སློབ་བུ་ཆོས་སྐྱོང་རྒྱལ་གྱིས་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལ་བྲིས་པའི་རྩོམ་ཡིག་གསུམ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »སློབ་བུ་ཆོས་སྐྱོང་རྒྱལ་གྱིས་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི
སློབ་བུ་ཆོས་སྐྱོང་རྒྱལ་གྱིས་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལ་བྲིས་པའི་རྩོམ་ཡིག་གསུམ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2021-09-11ལྟ་ཀློག (8134)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

འཛམ་གླིང་རྒྱ་ཕིབས་ཀྱི་གསེར་གྱི་དྲིལ་ཆུང་།

མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྐར་ཉི་ཤུ་བར་ཕུལ།

ཆོས་སྐྱོང་རྒྱལ།

     ང་ནི་ཁྱེད་ཀྱི་ཆུ་རྐྱང་རྩམ་རྐྱང་གི་འཚོ་བ་དང་གྱེས་ནས། ཁ་བའི་གཤོག་འགྱུར་ཐེངས་གསུམ་མཐོང་བའི་ཁྱེད་ཀྱི་གཅེས་ཕྲུག་ཅིག་ཡིན། ང་ནི་ཁྱེད་ཀྱི་ལུས་དང་ངག་གི་སློབ་གསོ་དང་བྲལ་ནས་སྟོན་ལོའི་སྨྲེང་སྐྱོ་ལན་གསུམ་མྱངས་པའི་ཁྱེད་ཀྱི་རེ་སྨོན་འཚོལ་མཁན་ཞིག་ཡིན། ལོ་ཟླ་འདི་དག་ལ། ཕྲན་གྱིས་ཁྱེད་ཀྱི་དཀའ་སྡུག་མང་བའི་བཤུལ་ལམ་རིང་མོ་ད་དུང་རྙེད་ཐབས་བྲལ་ཅིང་། ཕྲན་གྱིས་ཁྱེད་ཀྱི་བཟོད་བརྩོན་ཆེན་པོས་འཚོལ་སྙེག་གནང་བ་བསམ་པས་འཆུན་པར་དཀའ། བསམ་གྱིན་བསམ་གྱིན། བལྟས་ཀྱིན་བལྟས་ཀྱིན་སེམས་པའི་གཏིང་ཞིག་ལ་མིག་ཆུ་ཞིག་འཁྱིལ་ཡོང་ཞིང་། དགའ་སྤོབས་ཤིག་རྒྱས་ཡོང་།

     བྱེས་ཀྱི་འཚོ་བ་ནི་དཀའ་སྡུག་གིས་ཁེངས་པ་ཞིག་རེད་ལགས། བྱེས་ཀྱི་བཤུལ་ལམ་ནི་ཚེར་མས་གང་བ་ཞིག་རེད་ལགས། བྱེས་ཀྱི་འཚོ་བ་ནི་མི་ཁ་རྒོད་པ་ཞིག་རེད་ལགས། བྱེས་ཀྱི་བཤུལ་ལམ་ནི་རལ་གྲིའི་སོ་ཁ་ཞིག་རེད་ལགས། ལན་རེ་ང་ནི་ཨ་ཐང་ཆད་དྲགས་དེ། ཁྱེད་ཀྱི་པང་ལ་མགོ་བོ་བརྙེས་ནས་ངལ་གསོ་ཞིག་བྱེད་འདོད། སྐབས་རེ་ང་ནི་སྐྱོ་བ་ལངས་དྲགས་དེ། ཁྱེད་ཀྱི་ལག་ཟུང་འགྲམ་པར་གླན་ནས་སྙིང་གཏམ་ཞིག་བརྗོད་འདོད། འོན་ཏེ། ཁྱེད་ཀྱིས་དཔའ་སྤོབས་དང་བཟོད་བརྩོན་ཆེན་པོས། ཤེས་རབ་དང་བྱམས་བརྩེ་ཆེན་པོས། ཁུ་བྱུག་དང་ལྗང་སྨྱུག་གི་རེ་སྨོན་ཉི་ཤུའི་ལང་ཚོ་སེམས་ལ་བཏེགས་ནས། མེ་ཏོག་དང་རྩི་ལྗོན་གྱི་བཞད་ཐེངས་ཉི་ཤུའི་སྤོབས་པ་སྙིང་ལ་བླངས་ནས། ཁྲུང་ཁྲུང་དང་སྟོན་ལོ་བཞུད་པའི་སྨྲེང་སྐྱོ་ཉི་ཤུའི་ཆོས་ཉིད་མིག་གིས་འཚོས་ནས། ཁ་བ་དང་བུ་ཡུག་ནག་པོའི་གདུག་རྩུབ་ཉི་ཤུར་གདོང་གིས་བསུས་ཏེ། གངས་ཁྲོད་ན་གཟི་བརྗིད་ཆེན་པོས་འཚོ་ཞིང་། འཛམ་གླིང་ན་སྙན་པའི་རོལ་དབྱངས་དཀྲོལ་བ་ཐོས་ན། སྙིང་གི་སྤོབས་པ་རྒྱས་ཡོང་། ངག་གི་སྨྲ་སྒོ་ཕྱེས་ཡོང་། ཕམ་ཁ་དང་དཀའ་སྡུག་མི་ཚེའི་ནོར་བུར་བསམ་ནས། རང་དཔའ་རང་གིས་བསྐྱེད་དེ། ཕུགས་བསམ་གྱི་དོན་དུ་བཟོད་བརྩོན་གྱིས་འགྲོ་བ་ནི་ཁྱེད་ཀྱིས་ཕྲན་ལ་བསྩལ་བའི་མི་ཚེའི་གདམས་ངག་ཡིན།

     འཚོ་གནས་ལ་དཀའ་སྡུག་མེད་ན་ཕ་མས་ང་ལ་ལག་ཟུང་ཅིའི་ཕྱིར་བསྐྲུན། འཇིག་རྟེན་ན་རྙོག་འཛིངས་མེད་ན་ཁྱེད་ཀྱིས་ང་ལ་རིག་པ་ཅིའི་ཕྱིར་བསླབས། ཁྱེད་ཀྱིས་ང་ཚོར་རིག་པ་སློབ་པའི་དཀའ་སྡུག་ནི་ཚད་ཡོད་ཅིག་དང་། ཅི་ཡང་མི་ཤེས་པའི་དཀའ་སྡུག་ནི་ཚད་མེད་ཅིག་སྟེ་ཚེ་རབས་ཕྲེང་བའི་དཀའ་སྡུག་ཡིན་པ་བསྟན། ཁྱེད་ཀྱིས་རིག་པ་ནངས་པར་འཆི་ཡང་བརྩོན་པས་སློབས་དང་དེ་ཡི་ཕན་ཡོན་ཕྱི་ནས་ཐོབ་འོང་གསུངས། ཁྱེད་ཀྱིས་ང་ཚོས་བདེ་སྐྱིད་ཆེན་པོ་ཞིག་འདོད་ན་བདེ་བ་ཕྲན་ཚེགས་བློ་ཡིས་ཐོངས་དང་། བདེ་སྐྱིད་དཔལ་གྱི་ཉི་མ་འདྲེན་འོང་གསུངས། ཁྱེད་ཀྱིས་ང་ཚོར་ཚེ་རབས་ཕྲེང་བརྒྱུད་ཀྱི་སློབ་གསོའི་བདུད་རྩི་གནངས། རྒྱུ་འབྲས་ཀྱི་བློ་མིག་བསྩལ།

ཁྱེད་ནི་དྲིན་ཆེན་ཕ་མ་དང་འདྲ་སྟེ། ཁྱེད་ཀྱིས་ཤ་ཁྲག་གི་ལུས་ཕུང་འདི་བསྐྱེད་པ་མིན་ནའང་། ཡོན་ཏན་འོ་མ་ལྡུད་པའི་ཨ་མ་དང་། ལེགས་ཉེས་འཇུག་ལྡོག་སྟོན་པའི་ཨ་ཕ་ཡིན། ང་ཚོའི་བློ་མུན་སེལ་ཆེད། རིག་པའི་དྭངས་མ་གསོ་སླད། ཤེས་རབ་མིག་ཟུང་གནང་ཆེད། ཁྱེད་ཀྱིས་སྡུག་བསྔལ་བརྒྱ་ཕྲག་དང་ལ་བླངས། དུས་དེ་ནས་བཟུང་། ཁྱེད་ཀྱི་དཀའ་ངལ་ནི་རྦ་རླབས་ཆེན་པོའི་རི་མོ་བཞིན་རྫོགས་མཐའ་མེད་པ་དཔྱོད་ལྡན་ཀུན་ལ་གསལ། 

     རིག་པ་སློབ་ལ་ལེ་ལོས་ནོན་དུས། ངས་ཁྱེད་ཀྱི་བཟོད་བརྩོན་ཆེན་པོའི་རྣམ་པ་ཡིད་ལ་སྒོམ། དེས་ང་འགྱེལ་དུ་མི་འཇུག

ཐོས་པ་འཚོལ་ལ་སྐྱོ་ཞུམ་སྐྱེ་དུས། ངས་ཁྱེད་ཀྱི་ཚེ་རབས་ཕྲེང་བརྒྱུད་ཀྱི་སློབ་གསོ་སེམས་ལ་དྲན། དེས་ང་འདུག་དུ་མི་འཇུག

 རང་ལ་གཅེས་འཛིན་ཆེན་པོས་དུག་ནག་ཐོན་དུས། ངས་ཁྱེད་ཀྱི་ལྷག་བསམ་དཀར་བོ་སྙིང་ལ་བཞག དེས་གཞན་འདོར་དུ་མི་འཇུག   ཁྱེད་ནི་བདག་གི་སྤོབས་པ་ཡིན། གཟི་བརྗིད་ཡིན། ཁྱེད་ནི་བདག་གི་ཉི་མ་ཡིན། མིག་ཟུང་ཡིན།

