གཟི་མིག་གསུམ་པའི་སྙན་ངག་བདམས་བཀོད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སྙན་རྩོམ། » གཟི་མིག་གསུམ་པའི་སྙན་ངག་བདམས་བཀོད།
གཟི་མིག་གསུམ་པའི་སྙན་ངག་བདམས་བཀོད།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-07-07ལྟ་ཀློག (7770)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

                           

གཟི་མིག་གསུམ་པའི་སྙན་ངག་བདམས་བཀོད། 

གཟི་མིག་གསུམ་པ།

བར་དོའི་སྙན་ངག

མི་ཚོགས་ཀྱི་ཀློང་ནས་ཁེར་རྐྱང་དུ་ལུས་ཤིང་།
འུར་ཟིང་གི་ཁྲོད་ནས་ལྷིང་འཇགས་རྙེད་དུས།
ཁྱོད་རང་སྔར་ནས་འཇིག་རྟེན་འདི་དང་ཁ་བྲལ་ཟིན།
ཡིན་ནའང།   འཇིག་རྟེན་གྱི་དགོས་མཁོའི་ཆེད་དུ།   
ཁྱེད་ཀྱིས་རང་གི་བེམ་པོ་ཁོ་ནར།
ད་དུང་སྐད་ཆ་ཁ་ཤས་བཤད་དུ་འཇུག་དགོས་ཤིང་།
ཞབས་བྲོ་རེ་འགའང་འཁྲབ་ཏུ་འཇུག་དགོས།

 ༢༠༡༥/༡/༤ 

 ཁུར་མོང་།

ཁུར་མོང་འཁྱར་བོ་ཞིག

བར་དོའི་རྣམ་ཤེས་བཞིན།

ཁྱེད་ཀྱི་ཕྱི་བཞིན་འབྲངས་ཏེ། 
དུས་ཚོད་ག་ཙམ་འགོར་བ་ཤེས་སམ།
ཕལ་ཆེར་ལོ་ངོ་གྲངས་མེད་ཅིག་འགོར་ཡོད་ཀྱང་སྲིད།
ཡིན་ཡང་།  ཁྱེད་ཀྱིས་དེ་གཏན་ནས་ཤེས་ཐབས་བྲལ།

འཇིག་རྟེན་ན།  འདི་ལས་ལྷག་པའི་སྐྱོ་གར་ཅི་ཞིག་ཡོད་ཨང་།

༢༠༡༤/༡༢/༢༩ 

སྙན་ངག་ཁོ་ན་ད་གཟོད་ངའི་གམ་དུ་ལྷག

དུས་ཚོད་ཀྱིས་ཕྱིར་མིག་ཙམ་ཡང་མི་བལྟ་བར།

ང་རང་བསྐྱུར་ནས་བུད་སོང་།
རླུང་བུས་བདེ་མོ་ཙམ་ཡང་མི་འཇོག་པར།
ང་རང་བསྐྱུར་ནས་བུད་སོང་།
ཐ་ན་རང་གི་གྲིབ་མས་ཀྱང་ཞེན་ཆགས་ཙམ་ཡང་མེད་པར།
ང་རང་བསྐྱུར་ནས་བུད་སོང་།
ཤུལ་དུ་ལྷག་པ་ནི།
སྒྲ་མེད་པའི་སྙན་ངག་དེ་ཁོ་ནའོ།།
ད་ནི།   ངས་རང་གི་མཐའ་མཇུག་གི་ཚེ་སྲོག་གིས།

