བཀའ་གདམས་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་བགྲོས་ཐོར་བུ་རྣམས་བཞུགས་སོ།། 《གཉིས་པ།》
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཆོས་ལུགས།» ནང་བསྟན་རིག་གཞུང་། »བཀའ་གདམས་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་བགྲོས་ཐོར་བུ་རྣམས་བ
བཀའ་གདམས་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་བགྲོས་ཐོར་བུ་རྣམས་བཞུགས་སོ།། 《གཉིས་པ།》
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2021-10-08ལྟ་ཀློག (7976)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

༄༅།། བཀའ་གདམས་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་བགྲོས་ཐོར་བུ་རྣམས་བཞུགས་སོ།། གཉིས་པ།

       དགེ་བཤེས་སྟོན་པ་ལ་སློབ་མ་སྐུ་མཆེད་གསུམ་གྱིས་ཐམས་ཅད་མཁྱེན་པའི་ལམ་ཐམས་ཅད་ཀྱི་དོན་མདོར་བསྡུས་ནས་ཉམས་སུ་བླང་བའི་ཐབས་ཅིག་ཞུ་ལགས་ཞུས་པས།   འབྲོམ་སྟོན་པའི་ཞལ་ནས།  རྟེན་གྱི་གང་ཟག་ཅིག་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པར་བྱེད་པ་ལ་ལམ་གྱི་འཇུག་སྒོ་བསླབ་བྱ་བསམ་གྱིས་མི་ཁྱབ་པ་ཅིག་ཡོད་ཀྱང་རྒྱུད་ལ་སྐྱེ་བར་བྱ་རྒྱུའི་དངོས་པོ་གཅིག་ལས་མེད།   གཅིག་པོ་གང་ཡིན་ན་སྟོང་ཉིད་སྙིང་རྗེའི་སྙིང་བོ་ཅན་ཡིན་ལ།  དེ་ལ་བྱེ་བྲག་ཏུ་ཕྱེ་བ་སྟོང་བ་ནི་དོན་དམ་བྱང་ཆུབ་ཀྱི་སེམས་ཏེ།  ཆོས་ཐམས་ཅད་ཀྱི་རང་བཞིན་ནམ་གནས་ལུགས་ཡེ་ནས་སྐྱེ་མེད་དུ་རྟོགས་པ་དེ་ཡིན།   སྙིང་རྗེ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཏེ།  དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེས་པ་དེ་ཡིན།  དེས་ན་ཐེག་པ་ཆེན་པོའི་ལམ་ཉམས་སུ་ལེན་པ་རྣམས་ཀྱིས་དང་བོ་བྱང་ཆུབ་ཀྱི་སེམས་གཉིས་པོ་དེ་རྒྱུད་ལ་མ་སྐྱེས་པ་སྐྱེ་བར་བྱེད་པའི་ཐབས་ལ་འབད་ཅིང་།   བར་དུ་ཡང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་རྒྱུད་ལ་སྐྱེས་པ་དེ་ཉིད་ལ་སྦྱངས་པས།  ཐ་མ་མཐར་ཕྱིན་པའི་འབྲས་བུ་ཆོས་སྐུ་དང་གཟུགས་སྐུ་མངོན་སུམ་དུ་ཐོབ་ངེས་པ་ཡིན།  