    ལོ་ཟླ་འདི་ཚོར། དྭངས་མོ་ཆུ་ཡིས་ཁྱེད་ཀྱི་ལྷག་བསམ་དྲན་གྱིན་འདུག ལོ་ཟླ་འདི་ཚོར། རི་རྒྱལ་ལྷུན་པོས་ཁྱེད་ཀྱི་བརྟན་བརླིང་བརྗོད་ཀྱིན་འདུག ལོ་ཟླ་འདི་ཚོར། རྒྱ་མཚོ་ཆེན་པོས་ཁྱེད་ཀྱི་སེམས་རྒྱར་སྙེག་གིན་འདུག ལོ་ཟླ་འདི་ཚོར། ཁྲི་གདུགས་ཉི་མས་ཁྱེད་ཀྱི་ཤེས་རབ་དྲན་ནས་བཟི་འདུག ལོ་ཟླ་འདི་ཚོར། ཁུ་བྱུག་སྔོན་མོས་ཁྱེད་ཀྱི་གསུང་དབྱངས་བརྐུས་ནས་ཚིམས་འདུག ལོ་ཟླ་འདི་ཚོར། དྲིན་ཆེན་མ་ལོའི་བྱམས་བརྩེ་ལས་ཁྱེད་རང་འཛུམ་ཡོང་། ལོ་ཟླ་འདི་ཚོར། དྲིན་ཆེན་ཕ་ལོའི་ལྷག་བསམ་ལས་ཁྱེད་རང་མཐོང་ཡོང་། ལོ་ཟླ་འདི་ཚོར། ཁྱེད་ཀྱིས་ང་རང་དྲན་པར་ཁག་མི་འདུག་སྟེ། ངའི་ཁོར་ཡུག་གི་རི་ཆུ་རྩི་ལྗོན་ཚོགས་ཀྱིས་ཀྱང་ཁྱེད་རང་དྲན་ནས། ལྷག་ཏུ་ཁྱེད་ཀྱི་བཀའ་དྲིན་དྲན་ནས་ཉིན་མཚན་ཇེ་རིང་དུ་གྱུར་འདུག

     ཁྱེད་ནི་ལོ་རྒྱུས་ཀྱི་རི་སུལ་དུ་སྐྱེས་པའི་གསོམ་དཀར་ཤུག་པའི་སྡོང་བོ་རེད། ཁྱེད་ནི་དུས་རབས་ཀྱི་གོས་ཁུད་དུ་འཐོར་བའི་མུ་ཏིག་དཀར་བོའི་ཚོམ་བུ་རེད། ཁྱེད་ཀྱིས་ད་ལྟ་ཡོད་ཚད་ཅུང་ཟད་ཀྱང་ཆུད་ཟོས་སུ་བཏང་མ་མྱོང་བས། ཁྱེད་ནི་ལེགས་འགྲུབ་ཀྱི་དགའ་སྤྲོ་ཉམས་སུ་མྱོང་མཁན་དེ་ཡིན་ངེས། ཁྱེད་ཀྱིས་རང་གི་ཡོད་ཚད་གཞན་དོན་དུ་བཏང་བས། ཁྱེད་ནི་མི་ཡུལ་གྱི་དགོས་འདོད་འབྱུང་བའི་ནོར་བུ་དེ་ཡིན་ངེས། མེས་པོས་གནང་བའི་ཤེས་རབ་ཀྱི་གཡང་སྒོ་འབྱེད་ཆེད། སྐྱ་རེངས་གསར་བའི་གསེར་མདོག་གི་ཉི་གཞོན་བསུ་ཆེད། བསམ་གྱིས་མི་ཁྱབ་པའི་དཀའ་སྡུག བརྗོད་ཀྱིས་མི་ལངས་པའི་ངན་སྨོད། ས་ཡིས་མི་ཐེག་པའི་གནོན་ཤུགས། གནམ་གྱིས་མི་ཐུམ་པའི་ཞེ་ནག་གི་དུག་རླངས་བརྒལ་ནས་ད་དུང་འཛུམ་གྱི་ལེ་ལྷོད་དྭངས་ངེ་ཕེབས་བྱུང་བ་འདི་ཅི་འདྲའི་ངོ་མཚར་ཨང་། སེམས་དྲོ་ཨང་།

     ཀུན་གྱི་ཡིད་དབང་འཕྲོག་པ་ནི་ཐོན་མིས་བོད་ཀྱི་མུན་པ་སེལ་ཆེད་གཅེས་པའི་སྲོག་ལའང་མ་འཛེམ་པ་ལྟ་བུའི་ཁྱེད་ཀྱི་བྱ་སྤྱོད་འདི་མ་ཡིན་ནམ། འདི་ནི་ཁྱེད་ཀྱི་ཉིན་ཐོ་ཡིན་ཅིང་། འདི་ནི་ཁྱེད་ཀྱི་ལོ་རྒྱུས་ཡིན། འདི་ནི་ཁྱེད་རང་དུས་རབས་ཀྱིས་བརྗེད་མི་སྲིད་ལ། མིའི་རིགས་ཀྱིས་ཀྱང་བརྗེད་མི་ཕོད་པའི་རྒྱུ་མཚན་ཡིན།

