གྱེས་ཚིག་སྙིང་གི་རོལ་མོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» སློབ་གྲྭའི་སློབ་གསོ། »གྱེས་ཚིག་སྙིང་གི་རོལ་མོ།
གྱེས་ཚིག་སྙིང་གི་རོལ་མོ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2021-07-08ལྟ་ཀློག (4905)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གྱེས་ཚིག་སྙིང་གི་རོལ་མོ།

ཨ་མཆོག་མགོན་པོ་སྐྱབས།

         སྙིང་ཉེ་བའི་སློབ་བུ་ཚོ། ད་ལྟ་ཁྱེད་ཅག་མཐར་ཕྱིན་ལ་ཉེ་བའི་སྐབས་འདིར། ངས་རང་སེམས་ནང་དུ་བཀུག་སྟེ་ཕྱིར་འདང་རེ་བརྒྱབས་ན། མི་ལོ་དྲུག་པོ་འདི་ནི་ངའི་མི་ཚེའི་ནང་རིང་རྒྱུ་མེད་ལ་ཐུང་རྒྱུའང་མེད་པའི་དུས་ཚོད་གལ་ཆེན་ཞིག་སྟེ། འདི་ནི་ང་རང་ཤེས་རིག་གི་ཞིང་ཁམས་འགྲིམས་ཏེ་སླར་ཤེས་རིག་གི་གར་སྟེགས་སུ་བུད་པ་ཐོག་མ་ཡིན་ལ། དེ་ལས་ཀྱང་སྔོན་བསགས་ཀྱི་ལས་སྨོན་གཅིག་ཏུ་ཐེབས་པའི་ཁྱེད་ཅག་གི་འཛིན་བདག་དགེ་རྒན་གྱི་མིང་ཞིག་འཁུར་ནས་མི་ལོ་དྲུག་ལ་སྐྱིད་སྡུག་གི་ལོ་ཟླ་མཉམ་དུ་བསྐྱལ་བས་ཡིན།

         ད་ནི་ངས་ཁྱེད་ཅག་ལ་སླར་ཡང་དྲན་སྐུལ་གྱི་ཚུལ་དུ་གྱེས་ཁའི་ཚིག་འགའ་ཞུ་བར་འདོད་དེ། ཁྱེད་ཅག་ཆེས་ཐོག་མར་སློབ་གླིང་འདིར་ཞུགས་དུས། ངས་ཁྱེད་ཅག་ལ་འདི་ལྟར་བཤད་པ་དྲན་ནམ། ཁྱེད་རང་སློབ་གླིང་འདིར་ཞུགས་པ་ནས་བཟུང་སྟེ། སློབ་སྦྱོང་གི་འདུན་པ་བརྟན་པོ་ཞིག་དང་། བསམ་བློ་དང་ཀུན་སྤྱོད་སོགས་གཞན་ལས་ལྷག་པ་ཞིག་དགོས་ཏེ། རྒྱུ་མཚན་ད་སྐབས་ས་ཆ་གང་ཡིན་ཡང་སྔོན་ཆད་ནང་བཞིན་སློབ་གྲྭ་མེད་པའི་དཀའ་ངལ་ཅུང་ཟད་ཙམ་ཡང་མེད་ལ། སློབ་གྲྭར་ཞུགས་མི་ཐུབ་པའི་དཀའ་ངལ་དེ་བས་ཀྱང་མེད། དེས་ན་རང་རང་གི་ཕ་ཡུལ་གྱི་སློབ་གྲྭ་དག་གཡས་སུ་བསྐྱུར་ཅིང་། ཕ་མ་ཉེ་འབྲེལ་ཡོངས་གཡོན་དུ་བཞག་སྟེ་འདིར་ཡོང་དོན་ཡང་མཐར་གཏུགས་ན་སྔར་ལས་ལྷག་པའི་སློབ་སྦྱོང་གི་ཁོར་ཡུག་ཅིག་འཚོལ་འདོད་པ་ལས་གཞན་དུ་ཅི།

