རྭ་རྒྱའི་སློབ་གླིང་ངོ་སྤྲོད།༼༡༩༩༤——༢༠༠༥༽
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 19 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་ཞུགས་མིང་ཐོ། »རྭ་རྒྱའི་སློབ་གླིང་ངོ་སྤྲོད།༼༡༩༩༤——༢༠༠༥༽
རྭ་རྒྱའི་སློབ་གླིང་ངོ་སྤྲོད།༼༡༩༩༤——༢༠༠༥༽
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས 2015-03-24ལྟ་ཀློག (4382)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གནས་ཚུལ་རགས་བསྡུས།

༡༩༩༤——༢༠༠༥

          ང་ཚོའི་སློབ་གྲྭ་འདི་ནི་སྤྱི་ལོ་༡༩༩༤ལོའི་ཟླ་༨པར་ཁུལ་མི་དམངས་སྲིད་གཞུང་གི་ཆོག་མཆན་འོག་དངོས་སུ་བཙུགས་ཤིང་། རྨ་ཆེན་རྫོང་གི་མངའ་ཁོངས་སུ་ཡོད་ལ། ཞིང་ཆེན་ཡོངས་ཀྱི་ཆེས་ཐོག་མའི་སྒེར་བཙུགས་སློབ་གྲྭ་གཅིག་པུ་ཡིན། སྤྱི་ལོ་༢༠༠༡ལོའི་ཟླ་༤ཚེས་༡༤ཉིན་ཁུལ་མི་དམངས་སྲིད་གཞུང་གི་ཆོག་མཆན་འོག་ཆེད་ལས་མཐོ་འབྲིང་དུ་བསྒྱུར་ཞིང་། སྤྱི་ལོ་༢༠༠༢ལོའི་ཟླ་༦ཚེས་༢༦ཉིན་ཁུལ་མི་དམངས་སྲིད་གཞུང་གི་ཆོག་མཆན་འོག་འཇིགས་མེད་རྒྱལ་མཚན་སྒེར་བཙུགས་སློབ་གྲྭ་ཞེས་པའི་མིང་ཡང་འཇིགས་མེད་རྒྱལ་མཚན་ཕན་བདེ་སློབ་གྲྭ་ཞེས་པར་བཅོས། ༢༠༠༣ལོར་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གི་དམངས་ཁྲོད་དོ་དམ་རྩ་འཛུགས་ཅུས་ཀྱིས་དམངས་ཕན་ལས་ཁུངས་སུ་བདམས། ༢༠༠༦ལོའི་ཟླ་༣ཚེས་༧ཉིན་ཀྲུང་ཧྭ་ཆེད་ལས་སློབ་གསོ་སྡེ་ཁག་གིས་ཀྲུང་ཧྭ་ཆེད་ལས་སློབ་གསོའི་མཚོ་སྔོན་ཚོད་ལྟའི་སློབ་གྲྭ་རུ་བསྒྱུར། ༢༠༠༧ལོའི་ཟླ་དང་བོར་ཀྲུང་ཧྭ་སྙིང་རྗེ་ཚོགས་པས་ཀྲུང་ཧྭ་སྙིང་རྗེའི་བྱ་བར་བྱས་རྗེས་འཇོག་མཁན་གྱི་བྱ་དགའི་རྟགས་མ་གནང་།