      ཁྱེད་ཀྱི་ཐིགས་ཆུ་མི་ཁོག་པའི་ཁང་མིག་དེ་དག་ཏུ་ང་ཚོའི་མཛའ་བརྩེའི་དགོད་སྒྲ་སིམ་ཡོད། ཁྱེད་ཀྱི་སྤུས་ཀ་ཞན་པའི་སློབ་ཁང་དེ་དག་ཏུ་ང་ཚོས་རིག་པའི་མེ་ཏོག་འཐུས་མྱོང་། ཁྱེད་ཀྱི་པང་ནས་ང་ཚོས་མངར་སྐྱུར་ཁ་མོའི་འཚོ་བའི་ཆུ་འཁྱག་འཐུང་མྱོང་། ང་དང་ཁྱེད་ལ་གསང་བ་མེད་ཅིང་། ང་དང་ཁྱེད་ལ་སྦས་དོན་མེད། ཁྱེད་ཀྱི་པང་ནས་ངས་ཅི་ཡང་འཁྲབ་མི་དགོས་དེ། ཁྱེད་ཀྱི་པང་ལ་ལོག་ན་ང་བདེ་ལྷོད་ཀྱིས་གཉིད་རྐྱང་ཡིན།

     ཁྱེད་ཀྱིས་དུང་གི་ཁ་བའི་གཤོག་འགྱུར་ཉི་ཤུ་མཐོང་བའི་དེ་རིང་། ཁྱེད་ལ་གསེར་གྱི་ལོ་མས་གྱེས་ཕྱག་ཉི་ཤུ་ཕུལ་བའི་དེ་རིང་། ཁྱེད་རང་འཛམ་གླིང་རྒྱ་ཕིབས་ཀྱི་སྟེང་གི་གསེར་གྱི་དྲིལ་ཆུང་ཞིག་རེད། ང་ཚོར་དྲིན་གྱིས་བསྐྱངས་པའི་མ་ཡུམ་སློབ་གྲྭ་སྟེ། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ཀྱེ། ང་ཡིས་ད་དུང་ཁྱེད་ཀྱི་ཆེས་སྙན་པའི་སྒྲ་དབྱངས་ལ་ཉན་འདོད་ཡོད་ལགས།


བོད་ཀྱི་མིག་ཟུང་།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་བཙུགས་ནས་ལོ་འཁོར་བཅུ་དགུ་ལོན་པའི་འཁྲུངས་སྟོན་ལ་ཕུལ།

