སྙན་ངག་ཚན་པ་འགའ། བཛྲ་ཚུལ་ཁྲིམས་རྒྱ་མཚོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 18 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »སྙན་ངག་ཚན་པ་འགའ། བཛྲ་ཚུལ་ཁྲིམས་རྒྱ་མཚོ།
སྙན་ངག་ཚན་པ་འགའ། བཛྲ་ཚུལ་ཁྲིམས་རྒྱ་མཚོ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2021-08-06ལྟ་ཀློག (3664)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།། སྐྱིད་པའི་བོད་ཡུལ།


བཛྲ་ཚུལ་ཁྲིམས་རྒྱ་མཚོ།

ཨེ་མ་མིག་གི་དགའ་སྟོན་འདི་འདྲའི་དཔལ།།

བསིལ་ལྗོངས་བོད་ཀྱི་ཡུལ་ལས་གང་ན་ཡོད།།

བཏབ་པའི་མེ་ཏོག་ཤར་ནུབ་ཀུན་ནས་མཐོང་།།

མ་བཏབ་རང་བྱུང་འདི་འདྲ་གཞན་ན་མེད།།

 

དམ་ཆོས་སེམས་ལ་ཐིམ་པ་དམ་པའི་ཞིང་།།

བསོད་ནམས་གཡང་དུ་འཁྱིལ་བ་གཡང་གི་མཛོད།།

མེ་ཏོག་མཛེས་སྡུག་ངོམ་པ་མཛེས་པའི་ཡུལ།།

བོད་འདིར་སྐྱེས་པས་བོད་པ་ང་རང་སྐྱིད།།

 

ཡར་ལ་བལྟས་ན་ལྷ་ལམ་སྔོ་ཞིང་སངས་།།

མར་ལ་བལྟས་ན་ས་གཞིར་ཕྱྭ་གཡང་འཁྱིལ།།

བར་ནས་བསྡད་ན་མཁའ་དབུགས་དྭངས་ཤིང་གཙང་།།

སྐོམ་ན་སྐོམ་ཆུ་གཙང་མ་རང་གྲུབ་ཡིན།།

 

གོང་གི་རྒན་པའི་གདོང་ན་འཛུམ་མདངས་ཡོད།།

བར་གྱི་གཞོན་པའི་སེམས་ན་ལས་འབྲས་ཡོད།།

ཆུང་སྐྱེས་བྱིས་པའི་ཁྲོད་ན་བདེ་སྐྱིད་ཡོད།།

འདི་འདྲ་དེང་སང་བོད་ལས་ཡོད་རེ་སྐན།།


༄༅།། འཆར་སྣང་གི་འདེགས་འཇོག


༼ལོ་ཉི་ཤུ་ལྷག་གི་ཡར་སྔོན་དུ་བདག་གིས་བྲིས་པའི་རྩོམ་ཞིག་གཟུར་གནས་གྲོགས་པོ་རྣམས་ཀྱི་སྤྱན་ལམ་དབུལ་བར་བྱའོ།།༽