གཅིག

རྩ་བའི་གནས་ཚུལ།

       འཇིགས་མེད་རྒྱལ་མཚན་ཕན་བདེའི་སློབ་གླིང་ནི་མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་ཁུལ་དང་མཚོ་ལྷོ་ཁུལ་གཉིས་ཀྱི་འདྲེས་མཚམས། ཆོས་སྡེ་ཆེན་མོ་རྭ་རྒྱའི་དགོན་གྱི་ཉེ་འགྲམ་སྟེ། མཐོ་ཞིང་བརྗིད་པའི་ཨ་མྱེས་ཁྱུང་མགོན་ལྷུན་པོའི་འདབ་རོལ། མདུན་དུ་རྨ་ཆུ་ལི་མ་དལ་གྱིས་འབབ་པ་སོགས་ཡུལ་ལྗོངས་ངོ་མཚར་ཞིང་ནམ་ཟླ་མི་ལ་འཕྲོད་པ་ཞིག་ཡོད་དོ། །མིག་སྔར་སློབ་གྲྭའི་ས་ཁྱོན་ལ་རྨིད་གྲུ་བཞི་མ་ཁྲི་༣༣དང་དེའི་ཁྲོད་སློབ་གྲྭའི་ཁོར་ཡུག་གིས་རྨིད་གྲུ་བཞི་མ་༡༧༤༩༣༣བཟུང་ཡོད། ད་ལྟ་དབུས་གཙང་དང་། ཀན་སུ། སི་ཁྲོན། མཚོ་སྔོན་སོགས་ནས་ཕེབས་པའི་དགེ་རྒན་ལས་ཐོགས་པ་མི་༢༨དང་སློབ་མ་༦༡༣དེའི་ཁྲོད་དམངས་གཞིའི་ཆུ་ཚད་སྡེ་ཁག་གི་སློབ་མ་༣༣༣དང་ཆེད་ལས་མཐོ་འབྲིང་སྡེ་ཁག་གི་སློབ་མ་༢༨༠ཡོད།སློབ་མ་འདི་དག་ནི་ཞིང་ཆེན་ནང་ཁུལ་གྱི་རྨ་ལྷོ་དང་། མཚོ་ལྷོ། མགོ་ལོག མཚོ་ནུབ། མཚོ་ བྱང་། དཔའ་ལུང་། ཕེན་ཨན། དཔའ་རེས། གྲོ་ཚང་། ཙོང་ཁ་སོགས་དང་། དེ་མིན་སི་ཁྲོན་དང་། ཀན་སུ། ལྷ་ས་སོགས་བོད་རིགས་རང་སྐྱོང་ཁུལ་དགུ་དང་ལྗོངས་གཉིས། རྫོང་༣༨གཞན་ནང་སོག་དང་ནང་ལོགས་བཅས་ནས་ཡོང་བ་ཤ་སྟག་གོ །

གཉིས།

སློབ་སྒྲུབ་ཁ་ཕྱོགས། 

         སློབ་གྲྭ་འདི་ནི་རོང་འབྲོག་ཁུལ་གྱི་ལོ་གཞོན་སློབ་ཤོར་མང་བོར་བོད་ཀྱི་སྲོལ་རྒྱུན་རིག་གནས་ཆ་ཚང་དང་དགོན་སྡེའི་ཁྲོད་ཀྱི་ན་གཞོན་གྲྭ་བཙུན་མང་བོར་དེང་རབས་སློབ་གསོ་དང་ཡིག་རིགས་གཞན་པ་སོགས་སྦྱོང་རྒྱུའི་ཆ་རྐྱེན་དུ་དམིགས་ཏེ་སྒེར་བསྒྲུབས་བྱས་ཤིང་། མི་གཞི་དང་བློ་རིག བདེ་ཐང་བཅས་ཕྱོགས་ཡོངས་དུས་ རབས་དང་མཐུན་པར་ཡར་རྒྱས་ཡོང་རྒྱུའི་དགོས་མཁོའི་ཐོག རྒྱལ་ཁབ་དང་ས་གནས་འཛུགས་བསྐྲུན་ལ་མཁོ་བའི་རིག་གནས་ཆུ་ཚད་འབྲིང་དང་། མི་གཞི་འཇོན་ཐང་ཅན་བསྐྱེད་བསྲིང་བྱས་ཏེ་བོད་ཀྱི་རིག་གནས་ཀུན་སྤྱོད་ཇེ་མཐོར་གཏོང་རྒྱུར་ཁ་ཕྱོགས་ཡོད། སློབ་གླིང་དུ་སློབ་གཙོ་གཅིག་དང་སློབ་གཙོ་གཞོན་པ་གསུམ། སློབ་ཨུད། སློབ་སྟོན་ཁང་། སྤྱི་གཉེར་ཁང་། སློབ་སྲིད་ཁང་། དེའི་འོག་ཏུ་སློབ་བུ་ཚོགས་པ་དང་རིག་རྩལ་ཚོགས་པ་སོགས་སྡེ་ཁག་རྩ་འཛུགས་བྱས་ཡོད། སློབ་ཁྲིད་བྱ་བ་དེ་རྨང་གཞིའི་སྡེ་ཁག་དང་ཆེད་ལས་མཐོ་འབྲིང་གི་སྡེ་ཁག་གཉིས་སུ་བགོས་ཏེ་སློབ་ཁྲིད་ལག་བསྟར་བྱེད་བཞིན་ཡོད་ལ། སློབ་ཡུན་ལོ་དྲུག་ཡིན། མཐར་ཕྱིན་སློབ་མ་ལ་རྒྱལ་ཕྱི་ནང་ཀུན་ཏུ་སློབ་གྲྭར་འགྲོ་མཁན་སོགས་མང་ངོ་། །

