ཆོ་འཕྲུལ་སྨོན་ལམ་གྱི་བྱུང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཆོས་ལུགས།» ནང་བསྟན་རིག་གཞུང་། »ཆོ་འཕྲུལ་སྨོན་ལམ་གྱི་བྱུང་བ།
ཆོ་འཕྲུལ་སྨོན་ལམ་གྱི་བྱུང་བ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2021-10-06ལྟ་ཀློག (10368)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཆོ་འཕྲུལ་སྨོན་ལམ་གྱི་བྱུང་བ།

དབལ་མང་པཎྚི་ཏས་མཛད། 

     ཆོ་འཕྲུལ་སྨོན་ལམ་ནི། སྟོན་པ་ཐུབ་པའི་དབང་བོ་དེ་ཉིད་ཀྱིས་མཉན་ཡོད་དུ་རྫོགས་བྱེད་ལ་སོགས་པ་མུ་སྟེགས་ཀྱི་སྟོན་པ་དྲུག་བཏུལ་བའི་ཆོ་འཕྲུལ་གྱི་མཛད་པ་ཡང་དག་པར་བསྟན་པ་ལས་རྒྱ་གར་འཕགས་ཡུལ་དང་བོད་གངས་ཅན་གྱི་ལྗོངས་འདིར་ཡང་ཆོ་འཕྲུལ་གྱི་མཆོད་པའི་སྲོལ་རྒྱ་ཆེར་དར་མོད་ཀྱང་།  འཇམ་མགོན་བླ་མ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོས་རབ་བྱུང་དགུ་བའི་ས་གླང་གི་ལོ་ལྷ་ལྡན་སྤྲུལ་བའི་གཙུག་ལག་ཁང་དུ་ཀུན་ཏུ་ངཟང་བོའི་མཆོད་སྤྲིན་ལ་འགྲན་པར་ནུས་པའི་མཆོད་པའི་རྣམ་གྲངས་མཐའ་ཡས་པ་དང་བཅས་ཏེ་དགེ་འདུན་གྱི་ཁྲི་ར་ཅན་ཚོགས་པས་ལྷ་ས་སྨོན་ལམ་ཆེན་མོར་གྲགས་པའི་ཆོ་འཕྲུལ་གྱི་མཆོད་པ་མཛད་པ་ནི་རྒྱལ་བ་རང་ཉིད་ཀྱིས་མདོ་ལས་ལུང་བསྟན་པའི་མཛད་པ་ཁྱད་པར་ཅན་ཡིན་ཞིང་། ལྷ་ལྡན་སྨོན་ལམ་ཆེན་མོ། རྫིང་ཕྱིའི་ཞིག་གསོ། དགའ་ལྡན་སྒྲུབ་མཆོད་ཆེན་མོ། གཉལ་གྱི་ལུང་ར་ཆེན་མོ་བཞི་ལ་རྗེའི་མཛད་ཆེན་བཞིར་གྲགས་སོ། །