ཟབ་གསལ་མྱུར་ཆེའི་ཤེས་རབ་ཉི་མའི་སྤུན།

ཟད་མེད་ཀུན་ཕན་ལྷག་བསམ་དུང་ཟླའི་ཆ།

ཉམས་མེད་སྤོབས་པ་ཆུ་གཏེར་འཕྱུར་བའི་གྲོགས།

དཔལ་ཡོནན་རྒུད་པ་གསོ་བའི་དུས་ཀྱི་ཆེར།


གངས་ཀྱི་ལྷུན་པོ་རྡུལ་ནག་རླུང་གིས་བསྐྱོམས། །

གཅན་གཟན་ཕལ་ཆེར་ཞུམ་ཞིང་ནང་ལ་རྩོད། །

འཇི༷གས་མེ༷ད་སྤོབས་པའི་མཆེ་སྡེར་རབ་བགྲད་ནས། །

གཡུ་རལ་རྒྱ༷ལ་མཚ༷ན་བརྗིད་པའི་སེང་ཆེན་རྒྱལ། །


ངམ་ནག་རླུང་གི་སྤུ་གྲི་མ་མཐོང་ཡང་། །

ཆར་རླུང་ཙམ་གྱིས་བྱེའུ་ཚོགས་དངངས་ཤིང་འདར། །

ཚུ༷ལ་ཁྲི༷མས་སྒྲོ་གཤོག་མཁའ་རུ་བརྐྱངས་དང་ལྷན། །

ཀླུ་བདུད་རྒྱ༷་མཚོ༷་འཇོམས་པའི་ཁྱུང་ཆེན་སུ།


སྣུམ་སྟུག་གཡུ་ལོ་རྒྱས་པའི་ནགས་ཀློང་དུ། །

ཝ་སྤྱང་རང་གི་རིགས་ལ་སྡང་ཞིང་འཁང་། །

ཡོ༷ན་ཏ༷ན་རྒྱ༷་མཚོ༷འི་ལུས་རྩལ་རབ་རྫོགས་ཤིང་། །

སྤོབས་པའི་འཛུམ་དྲུག་རྒྱས་པའི་སྟག་རྒོད་རྩེན། །


ཤེ༷ས་ར༷བ་ཉི༷་མ༷འི་འོད་ཀྱི་གཟི་བྱིན་འབ༷ར། །

རྨོངས་པའི་མུན་ཚོགས་འཇོམས་པའི་རྩལ་རབ་འབ༷ར། །

བསྟ༷ན་པ་ད༷ར་ཞིང་རྒྱས་པའི་རྒྱུ་རྐྱེན་འབ༷ར།

རྒྱ་ཆེན་འབྲས་བུ་སྤྱོད་པའི་སྤྲོ་དགའ་འབ༷ར། །


ལྷག་བསམ་དུང་ཟླ་དཀར་བོའི་འཛུམ་མདངས་བསི༷ལ། །

རིས་མེད་ཀུན་ལ་ཕན་པའི་བྱམས་བརྩེ་བསི༷ལ། །

འདུལ་བ་མིག་ལྟར་བསྲུང་བའི་སྤྱོད་པ་བསི༷ལ། །

འཇ༷མ་དབྱ༷ངས་དཔ༷ལ་བཟ༷ང་དགེ་སློབ་ཡོངས་ལ་བསི༷ལ། །


སློབ་མའི་ངན་ཆ་གཅོ༷ད་པ༷འི་ཐབས་ཤེས་ཆེ༷། །

རྒྱ་བོད་རྩིས་དང་ཕོ་ལོང་བྱང་རྩལ་ཆེཆེ༷། །

ཀུ་རེ་གཏམ་དང་བྱ་བར་སྤྲོ་བརྩོན་ཆེ༷། །

དོན་ཀུན་ཡིད་བཞིན་གྲུབ་པའི་ས་ཆོད་ཆེ༷། །


བཟོ༷ད་གཙུ༷ག་ཀརྨ༷་ཀེ༷་འཕྲི༷ན་གྱི་ལང་གི །

མཚན་འཛིན་མཚན་ལྡན་དགེ་རྒན་ཡོངས་ལ་འདུད། །

བློ༷་ཉི༷་བློ༷་བདེ༷་བཀྲ༷་ཤི༷ས་ད༷ར་རྒྱ༷ས་སོགས། །

ཨ་ཁུ་བསམ་དཀར་དེས་མཛངས་ཁྱེད་ཅག་དྲན། །


རླངས་འཁོར་སྐོར་ལ་ཞིབ་ཚགས་བྱང་རྩལ་ཅན། །

གཉིད་ཆགས་ཟས་བརྗེད་འཚོ་བར་གོམས་པ་ཅན། །

མི་མཆོག་རིན་ཆེན་ཁོང་གི་ཕེབས་བཞུགས་ལ། །

རྒྱུན་དུ་འགྲོགས་པའི་ཨ་ཁུ་འཕྲི༷ན་ཕུ༷ན་དྲན། །


ཁྱེད་ཀྱི་བཞུད་ལམ་མི་སྡུག་སོག་ལེའི་ཁ༷། །

ཁ༷་དེར་རྒྱུ་བའི་མི་དེར་སྙིང་རུས་ཆེ༷། །

ཆེ༷་རྒུ་ངོ་མཚར་སྐྱེ་བའི་གྲུབ་འབྲས་ ཆེ༷། །

ཆེ༷་བ་འདི་དག་རྒྱུ་ཡང་ཆེན་པོས་བསྐྱེད། །


མཐོ་ལ་ཕྲག་དོག་མཉམ་ལ་འགྲན་ཞིང་སྨྱོ། །

དམན་ལ་བརྙས་ཤིང་མདུང་ཁ་ནང་དུ་སྐོར། །

ལྟ་བའི་འགལ་མཚམས་དར་རྒུད་ཚིག་གིས་བརྗོད། །

མི་སྒྲུབ་སྨྲ་མཁས་དེ་དག་བག་ཡོད་ཀྱིས། །


ཚིག་གིས་བརྡ་སྤྲོད་བྱེད་ལ་མི་མཚར་ཏེ། །