          ཡང་ངས་ཁྱེད་ཅག་ལ་སྐབས་སྐབས་སུ་རང་སློབ་གྲྭའི་སློབ་གསོའི་ཁ་ཕྱོགས་མཚོན་པའི་སྡོམ་ཚིག་གསུམ་བཤད་པ་དེ་དྲན་ནམ། སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ། དཔེ་ཁྲིད་དང་རྩོད་པ་ཟུང་འབྲེལ། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་ཞེས་པའི་སྡོམ་ཚིག་འདི་གསུམ་ཚེ་གང་ལ་སློབ་སྦྱོང་གི་དམིགས་འདུན་ཉིད་དུ་འཛིན་རྒྱུ་ནི་གནད་ཀྱི་དོན་པོ་ཡིན།

          ཡང་སྤྱི་སྡོམ་སོགས་ཀྱི་སྐབས་སུ་ངས་འདི་ལྟར་བཤད་པ་དྲན་ནམ། སྤྱིར་སློབ་གྲྭའི་ར་སྐོར་ནང་ནས་སྒྲིག་ལམ་གང་ཡིན་ཡང་ཚུལ་བཞིན་དུ་བརྩི་དགོས་པ་བཤད་མ་དགོས་མོད། དེ་ལས་ཀྱང་གལ་ཆེ་བ་ནི་དབྱར་དགུན་གནང་གི་སྐབས་དང་། ལྷག་པར་དུ་སློབ་མཐར་ཕྱིན་ཏེ་སློབ་གླིང་དང་གྱེས་རྗེས་སུ་ད་དུང་མུ་མཐུད་དུ་བསྲུང་རྒྱུ་ནི་དེ་ལས་ཀྱང་གལ་ཆེ་སྟེ། རྒྱུ་མཚན་ཁྱོད་རང་སློབ་གྲྭ་འདི་ནས་མང་ན་ཡང་ལོ་དྲུག་ཙམ་ལས་མི་འདུག་པས། སྒྲིག་ལམ་དེ་དག་གིས་ལོ་དྲུག་ཙམ་ལས་མ་འདང་ན་དགེ་རྒན་ཚོས་སློབ་གསོ་བཏང་བ་དོན་མེད་དུ་ཟད་ལ། ཁྱེད་ཚོས་ལོ་མང་རིང་སློབ་གསོ་མྱངས་པ་ལའང་དགེ་མཚན་མེད་སོང་བ་རེད། དེ་བས་སློབ་དཔོན་རྣམ་པས་དཔྱད་གསུམ་རྣམ་པར་དག་པས་གཏན་ལ་ཕབ་པའི་སྒྲིག་ལམ་འདི་དག་ཚེ་གང་བོར་རང་གི་ནང་ནོམ་དུ་བཟུང་སྟེ་སློབ་སྦྱོང་གི་མཐུན་རྐྱེན་ཉིད་དུ་སྒོམ་བཞིན་ལག་ལེན་གྱིས་དང་། དེས་ནི་ཁྱེད་ཅག་རང་སྐྱིད་གཞན་སྨོན་གྱི་དཔལ་ལ་འགོད་པར་བྱེད་ངེས། དེ་ལས་ཀྱང་སློབ་གྲྭའི་སྒྲིག་ལམ་གང་ཡིན་ཡང་ཆད་པ་གཅོད་པར་སྐྲག་སྟེ་བརྩི་བ་ནི་སྡར་མ་ཡིན་ལ། སྒྲིག་ལམ་རེ་རེ་བཞིན་ངེས་ཤེས་འདྲོངས་པའི་སྒོ་ནས་བརྩི་བ་ནི་མི་གཞུང་དྲང་གི་སྤྱོད་པ་ཡིན་པས། ནམ་ཡང་སྒྲིག་ལམ་ཀུན་མངོན་ལྐོག་མེད་པར་བསྲུང་ན་སློབ་སྦྱོང་གི་མཐུན་རྐྱེན་ཉིད་དུ་འགྱུར་བར་གདོན་མི་ཟའོ།།