དང་བོ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་རྒྱུད་ལ་མ་སྐྱེས་པ་སྐྱེ་བར་བྱེད་པའི་ཐབས་མང་ཡང་།  མདོར་བསྡུས་ན་ཉམས་སུ་ལེན་པ་ལ།  ཐབས་ཀྱི་རྩ་བ་གསུམ།  ཡན་ལག་གི་གཙོ་བོ་དགུ་ལས་མེད།  དང་བོ་རྩ་བ་གསུམ་ནི།  བློ་སྦྱོང་བ་དང་།  ཚོགས་བསག་པ་དང་།  ཏིང་ངེ་འཛིན་བཙལ་བ་དང་གསུམ་དུ་ངེས།   དེ་དག་གི་ཡན་ལག་གི་གཙོ་བོ་དགུ་ནི།   དང་བོ་བློ་སྦྱོང་བའི་ཐབས་མང་ཡང་།  མི་རྟག་པ་བསྒོམ་པ་དང་།  བྱམས་སྙིང་རྗེ་བསྒོམ་པ་དང་།  བདག་མེད་གཉིས་བསྒོམ་པ་དང་གསུམ་གཙོ་བོ་ཡིན་ཏེ།  བློ་སྦྱོང་གི་ཐབས་སུ་དེ་གསུམ་ཁོ་ན་ཆེ་ཞིང་གཞན་ཐམས་ཅད་དེའི་ཁོངས་སུ་འདུས།  ཚོགས་བསག་པ་ལ་བསག་ཐབས་མང་ཡང་།  བླ་མའི་བསྙེན་བཀུར་དང་།   དཀོན་མཆོག་གི་མཆོད་པ་དང་།  དགེ་འདུན་གྱི་བསྙེན་བཀུར་དང་གསུམ་གཙོ་བོ་ཡིན་ཏེ།  ཚོགས་བསག་གི་ཐབས་སུ་དེ་གསུམ་ཁོ་ན་ཆེ་ཞིང་འདུས།  ཏིང་ངེ་འཛིན་བཙལ་བ་ལ་བཙལ་ཐབས་མང་ཡང་།  ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་བ་དང་།  བརྒྱུད་པའི་བླ་མ་ལ་གསོལ་བ་གདབ་པ་དང་།  ལུས་སེམས་དབེན་པ་བསྟེན་པ་དང་གསུམ་གཙོ་བོ་ཡིན་ཏེ།  ཞི་གནས་ལྷག་མཐོང་གི་ཏིང་ངེ་འཛིན་བཙལ་བའི་ཐབས་སུ་དེ་གསུམ་ཁོ་ན་ཆེ་ཞིང་འདུས།  དེ་ལྟར་དོན་དགུ་བོ་དེ་དྲིལ་ནས་ཉམས་སུ་བླངས་པས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ངམ་ངམ་ཤུགས་ཀྱིས་རྒྱུད་ལ་སྐྱེ་སྟེ།  དོན་དམ་བྱང་ཆུབ་ཀྱི་སེམས་སྐྱེས་ཙམ་ན།  ཕྱི་ནང་གི་ཆོས་ཐམས་ཅད་སྟོང་བ་སྐྱེ་མེད་སྤྲོས་བྲལ་དུ་ལྷན་གྱིས་རྟོགས་པ་འབྱུང་།  དེ་ཙམ་ན་རང་གི་ནང་དུ་བློ་བདེ་རྙེད་པ་ཡིན།  ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྐྱེས་ཙམ་ན།  དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་བྱམས་སྙིང་རྗེ་ལྷག་པར་སྐྱེ་སྟེ།

 