གསུམ།

སློབ་མའི་སྒྲིག་གཞི། 

       ༡,སློབ་མ་བསྡུ་ཚུལ། ང་ཚོས་རིམ་པ་གཉིས་སུ་དབྱེ་ནས་སློབ་མ་བསྡུ་བཞིན་ཡོད་ལ། དེ་ཡང་རྨང་གཞིའི་སྡེ་ཁག་ཏུ་རིག་གནས་དང་ལག་རྩལ་སོགས་ལ་སློབ་འདུན་ཆེ་བའི་ཡིག་རྨོངས་པ་དག་ལེན་བཞིན་ཡོད་ལ། ཆེད་ལས་སྡེ་ཁག་ཏུ་སློབ་འབྲིང་དང་སློབ་འབྲིང་ཡན་གྱི་ཆུ་ཚད་ལྡན་པའི་ན་གཞོན་དར་མ་དག་རྒྱུགས་ཀྱིས་བདམས་ཏེ་ལེན་བཞིན་ཡོད། དེ་མིན་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་ཚ་མེད་དང་དྭ་ཕྲུག་དཀའ་ངལ་ཅན་སོགས་ཀྱང་བསྡུ་ལེན་ཐད་དུ་བྱེད་ཐབས་སྣ་ཚོགས་སྤྱོད་བཞིན་ཡོད། མིང་ཐོ་འགོད་སྐབས་ངེས་པར་དུ་རུ་གྲོང་(ཡུལ་ཚོ)སྲིད་གཞུང་གི་དཔང་ ཡིག་མཁོ། ང་ཚོས་དགེ་རྒན་གྱི་དཔུང་སྡེ་གསོ་སྐྱོང་གིས། སློབ་ཁྲིད་བྱེད་ནུས་ཇེ་མཐོར་གཏོང་ཆེད་ལས་རིགས་སོ་སོའི་ཁྲོད་ཀྱི་ཤེས་ལྡན་མི་སྣ་དང་། སྤྱི་ཚོགས་ཁྲོད་སྙན་གྲགས་ཆེ་ཞིང་དགའ་བསུ་ཐོབ་པའི་ཆེད་མཁས་པ་དང་། སློབ་མ། ཁྱད་ཆོས་ལྡན་པའི་དགོན་སྡེའི་ཁྲོད་ཀྱི་ཤེས་ལྡན་པ་སོགས་གདན་འདྲེན་ཞུ་བཞིན་ཡོད། 

      ༢,སློབ་ཁྲིད་བཀོད་སྒྲིག ༢༠༠༡ཁུལ་སྲིད་གཞུང་གིས་ཆེད་ལས་མཐོ་འབྲིང་དུ་བསྒྱུར་བ་ནས། སློབ་གྲྭས་འགན་བབས་སློབ་གསོར་ཤུགས་སྣོན་བྱེད་པ་དང་དུས་མཚུངས་སུ། ཤེས་ཡོན་དང་ལག་རྩལ། རིག་གནས་བཅས་ལྡན་པའི་འབྲོག་ཁུལ་གྱི་ཤེས་ལྡན་མི་སྣ་གསར་བ་བསྐྱེད་བསྲིང་བྱས་ཏེ། སྲོལ་རྒྱུན་སློབ་གསོའི་བྱེད་སྟངས་སྤྱད་ནས་ཁྱད་ཆོས་ལྡན་པའི་སློབ་གསོ་སྤེལ་བ་ལ་རྨང་གཞིའི་སློབ་གསོ་ དང་། ཆེད་ལས་སློབ་གསོ། མི་ཚད་ལྡན་གྱི་སློབ་གསོ་བཅས་གཞི་གཅིག་ཏུ་བསྡུས་ཤིང་།རྨང་གཞིའི་སྡེ་ཁག་དང་ཆེད་ལས་སྡེ་ཁག་གཉིས་སུ་བགོས་ཏེ་ལོ་གསུམ་གྱི་ལམ་ལུགས་གཏན་ལ་ཕབས་ཡོད། དེ་ཡང་སྐད་གསུམ་སློབ་ཁྲིད་ལག་ལེན་གྱིས་ལོ་གསུམ་ལ་རྨང་གཞིའི་སློབ་གསོ་སྤེལ་ནས་ཆེད་དུ་རིག་གནས་ཤེས་བྱའི་རྨང་གཞི་བསྐྲུན་རྗེས།ཆེད་ལས་མཐོ་འབྲིང་ལ་གསོ་རིག་ཆེད་སྦྱོང་དང་། བོད་ཡིག་ཆེས་མཐོའི་ཆེད་སྦྱོང་། དབྱིན་ཡིག་ཆེད་སྦྱོང་། གློག་རྩིས་ཆེད་སྦྱོང་། བཟོ་རིག་ཆེད་སྦྱོང་བཅས་ཡོད་ལ།  མ་འོངས་པ་ན་བོད་ཀྱི་འཛུགས་བསྐྲུན་ལག་རྩལ་ཆེད་སྦྱོང་ཞིག་ཀྱང་བསྒྲུབ་རྩིས་ཡོད།

