རྫོགས་ཆེན་དཔལ་སྤྲུལ་སྒྲུབ་ཕུག་ནས་མཇལ་བའི་མཚམས་པ་བ​།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »རྫོགས་ཆེན་དཔལ་སྤྲུལ་སྒྲུབ་ཕུག་ནས་མཇལ་བའི་མཚམས་པ་བ​།
རྫོགས་ཆེན་དཔལ་སྤྲུལ་སྒྲུབ་ཕུག་ནས་མཇལ་བའི་མཚམས་པ་བ​།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2021-09-04ལྟ་ཀློག (5437)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


རྫོགས་ཆེན་དཔལ་སྤྲུལ་སྒྲུབ་ཕུག་ནས་མཇལ་བའི་མཚམས་པ་བ།


དོན་འགྲུབ་རྡོ་རྗེ།

གནས་འདི་བྱིས་དུས་ནས་རྣ་བས་གོ་གོ། །

རྩེད་ཡ་དགོད་རོགས་དང་མཉམ་དུ་ཡོང་ཡོང་། །

ལོ་ཟླའི་ཆུ་བོ་དེ་ཡ་མེད་ལན་མེད། །

དྲན་པའི་ཡིད་ངོ་ལ་འཁོར་ཙམ་འཁོར་ཙམ། །

འགྲུལ་བཞུད་ཐེངས་གཅིག་གི་ཀུ་རེའི་ངོས་ན། །

མ་རྙེད་རྨི་ལམ་གྱི་མཚན་ལྗོངས་རིང་མོ། །

འདི་ནས་མ་རྙེད་ཀྱི་བག་ཆགས་ཕྲ་མོ། །

གང་ནས་འཁོར་འདས་ཀྱི་ལས་འཕྲོ་ཆོད་འགྲོ། །

ལོ་ཡི་འཁོར་མོ་དེ་བཅུ་ཕྲག་རྗེས་སུ། །

དེ་རིང་དྲན་ཤེས་ཀྱི་འཛིན་པ་ཁྱེར་ཏེ། །

རང་ཡུལ་རུ་དམ་གྱི་དབེན་པའི་རི་ངོགས། །

ཏིང་འཛིན་སྒྲུབ་ཕུག་འདིར་སླར་ཡང་མཇལ་ཡོད། །

བྲེལ་བྲེལ་ཚོགས་དྲུག་གི་རྣམ་ཤེས་ལྡོམ་པོ། །

འདོད་ཡོན་སྒྱུ་བག་གི་གར་དུ་རྩེན་པས། །

རིག་པ་འོད་གསལ་གྱི་ཤེས་རབ་དྭངས་མ། །

བག་མེད་ཤོར་བ་འདི་ངོ་རེ་གནོང་ཨང་། །

མི་ཁོམ་མི་ཡུལ་གྱི་འཇིག་རྟེན་སྣང་བ། །

སྣང་བ་རྣམ་རྟོག་གི་རྗེས་ལ་སོང་སོང་། །

མ་མཐོང་རྨི་ལམ་གྱི་དྲན་པ་ཁྲ་ཁྲ། །

འདི་ནས་བག་ཡངས་ཀྱིས་མལ་རེ་གསོས་ན། །

ཁྱད་པར་ཁྱབ་བདག་གི་རྩ་བའི་བླ་མས། །

ཕ་ནོར་བུ་སྐལ་གྱི་ཐུགས་རྗེ་དོན་ཡོད། །

རྫོགས་ཆེན་སྙན་བརྒྱུད་ཀྱི་གདམས་ངག་བསྩལ་བས། །

གླིང་འདིར་ལུང་རྟོགས་ཀྱི་བྱིན་རླབས་འཕྲོས་ཡོད། །

བདག་ཀྱང་ཚེ་རབས་ཀྱི་ལས་སྨོན་སྦྲེལ་ནས། །

བརྒྱུད་ལྡན་རིག་འཛིན་གྱི་ཞལ་ལུང་མཇལ་ཡང་། །

སྒོ་གསུམ་ཆོས་མིན་གྱི་སྤྱོད་པར་གཡེང་བས། །

ཡུན་ཐུང་མི་ཚེ་ཡང་གློག་ལས་མྱུར་བྱུང་། །

དྲན་རིག་ཡེ་ཤེས་ཀྱི་རྟ་མཆོག་རྒོད་པོས། །