ནད་པར་སྨད་དཔྱད་ཀློག་པའི་ཟླ་རུ་འགྲོ། །

ནད་ཀྱང་རྟོགས་ལ་སྨན་ཡང་བཞེས་མཛད་པའི། །

ལག་ལེན་བརྡ་སྤྲོད་མཁན་ལ་མི་གུས་སུ། །


བཤེས་གཉེན་ཉི་མ་རྒྱས་པའི་འོད་ཁྱིམ་ན། །

གྲོགས་མཛད་ལས་འཛིན་ཟླ་བ་རྟག་ཏུ་ཚེས། །

བུ་སློབ་སྐར་ཚོགས་བཀྲ་བ་ཟིལ་གནོན་པའི། །

སློབ་གླིང་འདི་ཀོ་བྱེད་པོ་སུ་ཡིས་བསྐྲུན། །


ཆོས་རིག་བསླབ་བྱ་གསེར་གྱི་གཞུང་ལུགས་ད༷ག །

མཁ༷ས་གཙ༷ང་ཕ༷ན་དགོངས་བཤེས་གཉེན་གསུང་ངག་ད༷ག །

སྣོད་གསུམ་སྐྱོན་གྱིས་མ་གོས་སློབ་མ་ད༷ག །

ད༷ག་པ་གསུམ་གྱིས་རྟག་ཏུ་མཛེས་གྱུར་ཅིག །


གངས་ལྗོངས་རིག་གཞུང་ནོར་གྱི་རྩེ་མོར་གྲུ༷བ། །

གནའ་དེང་ཟུང་འབྲེལ་ཐབས་ཀྱི་དྭངས་མར་གྲུ༷བ། །

ཤེས་རིག་ནོར་གླིང་གཙུག་ལག་མཛོད་དུ་གྲུ༷བ། །

ཁྱེད་ཅག་གངས་སྐྱོང་དཔའ་བོ་རྣལ་མར་གྲུ༷བ། །


གུས་བརྩི་མཐུན་སྒྲིལ་དཔལ་བེའུའི་རི་མོ་མཛེ༷ས། །

བརྩེ་སྐྱོང་བཀའ་སྒྲུབ་དགེ་སློབ་དམ་ཚིག་མཛེ༷ས། །

མེས་པོའི་དཀའ་དྲིན་གསོ་བའི་ལག་ལེན་མཛེ༷ས། །

འཛེས་གསུམ་དྭངས་མ་ཤེས་རིག་ནོར་གླིང་མཛེ༷ས། །


ག༷ངས་ལྗོངས་སྐད་ཡིག་རྒུད་པ་ཁྱེད་ཀྱིས་གསོས། །

ག༷ངས་རིའི་སྣོད་བཅུད་སྲུང་བ་ཁྱེད་ཀྱིས་མཛད། །

ག༷ངས་ཅན་རིག་གཞུང་འཛིན་སྤེལ་ཁྱེད་ཀྱིས་གནང་། །

ག༷ངས་ཁྲོད་རླུང་དམར་འཕྱུར་དུས་ཁྱེད་འདྲའི་དབེན། །


མི་ལོ་བཅུ་དགུའི་སྔོན་ལ་གནས་འདིའི་གཞིར། །

ཕྱུག་རྫིའི་གླུ་དང་ཕོ་རོག་གཅོང་སྐད་འཁོར། །

བྱ་རྒོད་ལྡིང་ཞིང་བྱེའུ་ཚོགས་དགུམ་བུ་འཐུ། །

རི་བོང་ཕྱི་བ་ཝ་སྤྱང་གླེང་མོལ་བྱེད། །


ཐང་སྟོང་ཁ་བས་གཡོགས་པའི་གོས་དཀར་དུ། །

རྨིག་ཐོགས་འཁོར་ལམ་སྡེར་ཐོགས་འདུར་ལམ་ཡོད། །

ནེམ་ལྗང་རྩྭ་ལྡུམ་འཛེངས་པའི་བར་བར་ན། །

བྱ་བྱེའུ་འབའ་འབུས་ཁྱིམ་སོ་བཟུང་ནས་ཡོད། །


འོན་ཀྱང་དེ་རིང་འདི་ན་ངོ་མཚར་འཁྱི༷ལ། །

ཆོལ་གསུམ་རེ་བ་རིག་པའི་བཅུད་ལ་འཁྱི༷ལ། །

ཤེས་རབ་བྱམས་བརྩེ་དགེན་གྱི་ཐུགས་ལ་འཁྱི༷ལ། །

བློ་གསལ་ཤེས་འདོད་སློབ་མའི་རྒྱུད་ལ་འཁྱི༷ལ། །


བརྒྱད་ལྡན་རྨ་ཆུ་མདུན་དུ་འབབ་པ་ཡིས། །

བརྩོན་པ་འདི་བཞིན་སྐྱེད་ཅེས་སྐུལ་བ་འམ། །

ལྟོ་སྐྱ་གོས་ཧྲུལ་འཚོ་བའི་བཤེས་གཉེན་ཚོར། །

དགྱེས་པའི་མཆོད་པ་འབུལ་ལ་རེམ་པ་བཞིན། །


རྒྱབ་རི་ཁྱུང་ཆེན་གཤོག་ཟུང་ལེགས་བརྐྱངས་པས། །

རྒྱལ་ཁམས་རིག་པས་སྐོར་ཅེས་བརྗོད་པའམ། །

གངས་ལྗོངས་རྒུད་པ་གསོ་བའི་དམ་པ་ཚོས། །

ཐབས་ཤེས་ཟུང་འབྲེལ་ཚུལ་ལ་བསྔགས་པ་བཞིན། །


རྨ་ཆུ་གཡ༷ས་སུ༷་འཁྱི༷ལ་བའི་ཁུགས་སོ་ན། །

