར་མི་རིགས་ཤིག་གི་དུས་རབས་དྲུད་དེ

མཚན་མོའི་དཀར་ངོགས་ནས་ལྷ་སར་ཐེངས་གསུམ་དུ་བལྟས་པ་དང་འདྲ།

 

ལམ་གྱི་རྡུལ་འཚུབ་ལས་གསལ་ལ་མི་གསལ་བར་མངོན་པའི་ལམ་ལས་པ

ཡང་ན་ཚ་བས་བཀབས་པའི་ས་སྐོར་འཁོར་དང་ས་སྐྱེལ་འཁོར

རྩྭ་ཐང་གི་མེ་ཏོག་དག་མགོ་ལྕོག་ལྕོག་ཏུ་བསྒུལ་ཞིང

སྒོ་ཁྱི་དང་བེའུ་ཆུང་ལུ་གུ་བཅས་ཀྱི་རྩེད་བྲོ་ལ་སྨུག་པ་བྲིས

རོ་སྐྱེལ་སའི་མིང་ལ་དུར་ཁྲོད་ཟེར་བ་བཞིན

རླུང་བུ་དེའི་ནང་དུ་མི་རྐང་ཞིག་རྣ་བར་གཟན་པར་འབུད།  

༢༠༡༧/༩/༩ཉིན།


བསྟོད་ཚིག་མེ་ཏོག་གི་འཕྲེང་བ།

མཐོ་གཅིག་གཉིས་པ། གཙང་དགོན།  གསང་སྔགས་རྒྱ་མཚོ།

བཅུ་ཕྲག་རིག་པའི་མཁྱེན་རྒྱ་རབ་གསལ་ཞིང་། །

གཞུང་ལུགས་ཐོས་བསམ་སྒོམ་པར་གཞོལ་བ་ཡི།།

ཆོས་སེམས་བྱིན་རླབས་མངོན་པའི་བཤེས་གཉེན་ལ། །

དད་གསུམ་ཤིས་ཚིག་སྟོང་གིས་མཆོད་པ་འབུལ། །

 

གཞན་ཕན་འོད་ཟེར་སྟོང་གི་མཐུ་འོག་ན། །

རིག་པའི་དཔུང་ཚོགས་གྲོགས་ཀྱི་འདབ་སྟོང་རྒྱས། །

འགྲན་བྲལ་བཤེས་གཉེན་ཉིན་བྱེད་མགོན་པོ་ལ། །

དད་གསུམ་ཤིས་ཚིག་སྟོང་གིས་མཆོད་པ་འབུལ། །

 

གཞུང་བརྒྱའི་དཀའ་གནད་འབྱེད་ལ་ཐོགས་མེད་ཅིང་། །

མདོ་རྒྱུད་མན་ངག་ཀུན་གྱི་ཉིང་བཅུད་མཆོག །

མདོ་སྔགས་ཟུང་དུ་འབྲེལ་བའི་སྐྱབས་མགོན་ལ། །

དད་གསུམ་ཤིས་ཚིག་སྟོང་གིས་མཆོད་པ་འབུལ། །

 

བྱམས་བརྩེ་ཆུ་འཛིན་འཁྲིགས་པའི་ལྷ་ལམ་ནས། །

ལེགས་བཤད་བདུད་རྩི་སྟོང་གི་དཔལ་སྟེར་ཞིང་། །

གནས་འདིའི་དཔྱོད་ལྡན་རིགས་སྨྲའི་མགོན་པོ་ཆེར།།

དད་གསུམ་ཤིས་ཚིག་སྟོང་གིས་མཆོད་པ་འབུལ། །

 ༢༠༡༧ལོའི་ཟླ་༩བའི་ཚེས་༡༠ཉིན།


དད་སེམས་སྤྲིན་གྱི་ལྷ་དར།

   མཐོ་གཅིག་གཉིས་བ།  བློ་བཟང་རྒྱ་མཚོ། 

ཁྱེད་ནི་ང་ཡི་མཐོན་མཐིངས་མཁའ་དབྱིངས་སུ། །

སྟོང་གསུམ་གསལ་བའི་འོད་ཀྱི་ཐིག་ལེ་ཞིག ། 

མ་རིག་རྨོངས་པ་དྲུངས་ནས་འབྱིན་མཁས་པ། །

སངས་རྒྱས་ཐུགས་དངོས་བླ་མར་ཕྱག་འཚལ་ལོ། །

 

གནས་བཅུའི་གཞུང་ལུགས་པདྨའི་ཟེའུ་འབྲུ་དགོད། །

ལྷག་བསམ་ཉི་ཟླའི་འོད་སྣང་ཕྱོགས་མཐར་རྒྱས། །

བཀའ་དྲིན་གཞལ་མེད་དྲིན་ལྡན་སློབ་དཔོན་ལ། །

སྒོ་གསུམ་དད་ཅིང་གུས་པས་ཕྱག་བགྱིའོ། །

 