བྱ་རྒྱུ་སེམས་ཅན་གྱི་དོན་ལས་མེད་པ་ཅིག་འབྱུང་།  དེ་ཙ་ན་ཅི་བྱས་སེམས་ཅན་གྱི་དོན་དུ་འགྱུར་བ་ཅིག་འོང་བ་ཡིན།  དེ་གཉིས་ཟུང་དུ་འབྲེལ་ཏེ་སྟོང་བའི་དུས་ཉིད་ན་མ་འགགས་པའི་སེམས་ཅན་ལ་སྙིང་རྗེ་ལྷག་པར་སྐྱེ་ལ།  སྙིང་རྗེའི་དུས་ཉིད་ན་བདག་དང་སེམས་ཅན་གྱི་དངོས་པོ་མ་མཐོང་སྟེ།  སྣང་བ་སྒྱུ་མ་ལྟ་བུའི་ངོ་བོ་སྟོང་བར་རྟོགས་ཏེ་ཟུང་འབྲེལ་དུ་སྐྱེས་ཙ་ན་ཐེག་པ་ཆེན་པོའི་ལམ་ཕྱིན་ཅི་མ་ལོག་པར་ཚུད་པ་ཡིན།  དེ་ཉིད་ལ་སྦྱངས་པས་གོམས་པ་མཐར་ཕྱིན་ཙམ་ན་ཆོས་སྐུ་དང་གཟུགས་སྐུ་ལྷུན་འགྲུབ་ཐོབ་པ་ཡིན་ཏེ།  དོན་དམ་བྱང་ཆུབ་ཀྱི་སེམས་སྟོང་བ་ཉིད་ལས་ཆོས་སྐུ།  ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྙིང་རྗེ་ལས་གཟུགས་སྐུ།  དེ་གཉིས་དབྱེར་མེད་དུ་སྦྱངས་པ་ལས་ཆོས་སྐུ་དང་གཟུགས་སྐུ་དབྱེར་མེད་དུ་ཐོབ་གསུང་།  ཡང་འབྲོམ་སྟོན་པ་ལ་སྐུནམཆེད་གསུམ་གྱིས་བདག་དོན་དང་གཞན་དོན་ཕུན་སུམ་ཚོགས་པ་བྱེད་པ་ལ་ལྟ་བ་དང་བདག་གཞན་གཉིས་གལ་གང་ཆེ་ལགས་ཞུས་པས།  སྟོན་པའི་ཞལ་ནས།  རྟེན་གྱི་གང་ཟག་ཐེག་པ་ཆེན་པོའི་སྒོར་ཞུགས་ནས། བདག་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་པ་ལ། ལྟ་བ་རྣམ་པར་དག་པ་དང་།  སྤྱོད་པ་རྣམ་པར་དག་པ་གཉིས་ཟུང་དུ་འབྲེལ་དགོས། ཡ་མ་བྲལ་གྱིས་མི་བཏུབ་གསུང་། འོ་ན་ལྟ་སྤྱོད་རྣམ་པར་དག་པ་ཇི་ལྟར་ལགས་ཞུས་པས། སྟོན་པའི་ཞལ་ནས།  ལྟ་བ་རྣམ་པར་དག་པ་ནི་དོན་དམ་པར་ཆོས་ཐམས་ཅད་དངོས་པོ་ཅིར་ཡང་མ་གྲུབ་པས་ཡོད་མེད་རྟག་ཆད་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་བར་རྟོགས་ལ། ཀུན་རྫོབ་ཏུ་ཕྱི་ནང་གི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་སྤྲུལ་བ་ལྟ་བུར་ཤེས་ཤིང་།

དེ་ཡང་རང་གི་སེམས་སྣང་འབའ་ཞིག་ཏུ་རྟོགས་ཏེ། དངོས་པོ་གང་ལའང་ཡིད་མི་གཏོད་ཅིང་གང་གི་ཡང་རྗེས་སུ་མི་འབྲང་བ་ཅིག་ཡིན། སྤྱོད་པ་རྣམ་པར་དག་པ་ནི། ཀུན་རྫོབ་སྒྱུ་མ་རྨི་ལམ་ཙམ་དུ་ལས་དཀར་ནག་གི་འབྲས་བུ་མི་བསླུ་བར་ཤེས་ཏེ། ལས་རྒྱུ་འབྲས་ལ་འཛེམ་ཞིང་། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་ལ་བརྩོན་པ་ཅིག་ཡིན། དེ་ལྟ་བུའི་ལྟ་སྤྱོད་རྣམ་པར་དག་པ་དེ་ཡང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་རྒྱུད་ལ་སྐྱེས་པ་ཅིག་ལ་ངང་གིས་འབྱུང་གསུང་། འོ་ན་ལྟ་སྤྱོད་ཡ་མ་བྲལ་བ་ལ་སྐྱོན་ཅི་ཡོད་ཞུས་པས། སྟོན་པའི་ཞལ་ནས། ལྟ་བ་རྣམ་པར་དག་པ་ཅིག་ཡོད་ཀྱང་སྤྱོད་པ་རྣམ་པར་མ་དག་སྟེ། ལས་རྒྱུ་འབྲས་ལ་མི་འཛེམ་ཞིང་སྤྱོད་རྩིང་བོར་ཤོར་ན་བདག་གཞན་གཉིས་ཀའི་དོན་མི་ནུས་ཏེ་ལྟ་བ་དེ་ཡང་གོལ་བར་འགྲོ། དེས་ན་སྤྱོད་པ་ཟུང་དུ་མ་འབྲེལ་ན་ལམ་ལོག་པར་ལྟུང་བས་ཟུང་འཇུག་ལ་བསླབ་དགོས་གསུང་། ཡང་སྟོན་པ་ལ་སྐུ་མཆེད་གསུམ་གྱིས། དབེན་པར་ཉམས་སུ་ལེན་པ་དང་། སེམས་ཅན་ལ་ཆོས་ཀྱི་ཕན་འདོགས་པ་གཉིས་ཁེབས་གང་ཆེ་ལགས་ཞུས་པས། སྟོན་པའི་ཞལ་ནས། རང་རྒྱུད་ལ་ཉམས་རྟོགས་ཅི་ཡང་མེད་པའི་ལས་དང་བོ་བའི་གང་ཟག་གིས་སེམས་ཅན་ལ་ཕན་བཏགས་ཀྱང་མི་ཐོགས་ཏེ། བྱིན་རླབས་སྣོད་སྟོང་བར་བྱོ་བ་དང་འདྲ་སྟེ། བྱིན་རླབས་ལ་འོང་རྒྱུ་མེད། གདམས་ངག་སྦང་མ་མ་མནན་པར་བསྲིངས་པའི་ཆང་དང་འདྲ་སྟེ། གདམས་ངག་ལ་རོ་བཅུད་མེད། དྲོད་ཐོབ་པ་ལ་བརྟན་པ་མ་ཐོབ་པའི་མོས་པ་སྤྱོད་པའི་གང་ཟག་གིས་སེམས་ཅན་གྱི་དོན་བྱར་མི་བཏུབ་སྟེ། བྱིན་རླབས་བུམ་པ་གང་བྱོ་དང་འདྲ་སྟེ།  གཞན་གང་ཙམ་ན་རང་ཉིད་སྟོང་བར་འགྱུར་རོ།། གདམས་ངག་སྒྲོན་མེ་ལག་བརྒྱུད་དང་འདྲ་སྟེ། གཞན་གསལ་ཙམ་ན་རང་ཉིད་འགྲིབ་པར་འགྱུར། ས་ཐོབ་ནས་མར་སེམས་ཅན་གྱི་དོན་གྲུབ་ཚད་བྱ་བ་ཡིན་ཏེ། བྱིན་རླབས་བུམ་པ་བཟང་བོའི་དངོས་གྲུབ་དང་འདྲ་སྟེ། གཞན་ཐམས་ཅད་སྨིན་པར་བྱས་ཀྱང་རང་ལ་གང་སྟོངས་མེད།

གདམས་ངག་མར་མེའི་གཞི་མ་དང་འདྲ་སྟེ། གཞན་གསལ་བར་བྱས་ཀྱང་རང་ལ་འགྲིབ་པ་མེད་པ་ཡིན། དེས་ན་ད་ལྟ་སྙིགས་མའི་དུས་འདིར་སོ་སོ་སྐྱེ་བོས་དབེན་པར་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་གོམས་པར་བྱ་བ་མ་ཡིན་པ་སེམས་ཅན་ལ་དངོས་སུ་ཕན་གདགས་པའི་དུས་མ་ཡིན།  རང་རྒྱུད་ཉོན་མོངས་པ་བསྲུང་བ་དུས་ཡིན། དཔེར་ན་སྨན་ཆེན་པོའི་ལྗོན་ཤིང་གི་མྱུ་གུ་དེ་བཅད་པའི་དུས་མ་ཡིན་བསྲུང་བའི་དུས་ཡིན་གསུང་ངོ་།། སྟོན་པ་ལ། ཁམས་སྟོན་ཅིག་གིས་བདག་མེད་གཉིས་ཀྱི་དོན་ལོགས་སུ་ཞུས་པས། སྟོན་པའི་ཞལ་ནས། ཡ་གི་སྤྱི་བོའི་གཙུག་ནས། མ་གི་རྐང་བའི་མཐིལ་ཡན་ཆད་ལ་ཤེས་པས་གཞིགས་ཤིང་བཙལ་ཀྱང་བདག་བྱ་བའི་དངོས་པོ་གཅིག་ཀྱང་མ་རྙེད་པ་དེ་ཀ་གང་ཟག་གི་བདག་མེད་ཡིན། ཚོལ་མཁན་གྱི་ཤེས་པ་དེ་ཡང་རང་བཞིན་མེད་པར་ཤེས་པ་དེ་ཆོས་ཀྱི་བདག་མེད་ཡིན་གསུང་། འཕན་ཡུལ་སྤྲས་ཀྱི་འབྲོམ་ཟ་ལོ་འཚོ་མོས་རྭ་སྒྲེང་དུ་ནས་ཡ་བཞི་བཅུ་ཕུལ་ནས། མིང་པོ་འབྲོམ་ཚིགས་པས་ད་རེས་གཏམ་བཏང་བ་ལ་དགེ་བའི་བཤེས་གཉེན་པ་ལགས། འདི་ན་བཞུགས་པའི་གྲྭ་བ་འདི་རྣམས་ཀྱང་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པར་བྱ་བའི་དོན་དུ་འདུས་པ་ལགས། བདག་ཅག་མིང་སྲིང་ཡང་དེ་ཉིད་ཐོབ་པར་བྱ་བའི་དོན་དུ་མཆིས་པ་ལགས་པས། དགེ་བའི་བཤེས་གཉེན་པ་ལ། ཇོ་བོ་རྗེ་ལྷ་གཅིག་གི་གདམས་ངག་བུམ་པ་གང་བྱོའི་ཚུལ་དུ་མངའ་བ་ལགས་པས། དེ་རིང་སངས་རྒྱས་ཐོབ་པར་བྱ་བའི་གདམས་ངག་མི་གསང་བར་ཞུ་འཚལ་ཞེས་ཞུས་པས།

དགེ་བཤེས་སྟོན་པའི་ཞལ་ནས། དང་བོ་འཆི་བ་མི་རྟག་པ་དང་ལས་རྒྱུ་འབྲས་མང་དུ་བསྒོམས་ལ། རང་གིས་ཁས་བླངས་པའི་བསྲུང་སྡོམ་ཀུན་དག་པར་བྱ། བྱམས་པ་དང་སྙིང་རྗེ་མང་དུ་བསྒོམས་ལ། བྱང་ཆུབ་ཀྱི་སེམས་བརྟན་པར་བྱ། དེའི་ཕྱིར་ཚོགས་གཉིས་ཐབས་སྣ་ཚོགས་ཀྱི་སྒོ་ནས་བསགས། སྡིག་པ་ཐབས་སྣ་ཚོགས་ཀྱི་སྒོ་ནས་སྦྱང་བ་ལ་འབད་པར་བྱ། ཆོས་ཐམས་ཅད་འཁོར་གསུམ་མི་དམིགས་པའི་རྩིས་ཟིན་པས། དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ།། དེ་ལྟར་བྱས་ན་ཇོ་བོ་རྗེ་དང་མ་མཇལ་སྙམ་པའི་མྱ་ངན་བྱ་མི་དགོས། སངས་རྒྱས་པར་བྱེད་པ་ལ་ཆོས་དེ་ལས་མེད། ཕྱིས་ནས་འབྲོམ་རྒད་པོ་དང་མ་ཕྲད་སྙམ་པའི་མྱ་ངན་བྱ་མི་དགོས་ཆོས་དེ་ལས་མེད་གསུང་། ། དགེ་བཤེས་སྟོན་པ་ལ། དགེ་བསྙེན་ཅིག་གིས་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མ་བྲལ་ན།དངོས་སམ་བརྒྱུད་ནས་རྟག་ཏུ་གཞན་དོན་འབྱུང་བའི་རྒྱུ་མ་ལགས་སམ་ཞུས་པས། སྟོན་པའི་ཞལ་ནས། གཞན་དོན་ཕུན་སུམ་ཚོགས་པ་འབྱུང་བའི་རྒྱུ་ཡིན་པ་ཨ་ཅང་ཆེ་སྟེ། ངང་ལ་རང་དོན་ཕུན་སུམ་ཚོགས་པའི་རྒྱུར་འགྱུར་ཏེ། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མ་བྲལ་ན་ངན་སོང་གསུམ་དུ་སྐྱེ་མི་སྲིད་དེ།  ད་ལྟ་ཉིད་ནས་ཕྱིར་མི་ལྡོག་པར་ཞེས་བྱ་བར་བཏུབ།  