སྙན་ངག་དེ་ཡི་གེར་འབྲི་དགོས་སམ།

༢༠༡༥/༧/༥མཚན་མོར་མགོ་ལོག་ཏུ།

འབུ་སྐྱོགས་ཤིག་གི་གཏམ།

མིའི་རིགས་ཀྱིས་བཤད་རྒྱུར།
རི་བོང་ཆུང་ཆུང་དག་ནམ་མཁའ་བརྡིབ་འགྲོ་བར་ཞེད་པ་ནི།
ཚེ་སྲོག་ཁོ་ནའི་ཆེད་དུ་རེད་ཟེར།
དུག་སྦྲུལ་རྣམས་ཀྱིས་ས་གཞི་བལྡགས་ཏེ་ཚར་འགྲོ་བར་སེར་སྣ་བྱེད་པ་ནི།
སྒེར་སེམས་ཁོ་ནའི་དབང་གིས་རེད་ཟེར།
ད་དུང་སེང་གེ་ནི་རི་དྭགས་ཀྱི་རྒྱལ་བོ་རེད་ཟེར།
འོན་ཀྱང་གྲོག་མས་དེ་ཁས་མི་ལེན།
ཝ་མོ་ལ་གཡོ་སྒྱུ་ཆེ་རབས་ཟེར།
སྒོ་ཕྱུགས་རྣམས་ཀྱིས་དེའང་མི་ལས་ལྷག་ཅིག་ཡིན་མི་སྲིད་ཟེར།
ཐ་ན་ང་རང་ཤུན་སྐོགས་ནང་འཛུལ་འགྲོ་བའང་།
ཁོ་ཚོའི་རྐང་བའི་རྔམ་ཟིལ་ལ་སྐྲག་སོང་བས་རེད་ཟེར།
ངོ་མ་དགོད་སྤྱད་རེད་ཨང་།
དོན་ངོ་མར་ཁོ་ཚོས་བཤད་པ་ནི།
རང་གི་གཏམ་རྒྱུད་ཡིན་པ་ལས།
ང་ཚོ་དང་འབྲེལ་བ་ཅི་ཡང་མེད།
 ༢༠༡༥/༦/༣༠ལ་རྨ་འགྲམ་ནས།
དུས་གསུམ་གྱི་རྣམ་བཞག

སྔོན་ཆད་ནི།

བསྐལ་བ་རྫོགས་ལྡན་གྱི་དུས་སམ།
རྡོ་ཆས་དུས་རབས་དང་།
མི་རྣམས་ལ་འོད་ཡོད་ཅིང་།
རང་བྱུང་གི་མཛེས་པས་བཟི།
ད་ལྟ་ནི།
བསྐལ་བ་སྙིགས་མའི་དུས་སམ།
འགྱིག་གི་དུས་རབས་དང་།
མི་རྣམས་ལ་འཕྲུལ་ཆས་ཀྱིས་ཁ་ལོ་བསྒྱུར་ཅིང་།
ཧོལ་རྒྱུགས་དང་འུར་འདྲོགས་ཀྱིས་འཚོ།
མ་འོངས་པ་ནི།
རྒུད་པའི་དུས་སམ།
མི་སྡུག་པའི་དུས་རབས་དང་།
མི་རྣམས་ཁེར་རྐྱང་དུ་གྱུར་ཅིང་།
ཚ་གདུག་དང་བཀྲེས་ལྟོགས་ཀྱིས་མནར།

༢༠༡༥/༦/༣༠

དཔག་བསམ་འཁྲི་ཤིང་།

དཔག་བསམ་འཁྲི་ཤིང་།

རྩ་བ་ས་གཞི་ལ་ཟུག་པས།
བཟོད་སྒོམ་ལ་གཏིང་མཐའ་བྲལ།
རྩེ་མོ་ནམ་མཁའ་ལ་བསྙེགས་པས།

ཤེས་རབ་ལ་ཐོགས་པ་མེད།

ཡལ་འདབ་འཇིག་རྟེན་ལ་ཁྱབ་པས།

སྙིང་རྗེ་ལ་མུ་མཐའ་དབེན།
གཞུང་ཤིང་དྲང་ཚུགས་སུ་སྐྱེས་པས།
བསམ་གཏན་ལ་གཡོ་འགུལ་བྲལ།
འབྲས་བཟང་གི་དངོས་གྲུབ་འཇོ་བས།
སྦྱིན་པ་ལ་ཕངས་པ་མེད།
མདོག་དབྱིབས་ལ་ཉེས་སྐྱོན་བྲལ་བས།
ཚུལ་ཁྲིམས་ཀྱི་དྲི་བསུང་འཐུལ།
འཇིག་རྟེན་གྱི་ལྗོན་དབང་།
སྐྱེས་པ་ནས་རྒས་པའི་བར།
གཞན་དོན་ཁོ་ནར་འཚོ།
དུས་ཀྱི་སྟོན་མཇུག་འདིར།
དངོས་གྲུབ་ཀྱི་ནོར་བུ།
ལོ་འདབ་ཀྱི་ཆར་བར་སྤྲུལ་དུས།
ཉམ་ཆུང་གི་ཚེ་སྲོག་ངའི་སྙིམ་མཐིལ་དུའང་།
གསེར་མདོག་གི་ལོ་མ་ཆུང་ཆུང་ཞིག་ལྷུང་བྱུང་།
ཁོ་བོས་དེ་ཉིད་རང་གི་བྲང་གཞུང་ལ་སྦྱར་ཏེ།
བསྐལ་བའི་སྐྱོ་སྡུག་བརྗེད།

༢༠༡༥/༦/༢༡ལ་རྨ་ཁུག་ཏུ།

གྱད་མི།

གནའ་བོའི་གྱད་མི།

འཕྲུལ་ཆས་དང་གཡོ་ཇུས་ཀྱིས་དམ་ལ་བཏགས།
གཟེབ་ནང་གི་གྱད་མི།
སྦྲིད་ཁབ་ཀྱིས་བཟི་རུ་བཅུག་ནའང་།
བརྙས་བཅོས་དང་མནར་གཅོད་ཡོད་ཚད།
ཁོའི་མིག་གིས་མཐོང་ཞིང་སེམས་ན་གསལ།
དུས་ཚོད་ཀྱིས།
གྱད་མི་སད་པར་བསྐུལ།

ད་ལྟ།   གྱད་མི་འགུལ་ཙམ་འགུལ་ཙམ་བྱེད།

༢༠༡༥/༡/༡༨ནམ་སྨད་དུ།

སྙན་ངག་འཁྱག་པ།

ཟུངས་ཁྲག་ཡོད་ཚད་རྒྱུག་ཆུ་བཞིན་དགུན་གྱི་ཀློང་དུ་བཞུར།

གྲང་དམྱལ་གྱི་འཇིག་རྟེན་དུ་བཞུར།
དེ་ནས་འཁྱག་དར་དུ་འགྱུར།  

བསྐལ་བའི་འཁྱག་དར་དུ་གྱུར།

ལུས་པོ་ནི་ཁེར་རྐྱང་གི་སྡོང་རྒན་སྐམ་པོ་ཞིག་ཏུ་གྱུར་ཏེ་མྱ་ངམ་ཐང་དུ་འགྱེལ།

སྙིང་ནི་འགྱུར་རྡོ་ལོག་ལོག་ཅིག་ཏུ་གྱུར་ནས་གནའ་རྫས་ཉར་ཁང་དུ་བསྐྱལ།

མིག་ཆུ་ནི་མུ་ཏིག་གི་མགུལ་རྒྱན་ཐོར་བ་བཞིན་ལམ་ནང་གང་སར་ཟགས།

སེམས་པ་ནི་མེ་དལ་རྗེས་ཀྱི་ཐལ་བ་བཞིན་འཁྱག་པོར་གྱུར།

བརྩེ་དུང་གི་རླུང་བུས་དེ་ཉིད་ཁུར་ཏེ་ཁྱེད་ཕྱོགས་སུ་གཡུགས།
ཤུལ་དུ་ལྷག་པ་ནི་སྙན་ངག་འཁྱག་པ་ཞིག་གོ།

༢༠༡༥/༡/༡༨ནམ་སྨད་དུ།

རྡོ།

ལོ་ངོ་ཁྲི་ཕྲག་གི་རང་གཤིས་མཁྲེགས་པོ།

སྐད་ཅིག་མ་རེ་རེར་འགྱུར་གྱིན་ཡོད་ཟེར་ན་སུ་ཞིག་ཡིད་ཆེས་སམ།

ཡིན་ནའང་།

ཆུ་ཐིགས་ཀྱི་རྗེས་ཤུལ་དེ་དག

གཏན་ཚིགས་ཀྱིས་བཞག་པའི་རྨ་ཁ་མ་ཡིན་ནམ།

རྡོ་བའི་ཚུལ་ལ་ལྟོས་དང་།

སེམས་པ་འགྱུར་བར་ཁག་ག་ལ་ཡོད།

༢༠༡༤.༥.༢༠

ལུས་དྲི།

ལྷན་སྐྱེས་དང་སྦྱར་བྱུང་གང་ཡང་མ་ཡིན་པའི།
ཞིམ་མི་ཞིམ་གྱི་དབྱེ་བ་འབྱེད་ཐབས་དཀའ་བའི།
སྣ་ཤེས་གང་ཡིན་གྱིས་ཚོར་མི་ཐུབ་པའི།
ཁྱེད་ཁོ་ནར་ཡོད་པའི།
དྲི་བསུང་དེ།    ངས་གཏན་ནས་བརྗེད་ཐབས་བྲལ།