         ཡང་ངས་ཁྱེད་ཅག་ལ་འདི་ལྟར་བཤད་མྱོང་སྟེ། སློབ་མ་ཞིག་ཡིན་ན་རིག་གནས་སྣ་མང་ལ་སྦྱངས་ཏེ་རང་ཉིད་ནུས་མང་ཅན་དུ་གཏོང་རྒྱུ་ནི་གལ་ཆེ་སྟེ། དཔེར་ན། སློབ་ཁྲིད་ལ་གཏན་འཁེལ་བྱས་པའི་བསླབ་གཞི་དག་ཕུད། རི་མོ་དང་ཡིག་གཟུགས། དེ་བཞིན་གླུ་གར་སོགས་སྒྱུ་རྩལ་གྱི་སྐོར་དང་། རྐང་རྩེད་དང་ལག་རྩེད་སོགས་ལུས་རྩལ་གྱི་སྐོར། དེ་བཞིན་བཤད་པ་དང་གཏམ་དཔེ་སོགས་ངག་རྩལ་གྱི་སྐོར་སོགས་མདོར་ན་ཐུན་མིན་ཁྱད་ཆོས་ལྡན་པའི་རིག་གནས་གང་ཡིན་ཡང་འབད་པས་སློབས་དང་རང་ཉིད་ཀྱི་ཆུ་ཚད་གོང་མཐོར་འགྲོ་བའི་སྒོ་མོ་ཉིད་དུ་འཁུམས་སོ། 

   ཡང་ངས་ཁྱེད་ཚོར་ནང་བསམ་བློའི་འཛིན་སྟངས་ཀྱི་ཆ་ནས་འདི་ལྟར་བཤད་མྱོང་སྟེ། དེ་ཡང་། མི་གཞི་བཟང་བོ་དེ་ཡང་གང་ཞེ་ན།། བསམ་པ་དཀར་ཞིང་གཡོ་སྒྱུ་ཆུང་བ་དང་།། ངང་བཟང་ཕྱི་ཐག་རིང་ཞིང་ཟུང་ཐུབ་ཅིང་།། ཁོང་ཡངས་ཤེས་རྒྱ་ཆེ་བ་ཉིད་ཡིན་ནོ།། ཞེས་པའི་དམ་པའི་ལེགས་བཤད་འདི་དྲངས་ཏེ་མི་ཞིག་ཡིན་ན་སེམས་དཀར་བློ་ཁོག་ཡངས་པ། གཞུང་དྲང་སྤྱི་སེམས་ཆེ་བ་ཞིག་བྱེད་རྒྱུ་ནི་ཆེས་གལ་ཆེ་བ་ཉིད་དེ། སྤྱིར་སློབ་གསོ་མྱོང་བའི་དམིགས་ཡུལ་མཐར་ཐུག་པ་ཡང་མི་གཞི་བཟང་བོ་ཞིག་གསོ་སྐྱོང་བྱེད་རྒྱུ་དེ་ཡིན་པའི་ཕྱིར།

         ཡང་ངས་ཁྱེད་ཅག་ལ་ཕྱིའི་ཆ་ལུགས་ཀུན་སྤྱོད་ཀྱི་ཕྱོགས་ནས་འདི་ལྟར་བཤད་པ་དྲན་ནམ། སྤྱིར་ཁྲ་ཁྲ་ཟིང་ཟིང་གི་དུས་སྐབས་འདི་ལ་ཕྱིའི་ཆ་ལུགས་སོགས་སྤྱོད་པ་ཡ་མ་བརླ་སྟོན་མཁན་མང་ཡང་། ང་ཚོས་ལོ་མང་བོར་བོད་རང་གི་ཐུན་མིན་རིག་གནས་ལ་སྦྱངས་པས། རང་ཚུགས་ཅུང་ཟད་ཀྱང་མེད་པར་གྱང་ཁའི་རྩྭ་ལྟར་དུ་གཞན་རྗེས་སུ་གཡམ་རྒྱུག་བྱེད་མི་རུང་ལ། དེ་ལས་ཀྱང་རང་ཉིད་མི་སྒེར་གྱི་དགའ་ཕྱོགས་ཙམ་གཙོ་བོར་བཟུང་སྟེ། མི་རིགས་སྤྱིའི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་སོགས་དང་ཐུན་མོང་ལ་འདང་རྒྱག་སྤུ་ཙམ་ཡང་མེད་པར་ཆ་ལུགས་སོགས་སྣང་བར་གང་དྲན་མི་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་མཐོང་སྟེ། རྒྱུ་མཚན། རང་མི་རིགས་ཀྱི་ཡུལ་སྲོལ་དང་གོམས་གཤིས་སོགས་ལ་ཅི་ཡང་མི་སྙམ་པར་རང་ཉིད་ཀྱི་དགའ་ཕྱོགས་ཙམ་གཙོ་བོར་འཛིན་པ་ནི་སྒེར་སེམས་ཆེ་བ་ཉིད་ལས་མ་འདས་སོ།།