མི་རྟག་སྒྱུ་འཕྲུལ་གར་གྱི་བཙོན་ར་འདིར། །

ལམ་སྟོན་རིན་ཆེན་བཀའ་སློབ་གནང་མཛད་ཅིང་། །

གཞུང་ལུགས་འཆི་མེད་བདུད་རྩིའི་བཅུད་སྟེར་བ། །

བསླབ་གསུམ་མཛོད་འཛིན་ཞབས་ལ་ཕྱག་འཚལ་ལོ། །


ཁྱེད་སྐུ་རྟ་བདུན་དབང་བོ་མཁར་འཕགས་ཏེ།།

དུག་ཅན་ཀུ་དུམ་འདབ་མོའི་ཁ་སུམ་ཡང་། །

གུས་འདོད་སེམས་ཀྱི་པདྨོ་འདབ་བརྒྱ་བ། །

ཆེས་ཆེར་བཞད་དེ་རྩེད་དགའ་འབུམ་ཕྲག་རྒོད། །

༢༠༡༧/༩/༩ཉིན།


ང་ཡི་སློབ་དཔོན

མཐོ་གཅིག་དང་བོའི་དཔལ་མགོན།

དགེ་རྒན་དུས་ཆེན་ལ་འཛིན་བདག་དགེ་རྒན་བཀའ་དྲིན་ཅན་བླ་ནག་པ་སྐལ་ལྡན་རྒྱ་མཚོ་ལ་ཕུལ་བ།

ངས་འདི་ནས་ང་ཚོའི་སློབ་གྲྭ་བཟང་རབས་དང་དགེ་རྒན་དག་སྟོབས་རབས་བཤད་བསམ་གྱིན་མེད་མོད།   འོན་ཀྱང་ཁྱོད་ཚོ་བོད་ཡིག་ལ་དགའ་མཁན་ནམ་ཡང་ན་རྩོམ་རིག་སྒྱུ་རྩལ་ལ་དགའ་མོས་ཡོད་མཁན་ཞིག་ཡིན་ཚེ་ཁྱོད་ཚོསབླ་ནག་པ་སྐལ་ལྡན་རྒྱ་མཚོའམ་གཟི་མིག་གསུམ་པཟེར་བ་དེ་ཕལ་ཆེར་ངོ་ཤེས་རྒྱུ་རེད།    ཚེ་འདིའི་བསོད་ནམས་བཟང་བོས་ཁོང་ནི་ངེད་བསྟན་སྲུང་འཛིན་གྲྭའི་འཛིན་བདག་དགེ་རྒན་ཡིན་པར་མ་ཟད་བདག་ལ་ཀ་ཁ་ནས་མགོ་བརྩམས་ཏེ་བོད་ཡིག་ཁྲིད་མཁན་དེ་ཡང་ཁོང་ཡིན།   སྐར་མ་ཐུག་བླངས་ནས་དངོས་གཞི་འཛིན་གྲྭར་ཞུགས་མཁན་སློབ་མ་ང་ལྟ་བུ་ཞིག་ལ་མཚོན་ནས་བཤད་ན་ཡང་ཁོང་གི་བཀའ་དྲིན་གྱིས་མི་ལོ་གསུམ་གྱི་རང་ལ་ང་ལ་བོད་ཡིག་ཁྲིད་ནས་རང་སློབ་གྲྭའི་གྲལ་ནས་བྱ་དགའ་འགའ་རེ་ལོན་པར་མ་ཟད་དུས་དེབ་དང་ཚགས་པར་འགའ་རེའི་སྟེང་ལ་བོད་ཡིག་གི་རྩོམ་འགའ་རེ་བཀོད་ཐུབ་པ་དེ་ཡང་ཁོང་གི་བཀའ་དྲིན་གང་ནས་མ་ཡིན་ནམ།   ཁོང་གིས་ངེད་ཀྱི་འཛིན་གྲྭའི་ཆེད་དུ་རང་གི་བུ་ཕྲུག་སྨན་སྟོན་བྱེད་པར་མ་ཁོམ་ནས་ཚེ་སྲོག་ཀྱང་ཤོར་བར་མ་ཟད་ཆུང་མ་ཡང་ཕ་ཡུལ་དུ་བཞག་ནས་དགུང་ལོ་བདུན་ཅུར་སོན་པའི་ཕ་མ་གཉིས་གཉོར་དུ་བཅུག་པ་དང་།     བུ་ཆུང་པང་དུ་བཟུང་ནས་ངེད་ཚོ་ལ་སློབ་ཁྲིད་དེ་ནས་ལོ་གསུམ་ཀྱི་རིང་ལ་ཉིན་གཉིས་མ་གཏོགས་སློབ་ཁྲིད་གཅིག་ཀྱང་ཆད་མ་མྱོང་ངོ་། ། ད་དུང་སློབ་མ་ཚོའི་ཆེད་དུ་སེམས་ཁྲལ་བྱས་ནས་ཉིན་མཚན་ཀུན་ཏུ་ང་ཚོ་མིག་འོག་ནས་འབོར་གྱིན་མེད་པར་མ་ཟད་དབྱར་གནང་དགུན་གནང་སྐབས་ངེད་ཚོ་དགེ་སློབ་རྣམས་རང་རང་སར་སོང་ནས་ངལ་གསོ་བྱེད་སྐབས་ཀྱང་དགེ་རྒན་ཀྱིས་ང་ཚོས་ཅི་ཞིག་བྱེད་ཀྱིན་ཡོད་པར་རྒྱུན་དུ་བལྟས་ནས་ཡོད།    དགེ་རྒན་རྙེད་དཀའ་བའི་དུས་སྐབས་འདི་དག་ལ་དགེ་རྒན་འདི་ལྟ་བུ་ཞིག་ལ་ཕྲད་པ་ནི་ཚེ་གང་གི་བསོད་ནམས་ཆེ་ཤོས་དེ་ཡིན་པར་སེམས།   