​སེམས་གཏམ་ག་བུར་ཟེགས་མ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 10 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སྙན་རྩོམ། » ​སེམས་གཏམ་ག་བུར་ཟེགས་མ།
​སེམས་གཏམ་ག་བུར་ཟེགས་མ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-07-08ལྟ་ཀློག (2587)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 སེམས་གཏམ་ག་བུར་ཟེགས་མ།

 ས་སྒང་འཇམ་དབྱངས་མཁྱེན་རབ།

  མཐའ་ཡས་འགྲོ་ལ་སྙོམས་པའི་ཐུགས་རྗེ་ཅན། ། དུས་གསུམ་གཟིགས་པ་ཀུན་གྱི་མཁྱེན་པའི་གཏེར། ། དམར་སེར་གཞོན་ནུའི་ཚུལ་འཆང་ཤེས་རབ་ལྷ། ། བརྟན་པའི་འཁོར་ལོས་ཁྱེད་ཚོར་ཤིས་པ་སྩོལ། ། འུ་ཅག་ཚེ་སྔོན་བསགས་པའི་ལས་ཀྱི་མཐུས། ། བྱམས་དང་བརྩེ་བས་བསྐྲུན་པའི་སློབ་གླིང་འདིར། ། སྐྱིད་སྡུག་བཤིབས་ནས་ཡུན་རིང་འགྲོགས་པ་ལ། ། བསམ་ན་གྱེས་གདུང་མཆི་མ་སྙིང་ལ་སིམས། ། འོན་ཀྱང་འདུ་བྲལ་སྒྱུ་མའི་རང་མདངས་ལ། ། རེ་དོགས་བདེན་འཛིན་སྐྱུག་པའི་རོ་བཞིན་དུ། ། སྤངས་ནས་ལྷག་བསམ་གཙང་མའི་སེམས་གཏམ་འགའ། ། གོ་སླའི་ཚིག་གིས་སྙད་ལ་སྤྲོ་སྣང་འཕེལ། ། དད་འདུན་མོས་པ་བརྟན་པའི་སློབ་བུ་ཚོ། ། ཤ་ཚའི་གཏམ་ལ་སྙན་པ་དཀོན་ན་ཡང་། ། དལ་ཅིག་མ་གཡེང་ལན་གཅིག་གསོན་མཛོད་དང་། ། ཅུང་ཙམ་ཕན་པའི་རེ་བ་མཚོ་ལས་ཟབ། ། ལྷད་མེད་གུས་བཀུར་ཟབ་པའི་གཅེས་ཕྲུག་རྣམས། ། བསླུ་མེད་མཆོག་གསུམ་ཡིད་བཞིན་དབང་གི་རྒྱལ། ། གཡོ་མེད་དད་གསུམ་རྒྱལ་མཚན་རྩེར་མཆོད་ན། ། འཛད་མེད་སྲིད་ཞིའི་ཕུན་ཚོགས་འདོད་དགུར་འཇོ། ། དཀར་ནག་ལས་ཀྱིས་བསྐྲུན་པའི་འཇིག་རྟེན་འདིར། ། མ་ངེས་སྐྱིད་སྡུག་ཆུ་ཡི་གཉེར་མ་འདྲ། ། ཁྱེད་ཅག་བྱམས་ལྡན་ཟུང་དང་བྲལ་བ་ཡང། ། སྲིད་པའི་ཆོས་ཉིད་བསམ་ནས་སེམས་ཤུགས་སྐྱེད། ། མཐའ་དག་ཡོན་ཏན་འབྱུང་གནས་དགེ་བའི་བཤེས། ། སྐྱ་སེར་ཕོ་མོ་མི་རིགས་གང་ཡང་རུང་། ། བསམ་སྦྱོར་དག་པས་ཚུལ་བཞིན་ལེགས་བསྟེན་ནས། ། སྦྱངས་བྱ་ཀུན་ལ་བརྩོན་པ་ལྷུར་ལེན་མཆོག ། རང་ཉིད་གནས་སའི་སློབ་གྲྭའི་སྒྲིག་ལམ་ཀུན། ། མིག་འབྲས་བཞིན་དུ་དུས་ཀུན་ལེགས་བསྲུང་ན། ། ཡ་རབས་སྤྱོད་བཟང་དམ་པའི་དན་རྟགས་ལས། ། སྡར་མའི་རང་དབང་ཤོར་བ་ག་ལ་ཡིན། ། སློབ་གྲོགས་ཡིན་ཞེས་བརྩེ་བའི་འཛུམ་བསྟན་ནས། ། ཤ་ཚ་སྙིང་ཉེའི་གཏམ་གྱི་བསླུ་བྲིད་ཀྱིས། ། མ་འོངས་མདུན་ལམ་བརླག་ལ་ཉེན་ཆེ་བས། ། སུ་དང་འགྲོགས་ན་བློ་རིག་གྲུང་བོར་མཛོད། ། གཞན་ལ་ཕན་པ་སྒྲུབ་པའི་ནུས་མེད་ཀྱང་། ། བསམ་དཀར་དྲང་བདེན་བྱམས་བརྩེའི་ལས་ལ་བརྩོན། ། དུ་ཆང་ལ་སོགས་བག་མེད་བྱ་སྤྱོད་སྤངས། ། ལས་འབྲས་བླང་དོར་ཚུལ་བཞིན་བྱེད་པ་གལ། ། ནད་ཀྱིས་མ་མནར་ལང་ཚོ་གཞོན་པའི་དུས། ། སྣ་ཚོགས་ཤེས་རིག་སློབ་པའི་སྐལ་བཟང་དེ། ། དོན་ཆུང་རྩེ་རྒོད་གཡེང་བས་བརླགས་བྱས་ན། ། མི་བཟད་འགྱོད་པས་མནར་བའི་དུས་ཤིག་ཉེ། ། མཐོང་ཐོས་མང་བའི་ཁྲ་ཁྲའི་འཇིག་རྟེན་འདིར། ། དགེ་སྐྱོན་གནས་ལ་བློ་རིག་མ་བསྒྲིམས་ན། ། ལེགས་ལེགས་འགྲིག་འགྲིག་མང་དུ་སྣང་ན་ཡང། ། འདི་ཕྱི་བདེ་བའི་ལམ་བཟང་འབོར་དོགས་ཆེ། ། ཤར་ནུབ་དྲན་དབང་འབུམ་ཕྲག་སྲེད་པའི་ཡུལ། ། གངས་ཅན་ནང་བསྟན་རིག་གཞུང་འདི་ལགས་མོད། ། སྤྱི་ཚོགས་སློབ་གྲྭའི་ཁྲོད་ནས་ཤེས་དཀའ་བས། ། གོ་སྐབས་གང་ཡོད་དགོན་སྡེའི་ནང་ནས་སྦྱོངས། ། ཐུང་ཐུང་མི་ཚེ་འདི་ལ་ཤེས་བྱ་ཀུན། ། ཤེས་འདོད་རེ་བ་ཟབ་ཀྱང་ཤེས་དཀའ་བས། ། རང་གཞན་གཉིས་ཀར་ཕན་པའི་བསླབ་བྱ་ཞིག ། ལེགས་པར་བདམས་ནས་གྲུབ་འབྲས་ཡོད་པར་འཚལ། ། གནའ་དེང་ཤེས་རིག་མང་དུ་བསླབས་ན་ཡང་། ། བསམ་སྤྱོད་གཤིས་ཀ་བཟང་དུ་མ་སོང་ན། ། དཀའ་སྤྱད་སྡུག་རུས་བྱེད་པ་དོན་ཆུང་བས། ། ཡ་རབས་བྱ་བའི་ཕྱོགས་ལ་གཞོལ་བར་འཚལ། ། གསར་རྙིང་འགལ་འདུའི་རྩོད་པ་མེ་བཞིན་ཚ། ། མདའ་མདུང་རལ་གྲིའི་དབལ་ཁ་ནང་ལ་རྒོད། ། རང་གི་ཆོས་ལུགས་རིག་གནས་ཐན་དུ་ལྟ། ། གསར་བུའི་སྣང་བས་རང་གཞན་འཕུང་བས་གཟོབ། ། གངས་ཀྱི་ར་བས་བསྐོར་བའི་ལྗོངས་འདི་ན། ། ཤ་རུས་གཅིག་ལས་ཆད་པའི་སྤུན་ཟླ་ཚོའི། ། བླ་སྲོག་ལྟ་བུའི་སྐད་དང་ཡི་གེ་འདི། ། འཛིན་སྐྱོང་སྤེལ་བའི་འགན་འཁྲི་ཕྲག་ཏུ་ལོངས། ། གང་དུ་སོང་ནས་སུ་དང་འགྲོགས་ཀྱང་རུང་། ། བྱ་བ་ཆེ་ཆུང་གང་ཞིག་བསྒྲུབ་ཀྱང་ཆོག ། རང་ཉིད་ཆོས་ལྡན་བོད་མི་ཞིག་ཡིན་པ། ། སེམས་ལ་བཅངས་ནས་སྡིག་པའི་ལས་ལ་འཛེམས། ། ལ་རྒྱ་ཟེར་བ་ཆགས་སྡང་ཁོ་ན་མིན། ། མཐའ་དག་འགྲོ་ལ་མ་ཡིས་བུ་བཞིན་དུ། ། བརྩེ་བའི་སེམས་ཀྱིས་ཕན་པའི་ལས་བསྒྲུབ་ན། ། ཆོས་སྲིད་ཟུང་འཇུག་ལ་རྒྱ་ཡང་དག་ཡིན། ། རང་གིས་སྤྱི་ཕན་སྤུ་ཙམ་མི་ནུས་ཀྱང་། ། རང་རེའི་ཡབ་མེས་རྣམས་ལ་དུས་རྟག་ཏུ། ། རང་ནུས་ཡོད་དགུས