སྲིད་པའི་ཐང་ཆེན་ནས་ལམ་རེ་ཆོད་ན། །

ཀློང་ཆེན་རྣལ་འབྱོར་གྱི་རྩལ་ལ་སྦྱངས་ཏེ། །

འཁོར་འདས་མཉམ་ཉིད་ཀྱི་དབྱིངས་ལ་ཕྱིན་འགྲོ། །

དེ་རིང་མཇལ་བ་ང་མཇལ་བ་ཞིག་སྟེ། །

ཕལ་བའི་མི་ལུས་ཀྱི་ལུས་རྟེན་འཁྱམ་པོ། །

འཁྱམ་པོའི་མི་ཚེ་ཡི་ཆུ་བུར་མིག་གིས། །

སྒོམ་ཆེན་རྒྱུས་མེད་ཅིག་མཇལ་ནས་བྱུང་ངོ་། །

སྒོམ་ཆེན་སྤྱན་རས་དེ་མཐོ་བར་གཟིགས་གཟིགས། །

ལྷུན་གྲུབ་ཐོད་རྒལ་ལ་གཟིགས་པའི་རྣལ་འབྱོར། །

མཇལ་བའི་མིག་རས་དེ་མར་ལ་བལྟས་བལྟས། །

ཁམས་གསུམ་འཁོར་བ་ལ་གཡེང་བའི་བུ་ཆུང་། །

དད་པའི་ཐལ་མོ་དེ་སྙིང་གར་སྦྱར་ནས། །

བསམ་བློའི་བུ་ག་རུ་ག་ལེར་སོང་བས། །

ཆགས་སྡང་སྒྱུ་མ་ཡི་གར་ལ་བསམས་ན། །

ཆུ་བུར་མིག་མཐའ་ལས་མཆི་མ་ཟགས་བྱུང་། །

སྲིད་པའི་བདེན་ཞེན་དེ་བཟློག་ཏུ་དཀའ་བས། །

བཟང་ངན་རྐྱེན་སྣང་ལ་རྣམ་རྟོག་འཁྲུལ་སོང་། །

སྤང་བླངས་རེ་དོགས་ཀྱི་ལས་ཉོན་བཙན་པས། །

འཁོར་བའི་རི་གྲོང་ན་རྟག་པར་ཉུལ་ཡོད། །

ཕྱི་རོལ་ཁ་དོག་གི་ཆོས་གཟུགས་ང་འདྲའི། །

བཅོས་མའི་ཚུལ་འཆོས་འདི་ངོ་རེ་གནོང་ངོ་། །

ནང་གི་རྣལ་འབྱོར་ལ་བརྩོན་པ་ཁྱེད་འདྲའི། །

ཆོས་པའི་རྣམ་ཐར་འདི་ཡི་རེ་རང་ངོ་། །

ཕྱི་ཚུལ་རྣལ་འབྱོར་བ་ཞིག་པོས་ཁེངས་འདྲ། །

ནང་རིག་འོད་གསལ་གྱི་སྙིང་པོའི་གཟུངས་ཆེན། །

སྣང་སྟོང་གཉིས་མེད་ཀྱི་མཉམ་པར་བཞུགས་སམ། །

གཡོ་མེད་ཏིང་འཛིན་གྱི་སྒོམ་སྟངས་ལེགས་པ། །

སྐལ་ལྡན་དང་བ་ཡི་མིག་གི་རྒྱན་ཆ། །

འགྲོ་བའི་ཚོགས་བཟང་གི་བསོད་ནམས་ཞིང་འདིར། །

ཟག་མེད་སྒྱུ་འཕྲུལ་གྱི་དབྱིངས་སུ་བཞུགས་སམ། །

མ་བཅོས་གཉུག་མ་ཡི་གཤིས་ཀ་བཟང་བ། །

སྲིད་པའི་སྣང་བ་དེ་མཚོ་མོའི་རླབས་རིས། །

རེས་དགའ་རེས་སྐྱིད་ཀྱི་འཁོར་བར་གྲོས་ནས། །

འཁོར་འདས་རྒྱབ་གྱེས་ཀྱི་མགུར་གླུ་ལེན་ནམ། །

ཡུལ་ཅན་རིག་པ་ཡི་རྩེད་འཇོ་ཡག་སོང་། །

རྒྱལ་བ་སེམས་དཔའ་ཡི་བྱིན་གྱིས་རླབས་པའི། །

འཕགས་པའི་རི་ངོགས་འདི་དམ་པའི་གདན་ས། །

རྣམ་དཀར་ཀུན་འབྱུང་གི་དགེ་སྦྱོར་འཕེལ་ལམ། །