     ཆོས་སྡེ་ཆེན་པོ་འདིར་ནི་དགོན་པ་གསར་ཚུགས་ཀྱི་ལོ་གཉིས་པ་ལྕགས་ཡོས་ལོ་ཀུན་མཁྱེན་གོང་མ་རང་ཉིད་ནས་མཆོད་རྫས་རྣམས་གསར་བསྒྲིགས་གནང་ཞིང་། སྨོན་ལམ་གསུང་ཆོས་ལ་ཆགས་མེད་དུ་ཕེབས། སྨོན་ལམ་གྱི་འདོན་ཆ་ཕྱག་ལེན་སོགས་རྗེ་རིན་པོ་ཆེས་མཛད་པའི་འདོན་སྒྲིག་གསུང་འབུམ་ཐོར་བུའི་ནང་དུ་ཡོད་པ་ལྟར་གསར་འཛུགས་མཛད། ཕྱིས་སུ་སྐྱབས་མགོན་རྡོ་རྗེ་འཆང་ནས་དག་ཐེར་ནན་ཅན་གནང་བའི་ཐུགས་རྗེ་སོགས་ཀྱིས་ད་ལྟ་གསུང་ཆོས་ལ་རྗེའི་ཕྱག་སྲོལ་ལྟར་སྐྱེས་རབས་སོ་བཞི་བ་ངེས་ཅན་དང་། དེའི་སྟེང་ཀུན་མཁྱེན་གོང་མའི་བཀའ་ལྟར་བྱམས་ཆོས་རེ་དང་བཅས་པའི་གཞུང་ཆེན་མོ་གསུམ་རེའི གསུང་བཤད་ཤིན་ཏུ་རྒྱས་པ་རྒྱ་སྤོས་གཉིས་རེའི་ཡུན་ཙམ་དང་། ཚོགས་འདོན་དཀྱུས་མའི་སྟེང་དུ་ཆོས་སྤྱོད་ཡོངས་རྫོགས་འགྲོ་བ་དང་། སྨོན་ལམ་གྲྭ་སྐོར་བའི་དམ་བཅའ། བླ་མ་མ་ཎི་པས་སྐོར་ལམ་དུ་མདོ་འཛངས་མཛངས་བླུན་སོགས་ཀྱི་གསུང་བཤད་དང་བཅས་སྐྱ་སེར་གྱི་ཁྲོམ་ལ་མ་ཎི་བསྐུལ་བ། ཕྱི་དྲོ་སྔགས་གྲྭ་གཉིས་སོགས་ནས་ཕྱོགས་གཏོར་གཏོང་བ། གོས་སྐུ་ཆེན་མོའི་མཆོད་པ་བཀྲ་ཤིས་ལྷུན་པོའི་ཕྱག་ལེན་ལྟར་འཆམ་པ་གྲྭ་ཚང་གིས་འཆམ་དང་བཅས་ཏེ་ལྕགས་མཁར་འཕེན་པ། ཞལ་ཟས་རྒྱ་མཚོ་མ། བྱམས་པ་གླིང་སྐོར་དང་། ཞར་ལ་སྟག་སེང་འབྲོང་གསོབ་སོགས་ཀྱི་རྩེད་སྣ་སོགས་ལྷ་ལྡན་སྨོན་ལམ་གྱི་སྲོལ་ལྟར་ཡོད་ལ། རྗེའི་གསུང་ལྟར་ངོ་མཚར་བའི་མཆོད་པ་བཅོ་བརྒྱད། མཆོད་པ་ཉེར་གཅིག་པ་དང་། མཆོད་པ་ཉེར་ལྔ་བ་དང་། ཡོ་བྱད་ཀྱི་མཆོད་པ་བཅུ་དང་། གཞན་ཡང་གསེར་གྱི་རྣ་རྒྱན་དར་དཔྱངས་དང་བཅས་པ། ཆོས་གོས་གསུམ། དྲང་སོང་གི་སྣོད། གདུགས་རྒྱལ་མཚན། རྔ་བོ་ཆེ། དུང་གཡས་འཁྱིལ། རྒྱལ་སྲིད་སྣ་བདུན། འདོད་ཡོན་ལྔ། བཀྲ་ཤིས་པའི་རྟགས་བརྒྱད་སོགས་ཀྱི་འདོན་ཆ་རྒྱས་པར་ཕྱེ་བ་དང་། དེ་དག་སོ་སོའི་སྐབས་སུ་དངུལ་སྲང་ལྔ་བརྒྱ་སྐོར་ལས་བསྒྲུབས་པའི་མཎྚལ་གླིང་བཞིའི་བཀོད་པ་སོགས་གསེར་དངུལ་ལས་བྱས་པ་དང་། བཟང་གོས་ཀྱིས་ཚེམ་གྲུབ་དྲུབ་བྱས་པའི་མཆོད་རྫས་འགྲེམ་པ་བཅས་ཕྱག་ལེན་གྱི་སྐོར་ནི་ད་ལྟའི་དུས་འདིར་ལྷ་ལྡན་སྨོན་ལམ་ལས་ཀྱང་འདི་ཉིད་ལྷག་པ་ཡོད་དོ།།  །། 

གདན་རབས་ལྷའི་རྔ་ཆེན་ལས་བཤུས།

རྩོམ་ཡིག་ཕབ་བཤུ་བ།  ནག་བཟའ་བློ་བཟང་ཆོས་གྲགས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། eb3h བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23548735
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།