         དེ་ལྟར་མི་ལོ་དྲུག་པོ་འདིའི་རིང་ལ་རང་ངོས་ནས་ལྷག་བསམ་གཙང་མའི་ངང་ནུས་པ་གང་ཡོད་ཀྱིས་སྐྱོང་འཁུར་དང་། གང་ཤེས་སྦ་གསང་མེད་པར་སློབ་གསོ་བཏང་བ་འདི་དག་ལ། ཁྱེད་ཚོས་བརྩི་མཐོང་བླ་མེད་ཀྱིས་གུས་གུས་ཞུམ་ཞུམ་ངང་ལགས་སོ་ཟེར་བའི་གུས་ལུགས་དང་ངང་ཚུལ་དེས། འཇོན་ཡང་མ་འཇོན་ཡང་ང་རང་དགེ་རྒན་གྱི་སྟེགས་བུ་ཆུང་ཆུང་འདིར་བཙན་ཚུགས་ཀྱིས་འགྲེང་ཐུབ་པར་བྱས་པས། མཐར་དེད་ན་ཁྱེད་ཅག་གིས་ང་ལ་སྔར་མེད་པའི་བློ་སྤོབས་བསྩལ་ཅིང་སྐུལ་འདེད་གནང་བའང་བསྙོན་དུ་མེད། དེ་བས་ངས་ཁྱེད་ཚོ་ལ་དགའ་སྡུག་གི་རྣམ་འགྱུར་ཅི་ཞིག་བསྟན་ཀྱང་ཐམས་ཅད་ང་ཚོ་ཐུན་མོང་གི་སློབ་སྦྱོང་དང་བསམ་སྤྱོད་ཡར་རྒྱས་ཀྱི་ཕྱོགས་ལ་འབད་ཅི་ཐུབ་བྱས་པ་ཡིན། 

         ད་བར་དུ་ངས་ཁྱེད་ཅག་ལ་བསྟོད་པ་དང་ཁ་ཡག་བཤད་པ་ཕལ་ཆེར་ཉུང་ཉུང་ཡིན། ད་ནི་ངས་ཁྱེད་ཚོ་ལ་སེམས་གཏིང་ནས་བསྟོད་པ་ཞིག་བྱེད་ན་འདོད། རྒྱུ་མཚན་ནི་མི་ལོ་དྲུག་པོ་འདིའི་རིང་ལ་རང་རང་གི་རྣམ་དཔྱོད་བཟང་ངན་དང་བརྩོན་པ་ཆེ་ཆུང་གི་དབང་གིས་རྒྱུད་ལ་ཡིད་ཚིམ་པའི་རིག་གནས་ཤིག་འབྱོར་ཡོད་མེད་ཅི་ཆ་ཡང་། རང་གི་བཤེས་གཉེན་དག་ཞྭ་བཞིན་དུ་བཀུར་ཅིང་། སློབ་གྲྭའི་སྒྲིག་ལམ་མཐའ་དག་མིག་འབྲས་བཞིན་དུ་བརྩིས་པའི་བྱིན་རླབས་ཀྱིས། ད་ཆ་ཁྱེད་ཅག་མི་རེ་རེའི་རྒྱུད་ན་རིགས་ཀྱི་ཞེན་པ་མཐོ་ཞིང་། རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གཞུང་དང་། སྐད་དང་ཡི་གེ། ཡུལ་སྲོལ་གོམས་གཤིས་སོགས་ལ་དགའ་ཞེན་ཟབ་མོ་རེ་ཆགས་ཡོད་ལ། མདོར་ན་མི་རིགས་རང་གི་འདུ་ཤེས་ཀྱི་གཟུངས་གཞུག་རེ་སྙིང་ལ་ཉར་ཏེ་མཐར་ཕྱིན་ཐུབ་པར་བསམ་ན་བཤད་མི་ཤེས་པའི་དགའ་བ་སྐྱེས། 