ངག་རིག་གཡ༷ས་སུ༷་འཁྱི༷ལ་བའི་གསེར་ཉ་འཁྱུག །

ལྷག་བསམ་གཡ༷ས་སུ༷་འཁྱི༷ལ་བའི་དབུགས་ཤུགས་ལས། །

གྲགས་སྙན་གཡ༷ས་སུ༷་འཁྱི༷ལ་དུང་གི་སྒྲ་ཆེན་འཁྲུངས། །


སྐྱེས་ཆེན་དམ་པའི་ཐུགས་རྒྱུད་ཡོན་ཏན་བཞིན། །

གླིང་འདི་ཉམས་མེད་རྟག་ཏུ་རྒྱས་པ་དང་། །

ཉི་ཟླ་སྐར་མའི་འོད་ཀྱིས་མུན་པ་ལྟར། །

གངས་ལྗོངས་རྒུད་པ་འཇོམས་པའི་གཉེན་དུ་ཤོག །


ངོ་སྲུང་གཅམ་བུའི་ཚིག་དང་སོ་དཀར་མིན། །

སྒྲོ་སྐུར་ཕྱོགས་རེས་རླུང་གིས་བསྐྱོད་པ་མིན། །

བརྩེ་ཆེན་དབྱངས་ལྡན་ལྷ་མོའི་རྒྱུད་མངས་ལ། །

ལེགས་དྲངས་གསེར་ཞུན་དྭངས་མའི་རང་མདངས་ཡིན། །

     ༢༠༡༣.༡༢.༡༥ཉིན་སྟེ་བོད་ཀྱི་སློབ་གསོ་བ་ཆེན་པོ་འཇིགས་མེད་རྒྱལ་མཚན་མཆོག་དང་ཁོང་གི་གྲོགས་པོ་ཚོས་བློ་གྲོས་དང་ལྷག་བསམ།མཐུན་སྒྲིལ་ལས་འཁྲུངས་བའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་མི་ལོ་བཅུ་དགུར་སོན་པའི་འཁྲུངས་སྐར་ལ་སློབ་གླིང་དེར་ཤེས་ནས་དགའ་དད་ཡོད་པ་ཆོས་སྐྱོང་རྒྱལ་དུ་འབོད་པས་བྲིས།


དགེ་རྒན་དུས་ཆེན་ལ་ཕུལ།

ལེགས་དང་ཉེས་ཀྱི་ཁྱད་པར་སྟོན་བྱེད་ཅིང་། །
སྐྱིད་དང་སྡུག་གི་ལམ་སྣ་འདྲེན་འཁས་ཤིང་། །
ཀུན་གྱི་མུན་པ་སེལ་ལ་རྟག་བརྩོན་པ། །
མི་ཚེའི་ཉི་མ་ཁྱེད་ལ་གུས་པས་འདུད། །



ཆུ་གཏེར་རྦ་རླབས་རི་བོའི་ཟོལ་གྱིས་འཕྱོ། །
སྐྱེ་བོ་སུ་ཡང་དངངས་ཤིང་སྐྲག་པར་ངེས། །
རེ་རེ་ནོར་བུའི་གླིང་དུ་སྐྱེལ་བྱེད་པའི། །
མི་ཚེའི་དེད་དཔོན་ཁྱེད་ལ་ཕྱག་འཚལ་ལོ། །

འཇིག་རྟེན་འཚོ་བ་མྱ་ངམ་ཐང་ཆེན་དུ། །
འཆར་འཆོར་གོམ་པ་རྔུལ་ཆུས་ཤུགས་ལ་བརྟེན། །
སྡུག་གི་སྐོམ་གདུང་སེལ་བར་བྱེད་པ་ལ། །
མི་ཚེའི་གཙང་ཆབ་ཁྱེད་ལ་དཀའ་དྲིན་ཆེ། །

འབྱུང་འགྱུར་ལམ་ལ་དཀའ་ངལ་ཆེ་བའི་ཕྱིར། །
ཕ་མས་བདག་ལ་ལག་པ་ཟུང་ཞིག་བསྐྲུན། །
འཇིག་རྟེན་ལེགས་ཉེས་འཚང་ཁ་རྒྱག་པའི་ཕྱིར། །
དགེ་བའི་བཤེས་ཀྱིས་ཤེས་རབ་མིག་ཅིག་བསྩལ། །

གྲགས་པས་འཛམ་གླིང་ཁྱབ་པའི་སློབ་གྲྭ་ཀུན། །
ཁྱད་འཕགས་དགེ་བའི་བཤེས་ཀྱི་སྟོབས་ལས་འཁྲུངས། །
ལེགས་འགྲུབ་འཛུམ་གྱིས་ཕྱུག་པའི་སྐྱེས་བུ་ཡང་། །
ཤེས་རབ་བྱམས་བརྩེ་ཅན་གྱི་བཤེས་ལས་བྱུང་། །

རིགས་དང་རུས་ཀྱི་ཁྱད་པར་མི་ཕྱེད་ཅིང་། །
ཆོས་དང་སྲིད་ཀྱི་དབྱེ་བ་མི་དབྱེད་ལ། །
ཕོ་དང་མོ་ཡི་ས་འཚམས་མེད་པར་ནི། །
རང་གི་དགེ་བའི་བཤེས་དེ་བཀུར་བར་འོས། །

འཇམ་དང་རྩུབ་པ་སློབ་མའི་གཤིས་ལ་བསྟུན། །
བསྟོད་དང་སྨོད་པ་སློབ་པའི་ཁམས་ལ་དྲིས། །
ཡོད་ཚད་སློབ་མའི་དོན་དུ་ཡིན་པ་ཡི། །
ཐབས་དང་ཤེས་རབ་ཁྱེད་ལ་སྙིང་ནས་དགའ། །

