མགུར་མ།
ཀུན་མཁྱེན་འཇིགས་མེད་དབང་བོ།
ཀྭ་ཡེ་གསན་༼གསོན༽དང་སྐལ་མཉམ་གྲོགས་པོ་དག།
ཁ་ཞེ་མེད་པར་ལྷ་ཆོས་སྒྲུབ་འདོད་ན།།
ག་ན་འདུག་ཀྱང་ཐེག་མཆོག་དགེ་བའི་བཤེས།།
ང་རྒྱལ་སྤངས་ཏེ་གུས་པས་བསྟེན་པར་མཛོད།།
ཅ་ཅོའི་བསྟོད་བསྔགས་སྙན་ཡང་བྲག་ཆ་བཞིན།།
ཆ་ལུགས་ལང་ཚོ་མཛེས་ཀྱང་མྱུར་ཏུ་འཇིག།།
ཇ་སོགས་ལོངས་སྤྱོད་འཛོམ་ཡང་འཆི་ཁར་འདོར།།
ཉ་ལྟོ་བ་ལྟར་ཕྱི་མའི་དོན་སྒྲུབ་མཛོད།།
ཏ་མིང་རྒྱལ་བོའི་དཔལ་ཡང་རྒུད་གྱུར་ན།།
ཐ་མལ་ཕུན་ཚོགས་དག་ལ་ཡིད་བརྟན་ཅི།།
ད་ལྟ་ཉིད་ནས་འཁོར་བའི་སྐྱོན་བསམས་ཏེ།།
ན་རྒ་འཆི་བའི་སྡུག་བསྔལ་དྲུངས་འབྱིན་འཚལ།།
པ་ལ་ཤ་ཡི་ནགས་ལྟར་གྲངས་མེད་པའི།།
ཕ་མ་འདི་ཀུན་ཡལ་བར་འདོར་མི་རིགས།།
བ་མོ་ལྟར་དཀར་བྱང་ཆུབ་སེམས་མཆོག་གིས།།
མ་ལུས་འགྲོ་རྣམས་སྒྲོལ་ཕྱིར་སྙིང་སྟོབས་བསྐྱེད།།
ཙ་ཀོ་ར་བཞིན་མཐུན་འཇུག་རྒྱངས་བསྲིངས་ཏེ།།
ཚ་གྲང་ཁྱད་བསད་ཆོས་ལ་མ་འབད་ན།།
ཛ་ལང་དྲེགས་པའི་ཟོལ་གྱིས་བྲིད་གྱུར་ཀྱང་།།
ཝ་སྐྱེས་དཔོན་དུ་བསྐོས་ལྟར་ནམ་ཞིག་འཕུང་།།
ཞ་ལོང་སྐྱོན་དང་བྲལ་བའི་རྟེན་བཟང་འདི།།
ཟ་མ་ནོར་ཕྱིར་ཆུད་གཟོན་དོན་རེ་ཆུང་།།
འ་ཅག་སྙིང་བོ་མེད་པའི་ལུས་འདི་ལས།།
ཡ་མཚན་ཆོས་ཀྱི་སྙིང་བོ་ལེན་པར་རིགས།།
ར་གན་གསེར་ལྟར་བཅོས་པའི་ཚུལ་འཆོས་ནི།།
ལ་ལས་བསྟོད་ཀྱང་དམ་པས་ཁྲེལ་བའི་གནས།།
ཤ་རུས་གཏིང་ནས་གཡོས་པའི་དད་པ་ཡིས།།
ས་ལམ་རྟོགས་པའི་ཡོན་ཏན་སྒྲུབ་པར་འཚལ།།
ཧ་ལས་དུག་ལྟར་གནག་པའི་སེམས་རྒྱུད་འདི།།
ཨ་ཏི་ཤ་ཡི་མན་ངག་བདུད་རྩི་ཡིས།།
བྱང་ཆུབ་ལམ་དུ་བསྒྱུར་བའི་ཐབས་མཁས་ཀྱིས།།
ཉོན་མོངས་དུག་ལྔའི་དགྲ་བོ་གཞོམ་པར་འཚལ།།
ཅེས་རང་གཞན་ཆོས་ལ་བསྐུལ་བའི་གཏམ་ཨཏྤུལ་དཀར་བོའི་འཕྲེང་བ་ཞེས་བྱ་བ་འདི་ནི།
ཆོས་སྨྲ་བ་༧བཙུན་པ་དཀོན་མཆོག་འཇིགས་མེད་དབང་བོའི་སྡེས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་འཁྱིལ་གྱི་གཟིམས་ཁང་དུ་སྨྲས་སོ།། །།
གསར་འགོད་པ། ནག་བཟའ་བློ་བཟང་ཆོས་གྲགས།
|