         དུས་ཡུན་ལོ་དྲུག་པོ་འདིའི་རིང་ལ། ངས་ནམ་རྒྱུན་ཁྱེད་ཚོར་བཤད་པ་བཞིན། མདུན་གྱི་སློབ་དེབ་གཅིག་པོ་ཙམ་མ་ཡིན་པར་ནང་བསམ་བློ་དང་ཕྱིའི་ཀུན་སྤྱོད་སོགས་ཕྱོགས་གང་ཐད་ནས་ཡར་རྒྱས་གཏོང་བ་གཞི་རྩར་བཟུང་སྟེ། སློབ་གླིང་འདིའི་དགེ་རྒན་དག་ཚུལ་བཞིན་བསྟེན་ཅིང་། སྦྱང་བྱ་མཐའ་དག་འབད་པས་སྦྱངས་ཏེ་མཐར་ཕྱིན་པའི་འབྲས་རྟགས་སུ་འཛིན་གྲྭ་སྤྱི་ནས་དཔྱད་རྩོམ་དང་ལྷུག་རྩོམ། ཀུན་འཁོར་ཕྱོགས་བསྒྲིགས། དེ་མིན་གྱེས་ཁའི་གཏམ་སོགས་ཀྱི་དེབ་བཞི་ཙམ་དང་། སྒེར་དེབ་ཀྱང་བཅུ་ཕྲག་ལྷག་དཔར་ཏེ་སློབ་གླིང་ལ་ལེགས་སྐྱེས་སུ་འབུལ་ཐུབ་པ་འདི་རང་ཉིད་འཛིན་བདག་དགེ་རྒན་ཡིན་པའི་ཆ་ནས་དགའ་བ་མཚོན་དུ་མེད་པ་སྐྱེ་བཞིན་ཡོད་ལ། སློབ་གླིང་གི་ངོས་ཐད་ནས་ཀྱང་དགའ་འོས་པའི་དོན་བཟང་ཞིག་སྟེ། མི་འགྱང་བར་བོད་ཀྱི་སྲིད་འབྱོར་རིག་གསུམ་ལ་འགན་འཁུར་བའི་ན་གཞོན་གྱི་དཔུང་སྡེ་ཞིག་སྤྱི་ཚོགས་སུ་མངགས་པ་རེད། དེ་བས་ཁྱེད་སློབ་བུ་ཚོས་ཀྱང་དགེ་རྒན་རྣམས་དང་མ་ཡུམ་སློབ་གླིང་གི་སྐུ་དྲིན་སེམས་ལ་འཆང་བཞིན། མི་རིགས་འདིའི་སྲིད་འབྱོར་རིག་གསུམ་གྱི་དར་རྒུད་ནམ་ཡང་སེམས་ལ་བརྣགས་ཏེ་རང་ནུས་གང་ཡོད་ཀྱིས་ཞབས་ཞུ་བསྒྲུབ་པའི་ཆོད་སེམས་ཡོད་དགོས།

     མ་འོངས་པར་སློབ་གྲོགས་ཕན་ཚུན་བར་གྱི་འབྲེལ་ལམ་ཇེ་ཟབ་ཏུ་བཏང་ནས། བྱ་བ་གང་ཞིག་སྒྲུབ་ཀྱང་ཕན་ཚུན་ལ་རོགས་འདེགས་དང་རྒྱབ་སྐྱོར་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་སྟེ། ཁྱེད་ཚོ་ནི་བོད་མདོ་དབུས་ཁམས་གསུམ་ནས་འཛོམས་པའི་ཕུ་ནུ་བརྒྱད་ཅུ་བོ་ཡིན་ལ། ལྷག་པར་དུ་བླ་མ་གཅིག་གི་སློབ་མ་དང་དཀྱིལ་འཁོར་གཅིག་གི་ལྷ་ཚོགས་ཞེས་པ་ལྟར་རིགས་མཐུན་སྤུན་གྲོགས་ཀྱང་ཡིན་པས། མ་འོངས་པར་བོད་ཁམས་ཀྱི་ས་གང་ནས་བྱ་བ་ཆེ་ཆུང་གང་ལ་ཐུག་ཀྱང་ཁྱོད་ལ་བློ་གཏད་སའི་དཔུང་གྲོགས་རེ་ཡོད་པ་མ་བརྗེད་པར་གྱིས་ཤིག         