རྒྱུ་མཚན་དེའི་དབང་གིས་བདག་གིས་ཀྱང་ཕ་ཡུལ་དུ་འགྲོ་སྐབས་ཀྱང་ཕ་མ་དང་ཡུལ་མི་ཡོངས་ལ་ང་ཚོའི་དགེ་རྒན་ལས་ལྷག་པའི་དགེ་རྒན་ཞིག་མེད་པར་ནམ་རྒྱུན་བཤད་པ་ཡིན།  ཡུལ་མི་དང་ཕ་མ་སོགས་ཀྱིས་ཀྱང་ང་སློབ་གྲྭར་སོང་ནས་མི་གཤིས་དང་ཀུན་སྦྱོད་སོགས་ཅུང་ཇེ་བཟང་དུ་སོང་ཡོད་ཀི་ཟེར་མཁན་ཡང་གཅིག་གཉིས་ཙམ་མ་ཡིན་པ་དེ་ཡང་དགེ་རྒན་གྱིས་བཀའ་དྲིན་ཡིན་པ་བརྗེད་མེད་མི་རུང་ངོ་། །བདག་ལྟ་བུར་མཚོན་ན་སྔོན་ཆད་སློབ་གྲྭར་མ་ཡོང་སྔོན་དུ་འཛིང་ནོག་དང་གཉེན་ཉེ་སོགས་ལ་སྡང་མིག་ལྟ་བ་ཡང་མང་ཤོས་ཡིན་མོད།  དགེ་རྒན་བཀའ་དྲིན་ཅན་དང་ཕྲད་པ་ནས་ནང་འཛིང་གཅིག་ཀྱང་མ་བྱས་པ་དེ་ཡང་དགེ་རྒན་གྱི་བཀའ་དྲིན་ཡིན་ནོ།  ། མི་ཆ་མེད་ཅིག་གིས་མིག་ལོག་ཅིག་བལྟས་ན་ཡང་སེམས་ན་སྐྱིད་པོ་ཞིག་མིན།  འོན་ཀྱང་དགེ་རྒན་བཀའ་དྲིན་ཅན་གྱིས་ང་དམའ་གཅིག་སྐབས་བྱེད་འབྲེལ་གྱི་ཁྱད་པར་ཞིག་ནོར་བས་འགྲམ་ལྕག་ཅིག་གཞུས་པ་དེས་ངའི་སེམས་ཁོང་མཆི་མས་གང་ནས་རང་དབང་མེད་པར་མིག་ཆུ་ཤོར་སོང་།  སློབ་གྲོགས་ཚོ་དགོད་ཞོར་ཁོ་བོར་ཁྱོད་ལ་བསྲན་ཁ་མེད་ཀ་ཟེར།  འགྲམ་ལྕག་ཞིག་གཞུས་པ་ནི་ངས་བསྲན་ཐུབ་པ་ཁྱེད་ཚོར་མ་བཤད་ཀྱང་ཤེས་ངེས།  འོན་ཀྱང་ངས་དགེ་རྒན་གྱིས་ང་ལ་འགྲམ་ལྕག་གཞུ་སྐབས་ང་རང་ཁྲེལ་མེད་ཅིག་རེད་བསམས་ནས་མིག་ཆུ་ཤོར་བ་དེས་ངའི་སློབ་སྦྱོང་ལ་སྐུལ་ལྕག་བྱས་པ་བཤད་མ་དགོས་སོ། །བདག་གིས་ཀྱང་ཁ་འདོན་བྱེད་སྐབས་དང་དགོན་པ་རེར་མཇལ་སྐབས་ཀྱང་དགེ་རྒན་བཀའ་དྲིན་ཅན་དང་ཕ་མ་གཉིས་ལ་བར་ཆད་མེད་པར་སྨོན་འདུན་དུས་རྒྱུན་ཞུ་བཞིན་ཡོད།   དེ་ནི་བདག་གི་འོས་འགན་ཅིག་ཀྱང་ཡིན།    ཁ་ཅིག་གིས་རྭ་རྒྱའི་སློབ་གྲྭ་ནས་སྦྱང་དེབ་ལས་དཔེ་ཀློག་བྱས་ན་མི་ཆོག་པ་སོགས་མང་པོ་བཤད་ཀྱིན་འདུག  དེ་ནི་ཁྱེད་ཚོས་ཁང་བ་ཞིག་གི་ནང་ན་རྒྱུ་ནོར་གང་ཡོད་ནང་དུ་མ་སོང་བར་ཕྱི་ནས་ཁང་པ་འདིའི་ནང་ན་རྒྱུ་ནོར་གཅིག་ཀྱང་མེད་ཀི་ཟེར་བ་དང་མཚུངས་སོ། །  ང་ཚོའི་སློབ་གྲྭ་རུ་དཔེ་ཀློག་བྱེད་ཆོག་པར་མ་ཟད་<སྒྲ་བསྒྱུར་གཙུག་ལག་ཁང>དུའང་དཔེ་ཆ་ཁྲི་ཕྲག་ཡོད་པས་ངེད་ཚོས་ནམ་ལྟ་འདོད་ན་བལྟ་ཆོག་གོ །  ཡང་བསམ་མི་ཤེས་པའི་མི་འགས་ངས་རང་གི་འཛིན་བདག་དགེ་རྒན་ལ་བསྟོད་བསྔགས་བྱས་འདུག་བསམ་ན་ཐང་མོད། དངོས་ནས་དེ་ལྟར་མིན་པ་ནི་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་སློབ་ཡོངས་ཀྱིས་ཤེས་སོ། །   མཇུག་མཐར་དགེ་རྒན་མཆོག་གིས་སྐུ་ལུས་ལ་བར་ཆད་མེད་པའི་སྨོན་འདུན་ཞུ་ཞུ།