བཛྲ་ཚུལ་ཁྲིམས་རྒྱ་མཚོ།


ཡོན་ཏན་ཡོད་ན་ཕྲག་དོག་སྦྲུལ་གྱིས་གཙེ།།

ཐོས་པ་ཉུང་ན་ཀུན་གྱིས་སྨད་པར་བྱེད།།

སྲང་མདའི་རྩེ་ལ་གནས་པའི་སྲིད་པའི་ཚུལ།།

བསམ་ཐེངས་རེར་ཡང་སེམས་པ་གཏིང་ནས་སྐྱོ།།

རྒྱབ་ན་གཞིག་བྲལ་བྲག་རི་རྔམ་ཞིང་བརྗིད།།

མདུན་ན་གཙང་ཆབ་སྔོན་མོས་གླུ་དབྱངས་ལེན།།

བར་ན་རི་དྭགས་མང་བོས་མཆོངས་གར་རྩེན།།

དབེན་པའི་གནས་དེ་དྲན་ནའང་སེམས་པ་དལ།།

རྒྱུ་འབྱོར་ཆེ་ན་རྒྱུ་འབྲས་ཁྱད་དུ་གསོད།།

འབྱོར་བས་དབུལ་ན་ཕྱུག་པོའི་བྲན་དུ་འགྱུར།།

རྐམ་ཆགས་སྲེད་པའི་རླབས་འཕྲེང་མ་ཞི་ན།།

ཞི་བསིལ་བདེ་བའི་དངོས་པོ་རྙེད་མི་སྲིད།།

ཅ་ཅོའི་ལོང་གཏམ་མེད་པས་རྣ་བ་དལ།།

བསླུ་བྲིད་ཟློས་གར་མེད་པས་མིག་ཟུང་དལ།།

ཕྲག་དོག་འགྲན་སེམས་མི་རྒོད་སེམས་པ་དལ།།

དལ་འབྱོར་དོན་ཆེན་བསྒྲུབ་ན་དབེན་གནས་སྐྱིད།།

ཉེས་པ་མེད་ཀྱང་ཉེས་པའི་ཁུར་བོ་འགེལ།།

བྱེད་འདོད་མེད་ཀྱང་བཙན་པོའི་དབང་གིས་འདེད།།

དཀར་ནག་དབྱེ་བ་མི་ཕྱེད་གྲོང་ཡུལ་ན།།

ལུས་སེམས་མི་ངལ་སེམས་པ་གཏིང་ནས་སྐྱོ།།

ཡར་ལྟོས་སྔོ་བསང་སྒེག་མོའི་ཕ་མཐའ་ཡངས།།

མར་ལྟོས་ནོར་འཛིན་བུ་མོའི་ལྟོ་བ་ཡངས།།

བར་ན་ལྗོན་ཤིང་ནགས་ཀྱི་དཀྱིལ་འཁོར་ཡངས།།

ནང་ནས་སེམས་རྒྱ་ཡངས་ན་ཨེ་མ་སྐྱིད།།


༄༅།། མཚམས་ལན་རེར་ཅི་ཡང་མ་བཤད་ན་བཟང་།


 

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

 

མཚམས་རེར་གཞན་གྱིས་ཉེས་འགེལ་བྱས་པའི་ཚེ།།

བདག་གིས་འགྲེལ་བཤད་མ་བྱས་ཁ་རོག་བསྡད།།

དེ་ནི་དེ་ལ་འཇིགས་པ་མ་ཡིན་ཞིང་།།

རང་ལ་བདེན་དོན་མེད་པ་དེ་བས་མིན།།

 

རང་ཉིད་དག་ན་འགྲེལ་བཤད་གཏམ་རྙོག་ཀྱིས།།

བཀྲུ་དགོས་མ་མཆིས་གོ་མེད་བླུན་པོ་ལ།།

བཤད་ཀྱང་མི་ཕན་དྲང་བདེན་བློ་གྲོས་ཅན།།

རྣམས་ཀྱིས་འགྲོགས་ན་ཤེས་པས་བཤད་དགོས་ཅི།།

 

དེ་ཕྱིར་སྐབས་དང་བསྟུན་ནས་མི་སྨྲ་བ།།

སྡར་མའི་ཚུལ་མིན་བླུན་རྟགས་དེ་བས་མིན།།

དོན་གྱི་གནས་ལུགས་མཐོང་བས་འདམ་ག་ལ།།

མཁས་པ་ཉིད་ཕྱིར་ཤེས་རབ་ཆེ་རྟགས་ཡིན།།


༄༅།། ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འདུ་ཤེས།

 

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

ངེད་བོད་པ་ལ་སྔ་མོ་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འདུ་ཤེས་དེ་འདྲའི་ཟབ་མོ་ཡ་མཚན་པ་ཡོད།