གལ་ཏེ་སྔོན་གྱི་ལམ་ངན་ཚན་པོ་ཆེ་དང་།  ད་ལྟའི་གློ་བུར་གྱི་རྐྱེན་དྲག་པོའི་དབང་གིས་ངན་སོང་དུ་སྐྱེས་སྲིད་ཀྱང་།  བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྐད་ཅིག་མ་གཅིག་དྲན་པ་ཙམ་གྱིས་དེ་མ་ཐག་ཏུ་ངན་སོང་གི་སྐྱེ་གནས་དེ་ཉིད་ལས་ཐར་ནས་མཐོ་རིས་ལྷ་དང་མིའི་གོ་འཕང་ཁྱད་པར་ཅན་ཐོབ་ངེས་པ་ཡིན། 

དེ་ཡང་།  སྤྱོད་འཇུག་ལས། འཇིག་རྟེན་བདེ་བ་ཇི་སྙེད་པ།། དེ་ཀུན་གཞན་བདེ་འདོད་ལས་བྱུང་།། འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ།། དེ་ཀུན་རང་བདེ་འདོད་ལས་བྱུང་།།  མང་དུ་བཤད་ལྟ་ཅི་ཞིག་དགོས།། བྱིས་པ་རང་གི་དོན་བྱེད་དང་།། ཐུབ་པ་གཞན་གྱི་དོན་མཛད་པ།། འདི་གཉིས་ཀྱི་ནི་ཁྱད་པར་ལྟོས།། ཞེས་གསུངས་པ་ལྟར་རོ།། དེས་ན་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ནི་རང་གཞན་གཉིས་ཀའི་དོན་ཆེན་པོ་འགྲུབ་པའི་རྒྱུ་ཡིན་གསུང་།   ཡང་རྭ་སྒྲེང་དུ། ཇོ་བོ་ཅིག་གིས་ཕྱི་བསྐོར་བྱས་པས། དགེ་བཤེས་སྟོན་པའི་ཞལ་ནས། ཇོ་བོ་སྐོར་བ་བྱེད་པ་ཡང་གློ་བ་དགའ་སྟེ།  དེ་བས་ཆོས་ཅིག་རང་བྱས་ན་མི་དགའ་འམ་གསུང་། དེར་ཇོ་བོ་དེའི་བསམ་པ་ལ། སྐོར་བ་བྱེད་པ་ལས་ཀྱང་ཐེག་པ་ཆེན་པོའི་མདོ་ཀློག་པ་ཁེབས་ཆེའམ་སྙམ་ནས། ཀུན་དགའ་ར་བའི་ཁྱམས་སུ་མདོ་བཀླགས་པས། སྟོན་པའི་ཞལ་ནས། ཆོས་ཀློག་པ་ཡང་གློ་བ་དགའ་སྟེ། དེ་བས་ཀྱང་ཆོས་ཅིག་རང་བྱས་ན་མི་དགའ་འམ་གསུང་། ཡང་ཁོ་བོའི་བསམ་པ་ལ། ཀློག་པ་བས་ཀྱང་ཏིང་ངེིའཛིན་བསྒོམས་ན་ཁྱེ་ཆེ་བའི་བརྡ་ཡིན་སྙམ་ནས། སྒོམ་པ་ཡང་གློ་བ་དགའ་སྟེ། དེ་བས་ཀྱང་ཆོས་ཅིག་རང་བྱས་ན་མི་དགའ་འམ་གསུང་། དེར་ཁོས་གཞན་བྱ་ཐབས་མ་རྙེད་ནས། དགེ་བཤེས་པ་ལགས། འོ་ན་བདག་གིས་ཆོས་ཇི་ལྟ་བུ་ཅིག་བགྱི་ཞུས་པས། སྟོན་པའི་ཞལ་ནས། ཇོ་བོ་འདི་བློས་ཐོངས། ཚེ་འདི་བློས་ཐོངས་གསུང་སྐད། དེས་ན་ཚེ་འདི་བློས་མ་ཐོངས་ན་ཅི་བྱས་ཀྱང་ཆོས་སུ་མ་སོང་སྟེ། འཇིག་རྟེན་ཆོས་བརྒྱད་ལས་མ་འདས་ལ། ཚེ་འདིའི་རྣམ་པར་རྟོག་པ་བློས་ཐོངས་ན་ཅི་བྱས་ཆོས་བརྒྱད་དང་མ་འདྲེས་པར་ཐར་བའི་ལམ་དུ་སོང་བ་ཡིན་གསུང་།