་སྐྱོན་བརྗོད་བྱེད་པ་དེ། ། རང་རིགས་ཕུང་བའི་རྒྱུ་ལས་གཞན་ཡོད་མིན། ། ཁོག་ལ་སྙིང་དང་སྙིང་དེར་དྲོད་ཡོད་ན། ། རང་ཉིད་རང་གི་གཤེད་དུ་མི་ལངས་པར། ། སྣ་ཚོགས་ཤེས་བྱས་བློ་མིག་ཆེར་བགྲད་ནས། ། བདེན་དོན་གནས་ལུགས་རྟོགས་ན་ཨ་མའི་བུ། ། བླ་མའི་བཀའ་དང་སློབ་གྲྭའི་རེ་བ་ལྟར། ། རང་དོན་ཐོས་བསམ་སྒོམ་གསུམ་མ་འགྲུབ་ཀྱང་། ། དགེ་རྒན་ཐབས་ཆག་ཅིག་གི་ཚུལ་བཟུང་ནས། ། བགྲང་བྱ་དུ་མའི་རིན་ཐང་ས་འདིར་བསྟིམས། ། མཚན་ལྡན་བཤེས་གཉེན་དམ་པ་འགའ་བསྟེན་ནས། ། རང་གིས་ཤེས་ཡོན་ཕྲན་ཙམ་སྦྱངས་པ་དེ། ། ལྷག་བསམ་གཙང་མས་ཁྱེད་ཚོར་འབུལ་བ་ཡི། ། སྐལ་བཟང་བསམ་ན་སེམས་པ་དགའ་བས་བཟི། ། སྐྱེས་སྦྱངས་ཡོན་ཏན་རྡུལ་ལྟར་ཉག་ཕྲ་བས། ། སྔོན་བྱོན་དམ་པ་དག་གིས་མ་གསུངས་པའི། ། མན་ངག་ཟབ་མོའི་བསླབ་བྱ་མེད་ན་ཡང་། ། སེམས་དཀར་ཁ་ཏ་ལགས་པས་གནོང་བ་བྲལ། ། མཆོག་གསུམ་བསླུ་བ་མེད་པའི་ཐུགས་རྗེ་དང་། ། བདག་གི་ལྷག་བསམ་དག་པའི་བདེན་སྟོབས་ཀྱིས། ། སྙིང་དང་གཉིས་སུ་མེད་པའི་སློབ་བུ་ཚོས། ། ཅི་བསམ་ཆོས་བཞིན་འགྲུབ་པའི་སྨོན་ལམ་འདེབས། །

       ཞེས་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭའི་སྐབས་དང་བོའི་སློབ་མ་སྟེ་བྱམས་བརྩེའི་དཔུང་རྡང་འཛིན་གྲྭས་དམའ་འབྲིང་མཐར་ཕྱིན་པར་རྟེན་འབྲེལ་ཞུ་བ་དང་། ལོ་བདུན་གྱི་རིང་ལ་རང་གིས་ཤེས་ཚོད་ཀྱིས་ལྗོངས་ཞིང་ལྔའི་སྐད་ཡིག་སློབ་དེབ་དང་སུམ་རྟགས་དག་གསུམ། སྙན་ངག བསྡུས་གྲྭ། རྒྱལ་སྲས་ལག་ལེན། ས་སྐྱ་ལེགས་བཤད། སློབ་གཉེར་བསླབ་བྱ། ཆུ་ཤིང་བསྟན་བཅོས་སོགས་ཁྲིད་ཁུལ་བྱས་ཏེ་འགྲོགས་འདྲིས་ཟབ་པས་བག་ཆགས་ཀྱིས་ཅུང་ཟད་རེ་ཕན་དུ་རེ་ནས་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༦ པའི་ཚེས་༡༨ ཉིན་སློབ་བུ་ཚོས་འབྲིང་རྒྱུགས་སྤྲོད་བཞིན་པའི་སྐབས་སེམས་ཁུར་དང་བཅས་རང་ཤག་བྱམས་བརྩེ་འཁྱིལ་བའི་དགའ་ཚལ་ནས་གང་དྲན་སྦྱར་བ་འདིས་ཀྱང་ཀུན་ལ་ཕན་པར་སྨོན།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།  བན་ཤུལ་འཇམ་དབྱངས། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། jg8m བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23606309
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།