ཁྱོད་ལ་བཞུར་བའི་འབབ་རྒྱུན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སྙན་རྩོམ། »ཁྱོད་ལ་བཞུར་བའི་འབབ་རྒྱུན།
ཁྱོད་ལ་བཞུར་བའི་འབབ་རྒྱུན།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2015-07-12ལྟ་ཀློག (3516)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཁྱོད་ལ་བཞུར་བའི་འབབ་རྒྱུན།   ཚན་པ་གསུམ།

བན་ཤུལ་བྱམས་པ་རྒྱལ།

རི་གསུམ་གྱི་རྩེ་ནས།

གཡས་འཁྱིལ་དུང་ལ་ཁྱོད་ཀྱི་རྣམ་ཤེས་བུས།

ལུང་གསུམ་གྱི་མདོ་ནས།

གཙང་མོའི་ཆུ་ལ་ཁྱོད་ཀྱི་སྒྲ་དབྱངས་བྱུགས།

མི་ཚེ་གཅིག་གི་མགོ་མཇུག་བར་གསུམ་ལ་སྨྱུག་རྩེ་རུ་འཛུམ་པ་མོ།

_ཁ་བྱང་ལ་བསྐྱོན་པའི་མཛེས་སྡུག་མ།


 ཁྱོད་ཀྱི་འདབ་མ།

ཁྱོད་ཀྱི་འདབ་མ།

དམིགས་ཡུལ་ཞིག་དང་འཚོལ་སྙེག་ཅིག  གདམ་གསེས་ཤིག་གིས།

ངས་རང་ཉིད་ཁྱོད་ཀྱི་ཁོལ་ཁར་བཞག་ནས་བཞུས་ཤིང་བརྡུངས་ལ།

ཁྱོས་ཁྱོད་རང་ང་ཡི་སྙིང་ཁར་གླན་ནས་བགད་ཅིང་ངུས།

ནམ་རྒྱུན་ངས་འདི་ལྟར་བསམ་མྱོང་སྟེ།

སྐབས་དེ་དག་ལ།

ཁྱོད་ངུ་མ་ཕོད་པར་བགད་པ་ཡིན་ཡང་སྲིད་ལ།

ཡང་ན་དགོད་མ་ཤེས་པར་ངུས་པ་ཡིན་ནའང་ཐང་།

གང་ལྟར།

མཆི་མའི་འོད་ལ་སིམ་པའི་ཁྱོད་ཀྱི་གཏམ་རྒྱུད་རེ་རེ།

ངའི་མིག་གོང་ན་ད་དུང་བསྐམས་མེད།

ཁྱོད་ཀྱི་འདབ་མ།

དབྱར་གསུམ་གྱི་ཆར་བས་རློན་དྲི་འཐུལ་ལ།

དཔྱིད་གསུམ་གྱི་བསེར་བུས་སྟངས་སྟབས་འཕྱུར།


ཁྱོད་ཀྱི་འདབ་མ།

འདར་བཞིན་ཡོད།

སྟོན་མཇུག་གི་རླུང་བུས་རྡེག་པའམ།

དགུན་གསུམ་གྱི་ཁ་བས་གཙེས་པ་ཡིན།

ཁྱོད་ཀྱི་འདབ་མ།

འདར་ལྕུག་ལྕུག་གི་ཚེ་སྲོག་གསོན་པོ་ཞིག

ནམ་རྒྱུན།

མོའི་མིག་ཟུང་གི་སྐར་ཕྲན་ཇི་བཞིན་འདར།

ངའི་སྙན་ངག་གི་མཉེན་ཆ་ཇི་བཞིན་འདར།

ད་དུང་། ཁོའི་ལྷག་བསམ་གྱི་འོད་ཟེར་ཇི་བཞིན་འདར།


ནམ་མཁའ་སྟོང་བས་ཡིན་ནམ།

ས་གཞི་བརྟན་པས་ཡིན།

མཁའ་དབུགས་ལྕི་མོ་འདི།

ཁྱོད་ཀྱིས་མི་ཐེག་ལ་བདག་གིས་ཀྱང་མི་བཟོད་ཨང་།

ང་ན་ནས་ཡུན་རིང་འགོར་ལ།

ཁྱོད་ཀྱང་་་


ཁྱོད་ཀྱི་གཡུ་སྦྲང་།

ཁྱོད་ཀྱི་གཡུ་སྦྲང་།

སྔོ་བསངས་ཀྱི་ཁམས་ནས་བཞུར་འོང་བའི་དུང་གི་ཐིགས་པ་ཇི་བཞིན།

ནེམ་ལྗང་གི་གཞི་རུ་འཛུམ་འོང་བའི་མེ་ཏོག་གི་དགོད་སྒྲ་ཇི་བཞིན །

ཆེས་སྙི་བའི་ཁྱོད་སྙིང་གི་འདབ་མར་ཞུ་རྗེས།

ཆེས་སྙན་པའི་སྨྲ་བརྗོད་དབྱངས་རྟ་ཞིག་ལས།

བཞུར་བར་བརྩམས་ཀྱང་།

ཁྱོད་དང་བཅས་པའི་འཇིག་རྟེན་འདིའང་།

རེ་ཞིག་ལྐུགས་པར་གྱུར་སོང་།

ཁྱོད་ཀྱི་གཡུ་སྦྲང་།

དབྱངས་ཀྱིས་མྱོས་ནས།

གཤོག་པ་ལེབ་མོ་ལམ་ལམ་ལྡེབ་ཀྱིན།

ཁྱོད་ཀྱི་གཡུ་སྦྲང་།