       མདོར་ན། ང་ཚོས་སྔོན་བྱོན་དམ་པ་གོང་མའི་མཛད་རྗེས་སྙིང་ལ་བསྒོམ་པ་དང་། དྲིན་ཆེན་སློབ་དཔོན་རྣམ་པའི་བཀའ་གསུང་ཡིད་ལ་དམ་པོར་འཛིན་དགོས། ཡིད་ལ་བཟུང་བ་ཙམ་གྱིས་མི་ཆོག་པར་ནམ་རྒྱུན་ལག་ལེན་ལ་འདེབས་ཅི་ཐུབ་བྱས་ཏེ་གྲྭ་བ་རྣམས་ལ་མཚོན་ན་སྡོམ་དམ་ཚིག་ཚུལ་བཞིན་བསྲུངས་ཏེ་ཕྱིར་དགོན་པར་ཕེབས་པ་དང་། གྲོང་བ་རྣམས་ཀྱིས་ཆོས་དང་འཇིག་རྟེན་གཉིས་ལ་མཐུན་པའི་འཚོ་བར་རོལ་ཏེ་འདི་བདེ་ཕྱི་སྐྱིད་ཀྱི་ལམ་ལ་བསྙེག་རྒྱུ་ནི་ངེད་དགེ་རྒན་ཚང་མའི་རེ་བའང་ཡིན།

        དེར་མ་ཟད་ཁྱེད་ཕུ་ནུ་བརྒྱད་ཅུ་བོ་ས་གང་དུ་སོང་ནས་གནས་གང་དུ་བསྡད་ཀྱང་ཆོལ་གསུམ་གཞོན་ནུའི་ཤེས་རིག་གི་ཞིང་ས་ལྟ་བུའི་མ་ཡུམ་སློབ་གླིང་གིས་ཁྱེད་ཚོའི་དོན་ལྡན་གྱི་བྱ་བར་གཟིགས་རྟོག་དང་། སྔར་མེད་ཀྱི་གྲུབ་འབྲས་ལ་རེ་སྒུག་གིས་རྒྱང་ལྟ་བྱས་ཡོད་པ་མ་བརྗེད་ཨང་།

མཐར་ཁྱེད་ཕུ་ནུ་བརྒྱད་ཅུ་བོའི་བསམ་དོན་ཆོས་བཞིན་འགྲུབ་ཅིང་མ་འོངས་པའི་མདུན་ལམ་ལ་འོད་སྟོང་ལྡན་པའི་རེ་བ་དང་སྨོན་འདུན་སྙིང་ནས་ཞུ།

         ཞེས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་བཞི་བའི་མཐར་ཕྱིན་འཛིན་གྲྭ་དང་བོའམ་ཤེས་རབ་ཉིན་བྱེད་འཛིན་གྲྭའི་འཛིན་བདག་གི་མིང་ཙམ་འཛིན་པ་ཨ་མཆོག་མགོན་པོ་སྐྱབས་ཀྱིས་གླིང་སྟོད་ཀྱི་རང་སྤྱིལ་སྙན་དབྱངས་འཁྱིལ་བའི་ལྡིང་ཁང་ནས་རང་གི་སློབ་བུ་ཚོར་གྱེས་ཁའི་སྙིང་གཏམ་དུ་སྤྱི་ལོ་༢༠༢༡ལོའི་ཟླ་༦ཚེས་༦ཉིན་བྲིས་པ་དགེའོ། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 3 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། fc4i བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  གྱེས་ཚིག་སྙིང་གི་རོལ་མོ།   སྤེལ་མཁན།: དྷཱི་ཡིག སྤེལ་དུས:2021/7/8
ཧ་ཡག་སོང་།
  གྱེས་ཚིག་སྙིང་གི་རོལ་མོ།   སྤེལ་མཁན།: དྲུང་ཡིག་འཇམ་དབྱངས་བཀྲ་ཤིས། སྤེལ་དུས:2021/7/8
ངོ་མ་ཡག་པོ་གསུངས་འདུག
  གྱེས་ཚིག་སྙིང་གི་རོལ་མོ།   སྤེལ་མཁན།: དྲུང་ཡིག་འཇམ་དབྱངས་བཀྲ་ཤིས། སྤེལ་དུས:2021/7/8
ངོ་མ་ཡག་པོ་གསུངས་འདུག
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23549341
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།