རྒྱལ་དུས་དགའ་སྤྲོའི་སྐད་ཆ་སྤོབས་པས་བརྗོད། །
ཕམ་དུས་སྐྱོ་བའི་མིག་ཆུ་པང་ལ་བྱོ། །
སློབ་མའི་མི་ཚེ་དགེན་གྱི་ཐུགས་ལ་བཏགས། །
དགེན་གྱི་ཞལ་མདངས་སློབ་མའི་སེམས་ན་བཏགས། །

རེ་རེར་ཤེས་རབ་ལྡེ་མིག་སྤྲད་བྱས་ཏེ། །
ཐམས་ཅད་སེམས་དང་མིག་གིས་འཚོ་བར་བྱེད། །
སློབ་མའི་མི་ཚེའི་རྒྱལ་ཕམ་རེ་རེ་ཡིས། །
དགའ་དང་སྐྱོ་བའི་ཚོར་བ་འདྲེན་པར་ངེས། །

ལོ་ཟླའི་ཕྲེང་ཐག་ཟད་པའི་དངངས་འཚུབ་ཀྱིས། །
མཇལ་འཛོམས་དུས་ཀྱི་སྤྲོ་བ་སེམས་ཀྱིས་མྱངས། །
བསོད་ནམས་ལས་ཀྱིས་གནང་བའི་བཤེས་གཉེན་ཚོ། །
ཕ་མ་ཟུང་དང་དབྱེ་བ་ཇི་ལྟར་ཕྱེད། །

དེ་རིང་དུས་བཟང་བསུ་བའི་དགའ་སྟོན་ལ། །
སློབ་ཚོགས་རྒྱ་མཚོས་མཐའ་ནས་བསྐོར་བྱས་ཏེ། །
མེ་ཏོག་ལྷ་དར་ཤིས་ཚིག་འབུལ་བའི་སྐབས། །
སུ་ཞིག་ཆད་པའི་སྐྱོ་བ་སྐྱེ་བར་ངེས། །

བཤེས་ཀྱི་ཉི་མ་རྟག་ཏུ་འཛུམ་པ་ཡིས། །
སློབ་ཚོགས་པདྨོ་རྨོངས་པའི་མུན་ལས་གྲོལ། །
ཐོག་མའི་དུས་ནས་ཤེས་ཤིང་རྟོགས་པ་མེད། །
སྐྱེས་བུ་སུ་ཞིག་དགེ་རྒན་བརྗེད་པར་ཕོད། །

ཇི་སྲིད་ཉི་ཟླའི་གཟི་བྱིན་གནས་པ་དང་། །
ས་དང་རྒྱ་མཚོ་བར་སྣང་གནས་འགྱུར་བ། །
དེ་སྲིད་བཤེས་ཀྱི་སྐུ་གསུང་ཐུགས་གནས་ནས། །

མ་རིག་མུན་པ་རྩ་ནས་བསང་གྱུར་ཅིག 


དུས་ནི་མི་སྡོད་མི་གཙང་བོའི་འགྲོས་ལ་སྙེག །

སྐྱིད་སྡུག་དབྱར་དགུན་རྨི་ལམ་དཔེ་རུ་འགྲོ། །

འགྲ་གཉེན་སྦྲུལ་རྒས་པགས་པ་བཞིན་དུ་བརྗེ། །

ཁྱེད་ནི་སྙིང་དབུས་པདྨའི་རྡོ་རྗེ་ལགས། །


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། khao བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  སློབ་བུ་ཆོས་སྐྱོང་རྒྱལ་གྱིས་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལ་བྲིས་པའི་རྩོམ་ཡིག་གསུམ།   སྤེལ་མཁན།: དྷཱི་ཡིག སྤེལ་དུས:2021/9/11
སྙིང་ནས་དགའ་ཡི་རྗེས་སུ་ཡི་རང་ངོ་།
  སློབ་བུ་ཆོས་སྐྱོང་རྒྱལ་གྱིས་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལ་བྲིས་པའི་རྩོམ་ཡིག་གསུམ།   སྤེལ་མཁན།: ཨ་དིའི་བུ། སྤེལ་དུས:2021/9/11
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནི་བདག་གི་ཕ་ཡུལ་རྭ་རྒྱའི་རྒྱན་དུ་ཆེ་བར་མ་ཟད། བོད་གངས་ཅན་གྱི ་ཡུལ་ཕྱོགས་སོ་སོ་ན་གནས་འདིར་དགའ་གུས་ཆེ་བའི་སྐྱེ་བོ་ཤིན་ཏུ་མང་། འདིར་ཡང་གྲོགས་པོ་ཆོས་སྐྱོང་རྒྱལ་གྱིས་རང་གི་མ་ཡུམ་སློབ་གྲྭ་སྙིང་གི་དཔལ་དུ་བདུད་རྩི་བཞིན་འཁྱིལ་ཚུལ་ངག་རིག་སྒྱུ་སྩལ་གྱི་དབྱངས་འགྲོས་ལ་དྲངས་ནས་བྲིས་འདུག
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23506733
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།