༢༠༡༧/༩/༩ཉིན།


ཁྱེད་ཀྱི་ཕྱི་ནང་།

མཐོ་གཅིག་དང་བོ། ཉི་མ་འོད་ཟེར།

ཐུགས་རྒྱུད་གངས་རི་དཀར་བོ་ལ། །

བྱམས་བརྩེ་ཉི་མའི་མདངས་ཤིག་ཡོད། །

སྤྱན་ཟུང་ཨུཏྤལ་གཡོ་བ་ལ། །

མདུན་རྒྱབ་མཐོང་བའི་མིག་ཤེལ་ཡོད། །

 

བརྩོན་པའི་རི་ལ་རྒྱུན་ཞིག་གདའ། །

རྒྱུན་དེར་རྨ་ཆའི་ཉམས་ཤིག་ཡོད། །

ཤེས་རབ་སྤུ་གྲིའི་སོ་ཁ་ལ། །

མུན་པ་གཏོར་བའི་འོད་ཅིག་ཡོད། །

 

ཚུལ་ཁྲིམས་སྨན་གྱི་འཁྲི་ཤིང་ལ། །

འགྲོ་དྲུག་དཀྲོག་པའི་དྲི་ཞིག་ཡོད། །

བཟོད་པ་རྣོ་ལྕགས་ངང་ལུགས་ལ། །

བསམ་གཏན་བཞུས་པའི་ངར་ཞིག་ཡོད། །

 

ཉམས་ཆུང་སྐྱབས་མེད་མགོན་མེད་ལ། །

མི་ཚེ་སྦྱིན་པའི་སྙིང་ཞིག་ཡོད། །

རྩམ་དྲི་བྲོ་བའི་རུས་གསེང་ན། །

མཐོན་པོར་བཏེགས་པའི་ཕྱག་ཅིག་ཡོད། །

 

ཁྱེད་ཀྱི་དབུ་སྐྲ་རེ་རེ་ལ། །

སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ཡོད། །

བྱམས་ལྡན་བོད་མའི་སེམས་ཁོང་ན། །

དྲིན་ཆེན་ཕ་མའི་འདང་ཞིག་ཡོད། །

 

ཁྱེད་སྐུ་སྤྲིན་དཀར་འདབ་མ་ནི། །

གངས་རིའི་མཁའ་ལ་རྒྱུ་བ་ཡིས། །

རྨོངས་འཐོམ་ཚ་བའི་ཕུང་བོ་ལ། །

བསིལ་བསིལ་ཆར་ཞིག་བསྩལ་ལ་གུས། །


ཁྱེད་གསུང་ལྔ་སྒྲའི་ཏིང་གླིང་གིས། །

གཉིད་ལ་འཁྱུད་པའི་དུར་བྱའི་ཚོགས། །

ཡངས་པའི་ཐང་ལ་བདས་པ་དེར། །

ཐུབ་པ་ཡིན་ཡང་འགྲམ་ཆུ་འཐོར། །

 

ཁྱེད་ཐུགས་དྭངས་ཞུན་ཡེ་ཤེས་ཀྱིས། །

གདུལ་བྱའི་སྣང་བའི་བུ་ག་ལ། །

ཐར་བའི་ས་བོན་འདེབས་མཁས་པར། །

བྱང་འཕགས་ཀྱིས་ཀྱང་འགྲན་བཟོད་དམ། །

 