ངའི་ཕ་ཡུལ་སྒང་བ་བོད་ཡུལ་གྱི།།

རི་མཐོན་པོ་བཤིག་ན་གསེར་གྱིས་འཚོབ།།

ཆུ་དྭངས་མོ་རྙོག་ན་འོ་མས་འཚོབ།།

སྤང་སེར་པོ་གཤགས་ན་མར་གྱིས་འཚོབ།།

ངའི་ཕ་ཡུལ་གངས་རིའི་ཞིང་ཁམས་སྐྱིད།།



༄༅།། ཨ་མའི་ལོ་ལོ་དང་ཨ་མའི་ལོ་ལོ་དབྱངས་གསལ་ངོས་འཛིན་ཤོག་བྱང་ལ་བྲིས་པའི་ཤིས་ཚིག

 

བཛྲ་ཚུལ་ཁྲིམས་རྒྱ་མཚོ།


ཨ་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་།།

ཨ་མ་བྲག་སྲིན་གཉིས་ཀྱི་བུ་བརྒྱུད་ལ།།

ཨ་མའི་ལོ་ལོ་དབྱངས་གསལ་ངོས་འཛིན་ཐབས།།

ཨ་ཕའི་བུ་ཡིས་སྤེལ་འདི་ཤིས་གྱུར་ཅིག།

 

གང་ལ་རང་གི་སྐད་ཡིག་མི་ལྡན་པའི།།

མི་རིགས་དེ་ནི་ནམ་ཡང་བླུན་རྨོངས་ཡིན།།

གང་ཞིག་རང་སྐད་རང་ཡིག་མི་ཤེས་པའི།།

མི་དེ་གོ་ས་མཐོ་ཡང་ཁོག་སྟོང་ཡིན།།

 

ཕྱི་ཡི་འབྱོར་བས་ཕྱུག་ཀྱང་རང་སྐད་ཀྱིས།།

སྟོང་བ་གང་དེ་དོན་གྱི་དབུལ་བོ་ཡིན།།

དེ་ཕྱིར་ཕུག་ནོར་འཕངས་ནས་ཕྱགས་དར་གྱི།།

ཕུང་བོ་ཁྱིམ་ལ་སྤུངས་དེ་བླུན་པོའི་ཕུལ།།

 

འོན་ཀྱང་བསམ་མི་ཤེས་པའི་བྱིས་པ་ལ།།

ཡི་གེ་ངོས་འཛིན་རྩེད་མོའི་ཐབས་ལམ་དང་།།

མ་སྦྲེལ་རང་དགར་འཇུག་པ་དཀའ་བས་ན།།

ཐབས་འདི་ཤེས་རིག་གཡང་གི་སྒོ་འབྱེད་ཡིན།།

 

ཆོས་རིག་སྲིད་གསུམ་ཚན་རིག་དང་བཅས་པ།།

གང་དང་གང་ཡང་ཚིག་གི་སྦྱོར་བ་ལ།།

བརྟེན་ནས་སྤེལ་དགོས་དེ་ཡང་ཡི་གེ་ལ།།

བརྟེན་དགོས་ཕྱིར་ན་ཐབས་འདིས་ཕྱྭ་གཡང་འགུག།

 

བོད་པའི་མིང་ལ་བོད་པའི་སྙིང་ལྡན་པའི།།

བྱ་སྟོད་བོད་ཕྲུག་བོད་ལ་དགའ་བའི་མདངས།།

ཤར་བ་འདི་ཡང་བོད་པའི་བྱིས་པ་ཚོས།།

བོད་ཡིག་བོད་སྐད་ཤེས་པའི་ཐབས་ཀྱི་མཆོག།

 