༢༠༡༤.༥.༡༩

རྡུལ།

གདེང་འཇོག་བྱ་མི་རིགས་ཏེ།
ཁྱེད་རང་ཆུང་དྲགས་ནས་མིག་གིས་འཚོལ་ཐབས་བྲལ།
མཐོང་ཆུང་བྱ་མི་འོས་ཏེ།

ཁྱེད་རང་ངའི་ཡོད་ཚད་ཤོང་ཐུབ་པའི་འཇིག་རྟེན་ཧྲིལ་བོ་དེའོ།།

 ༢༠༡༤.༥.༢༠

རི་རྩེའི་དར་ལྕོག་ཁེར་རྐྱང་།

དར་ལྕོག་ཅིག

ཆེས་མཐོ་བའི་རི་རྩེར་འགྲེང་སྟེ།
གནམ་སའི་ཕར་ཚུར་ལ་ལྟ་བཞིན།

གནའ་བོའི་རྩྭ་ཐང་གི་དར་རྒུད་ལ་མནོ་བསམ་བཏང་།

ཐར་ཐོར་དུ་བཀྲམས་པའི་ནོར་ལུག་ཚོགས།

ནམ་ངན་དང་འཕར་སྤྱང་གི་འཇབ་རྒོལ་ལ་གོམས་ཤིང་།
རྫི་བོ་རྣམས་ཀྱིས་རང་ཉིད་དང་བཅས་པར་ལྕགས་ར་བསྐོར་རྗེས།

སེམས་བདེ་མོས་གཉིད་དུ་ཡུར།

རི་རྩེའི་དར་ལྕོག་གིས།

ཁེར་རྐྱང་ངང་།
དྲག་རླུང་གི་རྡུང་རྡེག་དང་།
འཇམ་རླུང་གི་བསླུ་བྲིད་ཚོར་ཏེ།
ན་ཟུག་གི་གཏམ་རྒྱུད་རེ་རེ་བཞིན།
མཐའ་ཡས་པའི་རྩྭ་ཐང་ལ་བཤད་ཅིང་།
རླུང་ཁར་ཟད་ཀྱིན་པའི་ཚེ་སྲོག་གིས།
རི་ཚོགས་ལ་ལོ་ངོ་སྟོང་གི་སྐྱོ་སྡུག་བརྗོད།
འོན་ཀྱང་།  དེ་ཉིད་ཐོས་མཁན་ནི།
སྔར་བཞིན་སྟོང་འཇགས་ཀྱི་ནམ་མཁའ་ཁོ་ནའོ།།
༢༠༡༥ལོའི་ཟླ་༧ཚེས་༧ལ་རྭ་རྒྱ་ནས་བློས་བསླངས་བྱས་ཤིང་། 
        ༢༠༡༥ལོའི་ཟླ་༧ཚེས་༨ལ་ཡིག་ངོར་ཕབས།



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། oldr བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
   གཟི་མིག་གསུམ་པའི་སྙན་ངག་བདམས་བཀོད།   སྤེལ་མཁན།: ཟམ་ཚ་བ། སྤེལ་དུས:2020/2/26
མི་རིགས་ཤིག་གི་ཆེད་དུ་ཡོད་ཚད་གཏོང་ཐུབ་པའི་དཔའ་བོ་ཁྱོའི་སྐུ་ལུས་བདེ་ཐང་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་སྙིང་ནས་ཞུ། གཟི་མིག་གསུམ་པ ཁྱོད་ནི་རང་དོན་བཞག་ནས རིགས་དོན་ཁུར་བའི མཐོ་གྲོང་གི་གངས་གཡག་དར་མ ཁྱོད་ནི
   གཟི་མིག་གསུམ་པའི་སྙན་ངག་བདམས་བཀོད།   སྤེལ་མཁན།: སྤྲིན་བཞོན། སྤེལ་དུས:2015/11/1
གཟི་མིག་གསུམ་པའི་སྙན་ངག་ནི་རང་བློར་ཞེ་དྲག་འབབ། ཡང་བཀླགས་བསྐྱར་བཀླགས་བྱས་ཡིན།
why people cheat in marriage click why women cheat
pharmacy discount cards peterdn.com free prescription drug cards
sumial 40 blog.myexpensesonline.co.uk sumial dosis
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23549798
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།