ཡང་དགེ་བཤེས་སྟོན་པ་ལ་པོ་ཏོ་བས། ཆོས་དང་ཆོས་མ་ཡིན་པའི་གནམ་ཐིག་གང་ལགས་ཞུས་པས། སྟོན་པའི་ཞལ་ནས། ཉོན་མོངས་པའི་གཉེན་པོར་འགྲོ་ན་ཆོས་ཡིན། མི་འགྲོ་ན་ཆོས་མིན། འཇིག་རྟེན་པ་ཀུན་དང་མི་མཐུན་ན་ཆོས་ཡིན། མཐུན་ན་ཆོས་མིན། བཀའ་ལུང་དང་མཐུན་ན་ཆོས་ཡིན། མི་མཐུན་ན་ཆོས་མིན། རྗེས་བཟང་ན་ཆོས་ཡིན། རྗེས་ངན་ན་ཆོས་མིན་གསུང་། ། དགེ་བཤེས་དགོན་པ་བའི་ཞལ་ནས། ཐམས་ཅད་མཁྱེན་པའི་རྩ་བ་ཚོགས་གཉིས་ལ་ཐུག ཚོགས་གཉིས་ཀྱི་རྩ་བ་བྱང་ཆུབ་ཀྱི་སེམས་ལ་ཐུག བྱང་ཆུབ་ཀྱི་སེམས་ཀྱི་རྩ་བ་བྱམས་སྙིང་རྗེ་ལ་ཐུག དེ་ཐམས་ཅད་ཀྱི་བསླབ་བྱའི་རྩ་བ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཐུག དེ་ཡང་སྦྱིན་པའི་རྩ་བ་འཛིན་ཆགས་མེད་པ་ལ་ཐུག ཚུལ་ཁྲིམས་ཀྱི་རྩ་བ་གྲོགས་བཟང་བསྟེན་པ་ལ་ཐུག བཟོད་པའི་རྩ་བ་དམན་ཆ་འཛིན་པ་ལ་ཐུག བརྩོན་འགྲུས་ཀྱི་རྩ་བ་འཆི་བ་བསྒོམ་པ་ལ་ཐུག བསམ་གཏན་གྱི་རྩ་བ་དབེན་པ་བསྟེན་པ་ལ་ཐུག ཤེས་རབ་ཀྱི་རྩ་བ་རང་སེམས་ལ་ལྟ་བ་ལ་ཐུག བྱིན་རླབས་ཀྱི་རྩ་བ་རང་གི་མོས་གུས་ལ་ཐུག དངོས་གྲུབ་ཀྱི་རྩ་བ་སྡོམ་པ་དང་དམ་ཚིག་ལ་ཐུག ཡོན་ཏན་གྱི་རྩ་བ་ཐོས་བསམ་སྒོམ་གསུམ་ལ་ཐུག གཞན་དོན་གྱི་རྩ་བ་རང་འདོད་མེད་པ་ལ་ཐུག  རང་དང་གཞན་དོན་གཉིས་ཀའི་རྩ་བ་སྒོམ་སྒྲུབ་ལ་ཐུག་གསུང་། ། ཡེར་བའི་ཞང་བཙུན་གྱི་ཞལ་ནས། འོ་སྐོལ་སྙིང་ཐག་པ་ནས་ཐར་བ་དོན་དུ་གཉེར་ན། དུས་རྒྱུན་དུ་འཆི་བ་མི་རྟག་པ་ཡིད་ལ་བསམ་པ་དང་མ་བྲལ་བས། བསམ་སྤྱོད་འཕགས་པའི་རིགས་བཞི་ལ་གནས་པར་བྱེད་དགོས་གསུང་། འཕགས་པའི་རིགས་བཞི་ནི། ཆོས་གོས་ངན་ངོན་ཙམ་གྱིས་ཆོག་པ་དང་། བསོད་སྙོམས་ངན་ངོན་ཙམ་གྱིས་ཆོག་པ་དང་། མལ་ཆ་ངན་ངོན་ཙམ་གྱིས་ཆོག་པ་དང་། ན་བའི་གསོས་སྨན་ལ་སོགས་པའི་ཡོ་བྱད་ངན་ངོན་ཙམ་གྱིས་ཆོག་པ་ཅིག་ཡིན། ཡང་འདོད་པ་ཆུང་བ། ཆོག་ཤེས་པ། གསོ་སླ་བ། དགང་སླ་བ་བཞི་ཡིན།