ལྷག་བསམ་གཙང་ཞིང་བྱ་གཞག་གཙང་མ་ལ།།

སློབ་གསོ་གཙང་མར་དགའ་བའི་བོད་པ་ཚོས།།

ཅི་ཕྱིར་མི་བསྟོད་བསམ་དོན་ལྷུན་གྲུབ་ཆེད།།

ལྷ་དང་བླ་མ་ཡིས་ཀྱང་ཤིས་པ་སྩོལ།།

    ཅེས་པ་འདི་ནི་ཨ་མའི་ལོ་ལོ་དང་ཨ་མའི་ལོ་ལོའི་དབྱངས་གསལ་ངོས་འཛིན་ཤོག་བྱང་གི་གསར་བཏོད་པ་བྱ་སྟོད་བོད་ཕྲུག་གིས་སྐད་འཕྲིན་བརྒྱུད་ནས་ཤིས་ཚིག་ཅིག་ཅིས་ཀྱང་འབྲི་དགོས་ཞེས་ནན་གྱིས་བསྐུལ་བ་ལྟར་སློབ་གསོ་ལ་དགའ་ཞིང་མི་ཚེ་སློབ་ལ་གཟན་པའི་དགེ་སྦྱོང་བ་བཛྲ་ཚུལ་ཁྲིམས་རྒྱ་མཚོར་འབོད་པས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རང་ཤག་འོད་སྣང་འཁྱིལ་བའི་དགའ་ཚལ་ནས་བྲིས་ཏེ་བསྐུར་བའོ།།



༄༅།། རང་གི་སྐྱབས་གསུམ་ལེགས་པར་ངོས་ཟིན་དགོས།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།


གང་ལ་མོས་པའི་ལུགས་དེའི་སྟོན་པ་དང་།།

བསྟན་པ་མཆོག་དེར་དྲི་མེད་རིགས་ལམ་ནས།།

དྲངས་པའི་དད་གུས་རྣལ་མ་བསྐྱེད་ནུས་ན།།

མཚར་རོ་དབང་རྣོན་ཆོས་ཀྱི་རྗེས་འབྲངས་ཉིད།།

 

དེས་ན་རང་ཅག་རྣམས་ཀྱི་སྟོན་པ་ནི།།

རྟེན་འབྱུང་སེང་གེའི་ང་རོས་རྒོལ་ངན་དང་།།

དེ་རྒྱུ་རྨོངས་མུན་དང་བཅས་ལེགས་འཇོམས་པ།།

ཐུབ་དབང་ཞེས་བྱར་གྲགས་སོ་སྟོན་པའི་མཆོག།

 

འོ་ན་དེས་གསུངས་ཆོས་དེ་གང་ཞེ་ན།།

རྣམ་གྲོལ་དོན་གཉེར་ཅན་གྱི་ཤེས་འདོད་པ།།

སྡུག་བསྔལ་འདི་ཅི་དེ་རྒྱུ་ཅི་ཞིག་དང་།།

དེ་ལས་ཐར་བ་ཅི་དང་ཐོབ་བྱེད་ལམ།།

 

ཐབས་དང་བཅས་པ་ལེགས་གསུངས་གང་དེའོ།།

གལ་ཏེ་དེ་ལ་ཡང་དག་རིགས་ལམ་ནས།།

དྲངས་པའི་དད་པ་བརྟན་པོས་བཀའ་ཇི་བཞིན།།

སྒྲུབ་པ་ཉིད་ནི་ཆོས་ལ་སྐྱབས་སོང་ཡིན།།

 

དེ་ལྟར་བསྒྲུབས་པས་རང་རྒྱུད་ཉོན་མོངས་དགྲ།།

གཞོམ་ལ་དཔའ་བ་གང་སྟེ་འཕགས་ལམ་ལ།།

གནས་པའི་ཚོགས་རྣམས་མ་ལུས་དགེ་འདུན་ཏེ།།

ཤེས་མཐོང་དད་པས་བསྟེན་ན་ལེགས་ཚོགས་བསྐྱེད།།

 

སྐྱབས་འགྲོ་ལེགས་པར་ཤེས་ན་གསུང་རབ་ཀུན།།

དེ་ལ་འདུས་པར་གསུངས་པས་སྐྱབས་འགྲོ་ནི།།

ཤིན་ཏུ་རྒྱ་ཆེ་དེ་ཡི་ཉམས་ལེན་ལའང་།།

ཆོས་ཀུན་འདུས་པར་ཤེས་ན་ཨེ་མ་མཚར།།

རྩོམ་ཡིག་མཁོ་སྤྲོད་པ། བྱམས་པ་དོན་གྲུབ། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། liao བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23493723
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།