        ༣,སློབ་ཁྲིད་བྱེད་སྟངས། བོད་རྒྱུད་ནང་བསྟན་ཚད་མ་རིག་པའི་རིགས་ལམ་གྱིས་དེང་རབས་སྦྱོང་ཚན་ཁག་ལ་དབྱེ་ཞིབ་དང་ཞིབ་བསྡུར་བྱེད་དུ་འཇུག་བཞིན་ཡོད་ལ། དེ་ལྟར་བྱས་པས་མིའི་བསམ་གཞིག་གི་ནུས་པ་གོང་མཐོར་གཏོང་ཐུབ་པར་མ་ཟད། ཡིད་འཛིན་ཇེ་བརྟན་དང་། བསམ་བློ་ཇེ་ཟབ་དུ་གྱུར་ཏེ་ན་གཞོན་རྣམས་ཀྱི་རིག་པའི་སྒོ་མོ་ཡངས་པོར་ཕྱེས་ཏེ་སྦྱང་ཚན་ཀུན་གྱི་ནང་དོན་ལ་ཟབ་འཇུག་བྱེད་པར་ཕན་པ་རྒྱ་ཆེན་པོ་ཐོན་བཞིན་ཡོད་དོ། །

བཞི་བ།

སློབ་སྒྲུབ་གྲུབ་འབྲས་དང་སྤྱི་ཚོགས་ལ་ཐོན་པའི་ཕན་འབྲས།  

         སློབ་གྲྭ་བསྒྲུབས་ནས་མི་ལོ་བཅུ་གསུམ་གྱི་རིང་ལ། དགེ་རྒན་རྣམས་ཕལ་ཆེར་ཞིག་ཤེས་ཡོན་ཟབ་པའི་དགེ་བཤེས་དང་། ལྷག་བསམ་དང་བརྩོན་སེམས་ཅན་ཤ་ སྟག་ཡིན་ཞིང་། སློབ་མ་རྣམས་ཀྱང་སྒྲིག་ལམ་བརྩི་བསྲུང་དང་སློབ་སྦྱོང་ཧུར་བརྩོན་བྱས་པ་ཡིས་གྲུབ་འབྲས་གཡུར་དུ་ཟ་བ་སྨིན་པས། ད་སྔ་ཡན་དུ་མཐར་ཕྱིན་སློབ་བུ་༣༣༣དང་དཔེ་དེབ་༦༠ལྷག་པར་བསྐྲུན། སྤྱི་ཚོགས་ལ་ཁ་ཕྱོགས་ཏེ་མཐོ་འབྲིང་དམའ་འབྲིང་། ཁ་ཤས་སློབ་གྲྭ་ཆེན་མོ་བའི་ཚད་ལ་བསླེབས་པའི་རིག་གནས་ཆུ་ཚད་ཅན་བསྐྱེད་བསྲིང་བྱས་ཤིང་། དེ་ལས་མཐར་ཕྱིན་སློབ་མ་༡༡གིས་སློབ་གླིང་རང་དུ་དགེ་རྒན་དང་གཉེར་བའི་ལས་འགན་འཁུར་བཞིན་ཡོད་ལ།མི་༡༨ཀྱིས་རང་རང་གི་ས་གནས་སུ་བཅའ་སྡོད་སློབ་གྲྭ་དང་སྦྲ་གུར་སློབ་གྲྭ་སོགས་སུ་དགེ་རྒན་གྱི་འགན་འཁུར་བཞིན་ཡོད། མི་༤ཡིས་སྒེར་སྒྲུབ་ལས་རིགས་གཉེར་བཞིན་ཡོད།དེ་མིན་གཞན་རྣམས་མགོ་ལོག་འཕྲོད་བསྟེན་སློབ་གྲྭ་དང་། མཚོ་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭ། མཚོ་སྔོན་མི་རིགས་དགེ་ཐོན་ཆེད་གཉེར་སློབ་གྲྭ།   མཚོ་སྔོན་དགེ་ཐོན་སློབ་ཆེན། བོད་ལྗོངས་སྤྱི་ཚོགས་སློབ་གླིང་གི་དབྱིན་ཡིག་སྡེ་ཁག བོད་ལྗོངས་སློབ་གྲྭ་ཆེན་མོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་མི་རིགས་སློབ་གླིང་། སི་ཁྲོན་སྒོ་མང་ལྔ་རིག་སློབ་གླིང་།   ལྷ་ས་གངས་གཞོན་སྐད་རིགས་སློབ་གྲྭ།   ཀན་ལྷོ་ཁུལ་ལག་རྩལ་སློབ་གྲྭ་སོགས་སུ་སློབ་སྦྱོང་བྱེད་བཞིན་ཡོད་ལ། གྲྭ་བཙུན་རྣམས་མཐར་ཕྱིན་རྗེས་རང་རང་གི་དགོན་ནང་དུ་ལོག་སྟེ་མུ་མཐུད་དུ་ཟབ་སྦྱོང་བྱེད་བཞིན་ཡོད་དོ། །  