འདོད་ཆུང་ཆོག་ཤེས་ཀྱིས་བཞུགས་སྟངས་ལེགས་པ། །

སྟོང་སང་འཛིན་བྲལ་གྱི་ཐུགས་ལ་བཞུགས་པའི། །

བློ་འདས་ཡེ་ཤེས་ཀྱི་སྒོམ་པ་རང་གྲོལ། །

འགྲོ་དྲུག་སེམས་ཅན་ལ་ཐུགས་རྗེས་གཟིགས་སམ། །

སྒྲུབ་པའི་རྒྱལ་མཚན་གྱི་དབུ་འཕང་མཐོ་བ། །

སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་བཞུགས་པའི། །

རྩ་བའི་བླ་ཡི་བྱིན་རླབས་ཐུགས་རྗེས། །

འཁོར་བའི་སྙིང་པོ་ལ་སྤྱན་ཆབ་བསིལ་ལམ། །

བྱ་བཏང་རྣལ་འབྱོར་གྱི་བཞུགས་བག་ལྷོད་པ། །

ཀུན་རྟོག་ནམ་མཁའ་ཡི་བྱ་རྗེས་འདྲ་བར། །

ཆོས་ཉིད་རྨི་ལམ་གྱི་སྒྱུ་མར་གཟིགས་པའི། །

གཡོ་མེད་སྒོམ་ཆེན་གྱི་ཞལ་རས་མཇལ་བས། །

མོས་གུས་བྱིན་རླབས་ལ་ཐུགས་རྗེ་ཞུའོ། །

རྒྱུ་བའི་བརྟུལ་ཞུགས་ཀྱང་ནུབ་ལ་ཉེ་བྱུང་། །

མཚམས་སྤྲིན་དམར་པོ་ཡང་སྨག་ལ་འདྲེས་བྱུང་། །

མཇལ་བའི་ལག་ཟུང་གི་ཐལ་མོ་སྦྱར་ནས། །

སྒོམ་ཆེན་ཁྱེད་རང་ལ་གྱེས་ཕྱག་འབུལ་ལོ། །

སྟོང་ཆེན་བདེ་བ་ལ་མཉམ་པར་བཞུགས་པའི། །

སྒྲུབ་པ་ཉམས་བཞེས་ཀྱི་དམ་པ་ཁྱེད་རང་། །

ཏིང་འཛིན་ཡེ་ཤེས་ཀྱི་རྩལ་ཆེན་སྦྱངས་ནས། །

འོད་གསལ་སྒྲུབ་ཕུག་འདིར་ལྷོད་ལ་བཞུགས་རོགས། །

བཏང་སྙོམས་མེ་ལོང་གི་ཡེ་ཤེས་ཆེན་པོས། །

འགྲོ་བློའི་མ་རིག་གི་མུན་པ་སེལ་ནས། །

གང་ཤར་རྣལ་འབྱོར་གྱི་སྣང་གླུ་སྙན་མོས། །

འབྲེལ་ཚད་དོན་ལྡན་ལ་འདྲེན་པར་ཞུའོ། །


   སྒྲུབ་རི་གསང་ཆེན་ངེས་དོན་གླིིང་དུ་གྲུབ་དབང་རྫོགས་ཆེན་པ་བསྟན་འཛིན་ལུང་རྟོགས་ཉི་མ་མཆོག་གིས་གྲྭ་མང་འདུས་པ་རྒྱ་མཚོར་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་བཀའ་ཁྲིད་གནང་སྐབས། ཕྱི་དྲོའི་ཁྲིད་སྦྱོང་གི་དུས་ཚོད་ཅིག་ལ་ཡུན་རིང་མ་འབྱོར་བའི་སྒྲུབ་ཕུག་དང་མཚམས་པ་བ་ཞིག་མཇལ་བའི་རྐྱེན་དང་བཅས་དབེན་པའི་ནགས་སུ་སྦྱར་བའོ། །


2017  རྒྱལ་ལོ། ༢༡༤༤    ༢༧ 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 74wa བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23532137
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།