ཡིག་འབྲི་འགའ་ཡི་ཕྲག་ཤིང་གིས། །

ཁྱེད་ཀྱི་གཟི་བྱིན་འདེགས་མིན་ཡང་། །

མཆོད་རྐོང་ཁ་ཡི་སྤུ་ཉག་ཙམ། །

གདན་འདིར་ཕེབས་པ་འགོག་མ་སྤོབས། །

༢༠༡༧/༩/༩ཉིན།


ས་སྨྱུག་རྐང་གཅིག

ནང་ཆེན།  ལྷ་བུ་བློ་དཀར།  

དེ་རིང་དགེ་རྒན་དུས་ཆེན་རེད་ཟེར་ཚང་མས་འུར་བཞིན་འདུག  དགེ་རྒན་ནི་ཡང་སྙིང་ཅི་འདྲ་ཞིག་ཡིན་ནམ། ངས་གློ་བུར་དུ་རང་གི་ཕུ་བོ་དགེ་རྒན་ཞིག་གིས་བཀོལ་བའི་དྲ་མིང་དེ་དྲན་བྱུང་།  ཁོང་ནི་ངའི་ཕ་གཅིག་གི་ཕུ་བོ་ཡིན་ལ། ད་བར་ཁུལ་མི་རིགས་སློབ་འབྲིང་གི་དགེ་རྒན་ཡིན། ཁར་ཉིན་ཁོང་གི་སྐད་འཕྲིན་གྱི་དྲ་མིང་ངམ་པིར་མིང་གི་དོད་དུ་ས་སྨྱུག་རྐང་གཅིག་ཞེས་བྲིས་པ་ཞིག་འདུག འདི་ནི་ཕར་ཆེར་ཁོང་དགེ་རྒན་གྱི་ལས་ཀར་ཞུགས་ནས་མི་ལོ་བཅུ་ཕྲག་ལྷག་གི་ཉམས་མྱོང་དང་རང་ཉིད་ལ་བཞག་པའི་སྡོམ་ཚིག་གལ་ཆེན་ཞིག་ཡིན་པ་འདྲ། 

ཞོགས་པ་རེ་རེ་བཞིན་ཁྱོད་ནི་འབྲོག་ཁྱིམ་གྱི་བདག་མོ་ཞིག་དང་འདྲ་བར་ཁ་སང་གི་གོམ་པའི་རྗེས་དེད་དེ་རིང་ཡང་བསྐྱར་འགྲོ་དགོས་ལ།  ཁྱོད་ཀྱིས་དེ་སྔོན་རང་ཉིད་སློབ་ཁང་ཆ་ཡོད་ཅིག་གི་སྒོ་འགྲམ་ནས་ནས་ཡར་མར་ཅི་ཙམ་སོང་ཟིན་པ་དངོས་གནས་དྲན་པར་དཀའ།  འོན་ཀྱང་ད་ལྟ་ཁྱོད་རང་བསྐྱར་ཟློས་ཀྱི་གོ་རིམ་འདི་ལ་ལོབ་ཟིན་པས་འབྲལ་ཐབས་མེད་པའི་ཉིན་རྒྱུན་གྱི་འཚོ་བའི་གོམ་གཤིས་སུ་བརྩིས་ཡོད་པ་འདྲ།

དེ་རིང་ངས་དགེ་རྒན་ཞེས་པ་མུན་སེལ་གྱི་སྒྲོན་མེ་དང་ཉི་ཟླ།  ཕ་མ་གང་གི་དཔེ་རུ་འཇོག་མི་འདོད་པར།   དགེ་རྒན་ནི་ཁོང་རང་གི་ཕྱག་ཏུ་བཟུང་ཡོད་པའི་ས་སྨྱུག་རྐང་གཅིག་ཡིན།  ཁོང་པས་སློབ་གསོ་ཞེས་པའི་ཡིག་འབྲུ་གཉིས་ཀྱི་དོད་དུ་སྐྱེ་བོ་སྒེར་ལ་དབང་ཆོག་ཆོག་གི་ན་ཚོད་མང་བོ་ཞིག་བྲིས་ནས་ཚར་ལ་ཉེ་ཡོད་ཅིང་། ཤུལ་དུ་འབྲི་ཆོག་ཆོག་གི་འཕྲོ་མ་ག་ཙམ་ལྷག་ཡོད་པའང་བཤད་ཐབས་ཟད་ཀྱང་།  ད་དུང་མུ་མཐུད་དེ་འབྲི་ངེས་ཡིན།    བྲིས་ནས་མ་ཚར་གྱི་བར་དུ་་་་་་་་་

སྐབས་ལན་རེར་ཁྱོད་ཀྱི་མིག་མདུན་དུ་ལྷག་པའི་རྣམ་རིག་དང་པྲ་ཚགས་གཉིས་འདྲེས་ཀྱི་མིག་མདངས་མང་བོ་ཞིག་མཐོང་ཡོང་ན།  གློ་བུར་དུ་དགའ་སྐྱོ་གང་ཡིན་མི་ཤེས་པའི་ཚོར་བ་ཞིག་སྐྱེ་ངེས་ལ། སྤོབས་སེམས་དང་ང་རྒྱལ་གྱི་མགོ་བོ་ཅུང་ཙམ་དགྱེ་ཆོག་ངེས་ཏེ།  ཁོང་ཚོ་ནི་ཁྱོད་ཀྱི་མི་ཚེའི་ས་སྨྱུག་རྐང་གཅིག་གིས་བྲིས་པའི་ཡིག་འབྲུ་དང་།  གཏན་དུ་ཕྱིར་ཡོང་མེད་པའི་ཉིན་ཞག་རེ་རེའི་ཟིན་ཐོ་ཡིན།  ད་གཟོད་ཁྱོད་ཀྱིས་རང་ཉིད་ལ་རྒས་གཉེར་ག་ཙམ་སླེབས་ཟིན་པ་ཁོང་ཚོའི་ངོ་གདོང་ལས་མཐོང་ཆོག་ལ།   ཁོང་ཚོའི་འཚར་ལོངས་ཀྱི་ལོ་ཟླའི་དཔང་པོ་རང་ཉིད་ཡིན་པ་ཚོར་ངེས་ལགས། སློབ་བུ་དག་ལ་མཚོན་ན་སློབ་གྲྭ་དང་སློབ་ཁང་།  སྒོ་སམ་སོགས་ནི་སྤྱི་མིང་ཞིག་ཡིན་པས། གཅིག་ནས་མཐར་ཕྱིན་རྗེས་གཉིས་འགྲིམ་ངེས་ཡིན་ལ།  གཅིག་ནས་སྤོར་ཏེ་གཉིས་ལ་འགྲོ་ཆོག   ད་དུང་གཅིག་ཚར་ན་གཅིག་ཉོ་ཆོག    དགེ་རྒན་ཟེར་བའང་དེ་བཞིན་ཡིན།    རེད་དེ་དགེ་རྒན་ཞིག་ལ་མཚོན་ན་ཁྱོད་ཀྱི་མི་ཚེ་གང་བོ་དཔེ་དེབ་དང་ས་སྨྱུག་བར་ནས་སོང་ཟིན་པས་ད་ནི་ན་ཚོད་ཀྱི་ལྭ་བ་གསར་པ་ཞིག་གང་ནས་ཉོ་འམ།