འདོད་པ་ཆུང་བ་ནི། འཚོ་བའི་ཡོ་བྱད་ཀྱི་དངོས་པོ་བཟང་བོ་དང་མང་བོའི་ཞེ་འདོད་མེད་ཀྱང་། བདོག་པའི་དངོས་པོ་ཐམས་ཅད་སྤངས་པ་ཡིན། ཆོག་ཤེས་པ་ནི་དངོས་པོ་ཆུང་ངུ་ཉུང་ངུ་ངན་ངོན་གྱི་ཆོག་ཤེས་པ་ཡིན། གསོ་སླ་བ་ནི། ཆོས་གོས་དང་། མལ་ཆ་དང་། ཁ་ཟས་ངན་ངོན་ཆུང་ཆུང་ཙམ་གྱིས་འཚོ་བ་ཡིན། དགང་སླ་བ་ནི། བསོད་སྙོམས་དང་རྙེད་པ་དང་བཀུར་སྟི་ངན་ངོན་ཆུང་ཆུང་གིས་བློ་ཁེངས་པ་ཡིན། དེ་ལྟར་འཕགས་པའི་རིགས་བཞི་ལ་གནས་པའི་གང་ཟག་དེའི་རྒྱུད་ལ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་གནས་པས་དེའི་ཕྱིར་འཕགས་པའི་རིགས་བཞི་ལ་གནས་པ་ཞེས་བྱ།  ཚེ་འདིའི་འདོད་པས་ཀུན་ནས་བླངས་ནས། འཕགས་པའི་རིགས་བཞི་ལ་མི་གནས་པ་དེའི་རྒྱུད་ལ་ནི། འཁོར་བ་ངན་སོང་གི་རྒྱུ་སྡིག་པ་མི་དགེ་བ་ཐམས་ཅད་གནས་པས། བདུད་ཀྱི་རིགས་ལ་གནས་པ་ཞེས་བྱའོ།།

དེས་ན་འོ་སྐོལ་གྱི་ཚེ་འདི་ལ་འདོད་པ་མ་སྤངས་ན། ཚེ་རབས་གཞན་དུ་འདོད་པའི་དབང་དུ་འགྲོ་བས་ཚེ་འདིའི་འདོད་པ་ཐམས་ཅད་སྤངས་ལ་འཕགས་པའི་རིགས་བཞི་ལ་གནས་པར་བྱེད་དགོས། ཚེ་འདིའི་འདོད་པ་སྤོངས་པ་ལ་གཉེན་པོ་དུས་རྒྱུན་དུ་མི་རྟག་པ་བསྒོམ་པ་གལ་ཆེ། མི་རྟག་པ་སྔ་དྲོ་ཅིག་ལ་བསྒོམས་ཀྱང་ཉི་མ་ཕྱེད་ན་ཚེ་འདི་བར་ཆ་གསུང་། ། ཡང་ཡེར་བའི་ཞང་བཙུན་གྱི་ཞལ་ནས། ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པར་འདོད་ན་མ་འདྲེས་པ་རྣམ་པ་གསུམ་དགོས་ཏེ། དགེ་བ་ཚེ་འདིའི་རྣམ་རྟོག་དང་མ་འདྲེས་པ་ཅིག་དགོས། ལུས་ངག་གི་སྤྱོད་པ་ཉོན་མོངས་དང་མ་འདྲེས་པ་ཅིག་དགོས། བསྒོམས་པ་རང་སངས་རྒྱས་དང་མ་འདྲེས་པ་ཅིག་དགོས། མདོར་ན་རྟོགས་པ་ཕུལ་དུ་ཕྱིན་པའི་སྤྱོད་པ་ཅིག་དགོས་ཏེ། རྟོགས་པ་ཕུལ་དུ་ཕྱིན་པའི་ཚད་གང་ཡིན་ཞེ་ན། ཡངས་སར་ཡངས་པ་ཡིན་ཏེ་ལྟ་བ་ཡངས་དགོས། དོག་སར་དོག་པ་ཡིན་ཏེ་སྤྱོད་པ་དོག་དགོས། དཔའ་སར་དཔའ་བ་ཡིན་ཏེ་ཉོན་མོངས་པ་ལ་གཉེན་པོ་དཔའ་བ་ཅིག་དགོས། ཞུམ་སར་ཞུམ་པ་ཅིག་དགོས་ཏེ། གཞན་གྱིས་རྒོལ་བ་ལ་སོགས་པ་ལ་བཟོད་པ་ཐོབ་པའི་ཞུམ་པ་ཅིག་དགོས་གསུང་།།

<མུ་འགོད།>

རྩོམ་ཡིག་ཕབ་བཤུས་པ།  གསར་འགོད་པ།  ནག་བཟའ་བློ་བཟང་ཆོས་གྲགས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། yvn2 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23548240
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།