          ལོ་བཅུ་ཕྲག་ལྷག་གི་འབད་བརྩོན་གྱིས།   བ་གླིང་ཆེན་མོ་དག་ལ་སློབ་མའི་འབྱུང་ཁུངས་བཟོས་ཡོད་ལ།    སྤྱི་ཚོགས་ལ་ཡང་ཆུ་ཚད་དང་ཀུན་སྤྱོད་།   བསམ་བློ་བཅས་ཡང་དག་པའི་སྤྱི་དམངས་ལེགས་པོ་ཞིག་བསྐྱེད་བསྲིང་བྱས་ཡོད་ཅེས་བཤད་ཆོག་ལ།    དུས་མཚུངས་སུ་དགོན་སྡེ་ཁག་གི་གྲྭ་བ་དག་ཀྱང་ཤེས་ཡོན་གོང་མཐོར་བཏང་སྟེ།    དེང་རབས་ཚན་རིག་གི་ཤེས་བྱ་དང་།   ཤེས་ཡོན་དང་བསམ་བློའི་ཆུ་ཚད་བསྐྱེད་བསྲིང་བྱས་པས།   ངེད་སློབ་གླིང་ནི་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ཇེ་ཆེ་དང་།   དཔྱད་བརྗོད་པ་དག་གིས་ཀྱང་གདེང་འཇོག་བྱེད་བཞིན་ཡོད་པས།   སློབ་ཞུགས་སློབ་མ་ཇེ་མང་དུ་གྱུར་བས།    རྒྱལ་ཁབ་རིམ་པ་དང་།   ཞིང་ཆེན།   ཁུལ་དང་རྫོང་།    རུ་གྲོང་སྲིད་གཞུང་སོགས་འབྲེལ་ཡོད་སྡེ་ཁག་སོ་སོའི་བསྔགས་བརྗོད་མང་དུ་ཐོབ།   དེའི་རྐྱེན་གྱིས་ངེད་ཅག་ལ་ " སྔོན་ཐོན་ཅན་གྱི་དམངས་ཁྲོད་རྩ་འཛུགས་དགའ་རྟགས " དང་། " མཚོ་སྔོན་ཞིང་ཆེན་གྱི་བྱ་བཞག་རླབས་ཆེའི་བྱ་དགའ " ། " ཀྲུང་ཧྭ་སྙིང་རྗེའི་བྱ་དགའ་ " སོགས་གཟེངས་བསྟོད་དང་སྐུལ་མ་མང་དུ་ཐོབ།   ༢༠༠༣ལོའི་ཟླ་༣ཚེས་༢༨ཉིན་རྒྱལ་སྲིད་གསར་འགྱུར་ལས་རིགས་ཀྱིས་ཆོག་མཆན་བཀོད་པ་བཞིན་ཕུལ་བྱུང་གྲུབ་འབྲས་དག་བོད་ལྗོངས་ཆ་འཕྲིན་སྟེ་གནས་བརྒྱུད་ཕྱི་བསྒྲགས་བྱས།༢༠༠༥ལོའི་ཟླ་༡༢བར་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་དང་མཚོ་སྔོན་ཞིང་ཆེན་དམངས་ཁྲོད་དར་རྒྱས་རྩ་འཛུགས་ཚོགས་པས་ " དམངས་ཁྲོད་སྔོན་ཐོན་རྩ་འཛུགས་ " བདམས་སོ།།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 30r6 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5784818
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号