སྤྱིར་ཡིན་ན་ངས་ལྷུག་རྩོམ་འདི་རིང་བོ་ཞིག་འབྲི་རྩིས་ཡིན་མོད། མཚམས་འདིར་སླེབས་དུས་ངས་དངོས་གནས་མུ་མཐུད་དུ་དགེ་རྒན་དང་འབྲེལ་བའི་དོན་དག་མང་བོ་ཞིག་བསམ་མི་ཕོད།   ད་ལྟ་ངའི་ཡིད་ངོར་འདས་དོན་གྱི་རི་མོ་ཞིག་ལས་ཅི་ཡང་ལྷག་མི་འདུག    གལ་ཏེ་ངས་རི་མོ་འདི་ཤོག་ངོར་ཕབ་ཤེས་རྒྱུའི་དབང་དུ་བཏང་ན།   མིན།  ངས་ནམ་ཞིག་འབྲི་ཤེས་པར་བྱེད་ངེས་ཡིན།

སྒོ་སམ་ནག་པོ་ཞིག་གི་འགྲམ་དུ་གཟུགས་རིང་ལ་ངོ་གདོང་ཅུང་ཟད་ནག་ལ་རིད་པ། གཉེར་རིས་ཀྱི་རིམ་པ་བརྩེགས་པའི་འོག་ན་བྱམས་བརྩེའི་མདངས་མངོན་པའི་སྤྱན་མིག་ཆ་གཅིག  ད་དུང་འཛུམ་མུལ་མུལ་གྱི་ཞལ་སྒོ་ནས་ཅི་ཞིག་བཤད་རྩིས་བྱེད་བཞིན་སྐྱེས་པ་ཞིག་གིས་ལག་ན་ས་སྨྱུག་ཟད་པོ་ཞིག་བཟུང་ནས་ལངས་ཡོད་ལ།  ལག་པའི་མཛུབ་མོ་རེ་རེ་བཞིན་ས་སྨྱུག་མདོག་གིས་ཟོས་ཟིན་པས་ད་ད་དངོས་གནས་སྡོང་རྒན་སྐམ་པོ་ཞིག་གི་ཡལ་དང་མཚུངས།   སྒོ་སམ་གྱི་ངོས་ན་བྲིས་ནས་བསུབ་ཅིང་།  བསུབ་ནས་བྲིས་པའི་རབ་རིབ་ཀྱི་ཡིག་འབྲུ་མང་བོ་ཞིག་རྗེས་ཤུལ་མངོན་པ་ནི་ཁོང་གི་མི་ཚེ་གང་བོའི་གཏམ་རྒྱུད་ཡིན་པ་འདྲ།  ༢༠༡༧ལོའི་ཟླ་༩པའི་ཚེས་༡༠ཉིན་རང་ཁྱིམ་ནས་བྲིས།