མཛེས་པས་ཚིམས་པའི།

ཉམས་འགྱུར་རྫོགས་པའི་གར་སྟབས་བསྒྱུར་བཞིན།

ནམ་ཞིག འཕུར་འོང་ངམ།

ཡང་ན། ནམ་ཞིག་ཕར་ལ་འཕུར་འགྲོ་ཨང་།


གཡུ་སྦྲང་ཕར་ལ་འཕུར་དུས།

གཤོག་པའི་ཆུ་རྡུལ་མཛེས་གི

གཡུ་སྦྲང་ཚུར་ལ་ཕྱོགས་ན།

སེམས་ཀྱི་སྒྲ་དབྱངས་ལོས་སྙན།

སུས་ཀྱང་ཁྱོད་ལ།

ཁྱོད་ནི་ཁྱོད་ཀྱི་གཡུ་སྦྲང་གི

གར་འཕུར་ཁོ་ན་སེམས་པའི་ཁྱོད་ཀྱི་འདབ་མ་རེད་ཟེར།

སུས་ཀྱང་ཁྱོད་ལ།

ཁྱོད་ནི་ཁྱོད་ཀྱི་གཡུ་སྦྲང་གི

ཚུར་འཕུར་གཅིག་པུ་བསྒོམས་པའི་ཁྱོད་ཀྱི་འདབ་མ་རེད་ཟེར།

ཡིན་ནའང་།

ཆུ་མོའི་ཤག་སྒྲ་ཁྱོད་ཀྱིས་ཐོས་ཨེ་མྱོང་།

སྙིང་གི་མེ་ཏོག་ཁྱོད་ཀྱིས་མཐོང་ཨེ་མྱོང་།

ཁྱོད་ཀྱི་གཡུ་སྦྲང་གིས།

ཁྱོད་ཀྱི་སྙིང་ལ་གཙེས་ཀྱང་།

དྲོད་འཇམ་གྱི་བཞུར་རྒྱུན་ཞིག་དང་།

ཁྱོད་ཀྱི་གཡུ་སྦྲང་གིས།

ཁྱོད་ཀྱི་འགྲམ་པར་གཞུས་ཀྱང་།

བྱམས་དུང་གི་རྨི་ལམ་ཞིག་རེད།

ཁྱོད་དང་ཁྱོད་ཀྱི་གཡུ་སྦྲང་ལགས།


ཁྱོད་རང་མཐོང་དུས།

ཁྱོད་རང་མཐོང་དུས།

བདག་གི་མིག་ལམ་དུ།

བཞད་གད་འཕྱོ་བའི་རྒྱུ་སྐར་གྱི་སོ་འཛུམ་གསལ་སོང་།

འོད་དཀར་འཇོ་བའི་ཟླ་གཞོན་གྱི་བཀྲག་མདངས་བཞད་སོང་།

རླུང་གིས་གཡོ་བའི་སྦ་དཀར་གྱི་ཉམས་འགྱུར་རྫོགས་སོང་།

གནག་ཅིང་སྣུམ་པའི་ཡིད་འོང་གི་རྦབ་ཆུ་ཤོམ་སོང་།

ཁྱོད་རང་མཐོང་དུས།

བདག་ལ་གཙང་ཆབ་སྔོན་མོའི་ལྷུང་ལྷུང་གི་བཞུར་རྒྱུན་ཡོད་སོང་།

བདག་ལ་དྲོད་ལམ་ལམ་གྱི་ཉི་ཟེར་གྱི་འདབ་མ་ཐོབ་སོང་།

བདག་ལ་འཇམ་བསིལ་བསིལ་གྱི་སྟོན་རླུང་གི་རེག་བྱ་ལྡན་སོང་།

ཁྱོད་རང་མཐོང་དུས།

འཇིག་རྟེན་ཞིག་གི་ཁ་བ་ཞུ་སོང་།

སེམས་པ་ཞིག་གི་གསང་བ་ཤོར་སོང་།

ཁྱོད་འོང་དུས།

བདག་ལ་གློ་བུར་བའི་འཚུབ་ཆ་ཞིག་དང་གནོང་སེམས་ཤིག

ཁྱོད་འགྲོ་དུས།

བདག་ལ་རྒྱུན་རིང་གི་ན་ཟུག་ཅིག་དང་འགྱོད་གདུང་ཞིག

ཁྱོད་དྲན་དུས།

སེམས་པ་དྲན་པའི་སེམས་པ་འདི།

ནམ་མཁའི་མཐོང་ལ་འདྲེས།

ཁྱོད་སེམས་དུས།

མིག་ཟུང་དྲན་པའི་མིག་ཟུང་འདི།

ས་ཡི་གཏིང་ལ་འཛུལ།

ཁྱོད་དང་མཉམ་དུ།

འཁོར་བའི་འཁྱག་རོམ་སེམས་ཀྱིས་བཞུ་འདོད་ལ།

ཁྱོད་དང་ལྷན་དུ།

བརྩེ་བའི་ལང་ཚོ་མིག་གིས་བཞེངས་བར་འདོད།



རྩོམ་སྒྲིག་འགན་འཁུར་བ། ཁྰ་ཤེས་རབ་རྒྱ་མཚོ།    མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། ཨ་བུ་འབྲོང་།



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། libp བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23572700
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།