སློབ་དཔོན་དམ་པའི་མཛད་རྗེས་ལ་བསྔགས་པ་རིག་བྱེད་དབྱངས་ཀྱི་འགྱུར་ཁུགས།

ངག་དབང་ཤེས་རབ།

ཟླ་ཤེལ་ལྗོན་པ་དབང་པོའི་གཞུ་རིས་ཀྱིས། །

འཁྱུད་པའི་ཉམས་ཀྱིས་འགྱིང་བའི་ཚངས་སྲས་མ། །

ངག་རིག་སྦྲང་རྩིའི་ངད་ཁ་ལྡང་བའི་ཆར། །

བརྩེ་ཆེན་ཆུ་འཛིན་ཀློང་ནས་འཇོ་བར་མཛོད། །

ལྷག་བསམ་སྤྲིན་ཕུང་རྣམ་དཔྱོད་གློག་གིས་འཁྱུད། །

མཁྱེན་པའི་སྤྱན་དཀྱུས་ཉི་ཟླའི་འོད་ཀྱིས་བཅིངས། །

གངས་རིའི་ལྗོངས་ཀྱི་སློབ་གསོའི་ཤིང་རྟ་བ། །

འཇིགས་མེད་རྒྱལ་མཚན་བྱང་ཆུབ་བར་དུ་མཆོད། །

སྐད་ཅིག་རེར་ཡང་དོན་གཉིས་རླབས་ཀྱི་ཕྲེང་། །

འགོག་མེད་མཁའ་ལ་འཕྱུར་བའི་རྩེད་དགའ་ཅན། །

གང་གི་ལེགས་མཛད་ཛ་ཧུ་བུ་མོའི་ཀླུང་། །

བདག་འདྲའི་བློ་ཡི་ཡུར་བར་ག་ལ་ཤོང་། །

དེ་ལྟ་ན་ཡང་དད་པའི་རླུང་ཤུགས་ཀྱིས། །

ཡིད་ཀྱི་འོ་མཚོ་དྲག་ཏུ་སྐྱོམ་པས་ན། །

བསྔགས་བརྗོད་པད་མ་དཀར་པོའི་རླབས་ཀྱི་ཕྲེང་། །

དབང་མེད་མགྲིན་པའི་ལམ་ནས་ཐོལ་གྱིས་རྡོལ། །

གང་ཉིད་མཚོ་སྔོན་མི་རིགས་སློབ་ཆེན་ནས། །

ཀུན་གཟིགས་བཅུ་པའི་ཞལ་གསུང་མྱོང་ཙམ་གྱིས། །

སྔོན་གོམས་བག་ཆགས་སད་པའི་རྟེན་འབྱུང་གིས། །

གངས་རིའི་སློབ་གསོ་སྤེལ་བའི་གཡར་དམ་བཅས། །

འཕོ་འགྱུར་སྤྲིན་ནག་འཕྱོ་བའི་རླབས་རིས་ཀྱིས། །

ཤེས་རིག་ཟླ་བའི་རང་ཞལ་སྒྲིབ་པའི་ཚེ། །

སྙིང་སྟོབས་རླུང་གི་ཤིང་རྟའི་འཕྲུལ་འཁོར་གྱིས། །

གངས་རིའི་སྲོག་ཤིང་ཁྱོད་ཉིད་གཅིག་པུས་འདེགས། །

ཐོབ་དང་གོ་ས་སྨིག་རྒྱུའི་མཆོད་ཡོན་དང་། །

མཛའ་བོར་བསྡེབས་པའི་ངང་ཚུལ་ལྟ་ཅི་སྟེ། །

ཐ་ན་རང་གི་ཐོས་བསམ་འཕྲོ་བཅད་ནས། །

རིགས་ཀྱི་ཆེད་དུ་སློང་མོའི་རྟུལ་ཞུགས་བླངས། །

སྙིང་སྟོབས་གཡོ་བ་མེད་པའི་ལྷུན་པོའི་ངོས། །

ལྷག་བསམ་ཟླ་ཤེལ་སྲད་བུས་དམ་བཅིངས་པས། །

དམངས་སྒོར་སུམ་སྟོང་ཙམ་གྱི་མ་དངུལ་ལས། །

མི་རིགས་སློབ་གསོ་སྤེལ་བའི་ཉེར་བསྡོགས་བརྩམས། །

དགེ་ལེགས་མཚན་མ་བཀྲ་བའི་དུས་བཟང་སྟེ། །

རིག་བྱེད་སྲད་བུར་གཏེར་དང་བུ་གའི་གྲལ། །

རི་དྭགས་མཚན་མས་སྤུད་པའི་ཤིང་ཁྱི་ལོར། །

ཤེས༵་རི༵ག་ནོར༵་བུའི༵་སྤུངས་པའི་སློ༵བ་གླིང༵་བསྐྲུན། །

༡༠

དེ་ནས་བགྲང་བྱ་བཅུ་ཕྲག་ལྷག་ཙམ་ལ། །

ཕྱག་ཞབས་རྣག་ཁྲག་བརྡོལ་བའི་དཀའ་སྤྱད་ཀྱིས། །

ཕྱི་ཡི་སློབ་ཁང་ནང་གི་སློབ་བུ་སོགས། །

སྐྱོང་བའི་འགན་འཁྲི་ཁྱོད་ཉིད་གཅིག་པུས་ཁུར། །

༡༡

མི་སྲུན་ཇག་པས་མི་བཟད་མཚོན་བསྣུན་ཏེ། །

སྐུ་ལུས་ཁྲག་གི་ཕུང་པོར་བསྒྱུར་ན་ཡང་། །

འཚོ་བྱེད་བཀའ་ལས་ལྡོག་སྟེ་བྲེལ་སྟབས་ཀྱིས། །

སློབ་གསོའི་དོན་དུ་འདུར་བ་ཁྱོད་ཉིད་ཙམ། །

༡༢

སྐབས་དེར་རེ་འགས་མ་བརྟག་བྱུང་རྒྱལ་དུ། །

འཇིགས་མེད་རྒྱལ་མཚན་ས་ལས་སློབ་གྲྭ་ཞེས། །

ངན་སྨོད་ཚིག་གི་ཀུ་ཅོ་སྒྲོག་ན་ཡང་། །

ཙན་དན་ཆུ་ཤིང་ནགས་དང་ཇི་ལྟར་སྙོམས། །

༡༣

གནའ་དེང་རིག་པའི་གཞུང་ལུགས་མཐའ་དག་ལ། །

ཚད་མ་རིག་པའི་འགྲོས་ཀྱི་རྒྱས་བཏབ་ནས། །

སྔོན་ཆད་གཞན་གྱིས་མ་ཐོན་སློབ་གསོའི་འཕྲུལ། །

ངོ་མཚར་རིགས་པའི་མྱུར་ལམ་གསར་དུ་བཏོད། །

༡༤

གངས་རིའི་མིག་གཅིག་གུང་ཐང་དྲུག་པ་ཡིས། །

ན་ཚོད་ལྕུག་པ་འཛམ་བུའི་རྐང་འཐུང་འདིས། །

བྷོ་ཊའི་ལས་དབང་འདེགས་པ་རྨད་དོ་ཞེས། །

བསྔགས་བརྗོད་ལྷ་ཡི་རྔ་བོ་ལན་བརྒྱར་བསྒྲགས། །

༡༥

སྟོབས་ཀྱིས་མ་བསྡིགས་ཐབས་ཀྱིས་མ་བྲིད་ཀྱང་། །

ཁྱོད་གསུང་གེ་སར་བསྐྱོད་པའི་སྒྲེགས་ངད་ལ ། །

ལྕགས་ཀྱུའི་ཆོ་ག་རྫོགས་པའི་འདུ་བྱེད་ཀྱིས། །

ཆོལ་གསུམ་སློབ་མ་སྤྲིན་གྱི་འདུ་འགོད་ལྟ། །

༡༦

འདི་ན་སློབ་ཡོན་མིང་ཙམ་མ་མཆིས་པས། །

འཚོ་བའི་དཀའ་ངལ་བུ་ཡུག་འཚུབ་ན་ཡང་། །

སླར་ཡང་རྩྭ་ཐང་བུ་མོའི་སློབ་གྲྭ་བསྐྲུན། །

ཉིད་ཀྱི་རུས་པ་ལྕགས་ལས་གྲུབ་བམ་ཅི། །

༡༧

དཔངས་མཐོ་ཧི་མ་ལ་དང་རྒྱ་མཚོ་ཡིས། །

མ་ཁོག་འབྲི་མོའི་སྤྲི་ཆུར་ནུབ་ཕྱོགས་བཀྲམ། །

མ་བགྲོས་རྒྱལ་ཁབ་དུ་མས་མགྲིན་གཅིག་ཏུ། །

འཛམ་གླིང་ཟས་གཙང་བདུན་པའི་གཟེངས་རྟགས་ཕུལ། །

༡༨

ཤེས་རིག་སྲོག་གི་མུ་ཁྱུད་བསྡམ་པའི་ཕྱིར། །

ཐོན་མའི་སློབ་ཚོགས་གངས་རིའི་སྐྱེས་སུ་བཙུགས། །

འཛད་མེད་གནོད་སྦྱིན་མཛོད་ཀྱི་སྒོ་འབྱེད་ཕྱིར། །

དམངས་རྣམས་མཉམ་སྒྲུབ་ཚོང་སྡེའི་ལམ་དུ་ཁྲིད། །

༡༩

ཁྱེད་གསུང་ཟླ་ཤེལ་དྭངས་མའི་ཆ་རེ་ཡང་། །

གཏན་འདུན་ལམ་བཟང་སྤེལ་བ་སྨོས་ཅི་སྟེ། །

རང་གི་ཟུངས་ཁྲག་གཏོང་བའི་མཛད་པའི་ཁུར། །

ཐེག་པའི་དབྱིག་འཛིན་ཨེ་མ་སྟོབས་དང་ལྡན། །

༢༠

ཕུན་ཚོགས་ཡོན་ཏན་སྟོང་གིས་རབ་ཕྱུག་པའི། །

འདྲེན་མཆོག་ཁྱེད་ཀྱི་མཛད་རྗེས་འདི་མཐོང་ཚེ། །

ཉིན་བྱེད་ཟེར་གྱིས་རེག་པའི་ཀུན་ད་བཞིན། །

དད་པའི་ཐལ་མོ་མི་ཟུམ་རང་དབང་ཅི། །

སློབ་དཔོན་གང་གི་བཀའ་དྲིན་གྱིས་བསྐྱངས་པའི་སློབ་བུའི་མིང་ཙམ་འཛིན་པ་ངག་དབང་ཤེས་རབ་ཀྱིས་སྐབས་སོ་གསུམ་པའི་དགེ་རྒན་དུས་ཆེན་ཉིན་ལྷ་ལྡན་དག་པའི་ཞིང་ནས་སྦྱར་བ་དགེའོ། ། ༢༠༡༧. ༩. ༡༠


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 3 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། he6k བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ།   སྤེལ་མཁན།: འཛུམ་དཀར། སྤེལ་དུས:2022/3/26
🙏🙏🙏
  དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ།   སྤེལ་མཁན།: འཛུམ་དཀར། སྤེལ་དུས:2022/3/26
🙏🙏🙏
  དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ།   སྤེལ་མཁན།: འཛུམ་དཀར། སྤེལ་དུས:2022/3/26
🙏🙏🙏
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23557463
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།