རྨ་སྟོད་གནོད་ཐེབས་ས་ཁུལ་དུ་བསྐྱོད་པའི་དངོས་ཟིན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 5 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སྤྱི་ཚོགས་དང་སློབ་གླིང་། »རྨ་སྟོད་གནོད་ཐེབས་ས་ཁུལ་དུ་བསྐྱོད་པའི་དངོས་ཟིན།
རྨ་སྟོད་གནོད་ཐེབས་ས་ཁུལ་དུ་བསྐྱོད་པའི་དངོས་ཟིན།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2021-06-05ལྟ་ཀློག (9458)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྨ་སྟོད་གནོད་ཐེབས་ས་ཁུལ་དུ་བསྐྱོད་པའི་དངོས་ཟིན།

འབའ་སྣང་གྲོལ།

       ༢༠༢༡ལོའི་སྤྱི་ཟླ༥ཚེས་༣༡ཉིན་གྱི་ཕྱི་དྲོ་ཆུ་ཚོད་ལྔ་ཙམ་གྱི་སྟེང་དུ་དགེ་རྒན་འཇིགས་མེད་རྒྱལ་མཚན་མཆོག་གིས་ལས་གྲོགས་བན་འཇམ་དང་ངེད་གཉིས་ལ་ཁྱེད་གཉིས་དེ་རིང་ཟི་ལིང་དུ་ཐོན་ནས་སང་ཉིན་སྔ་མོ་ནས་རྨ་སྟོད་ཕྱོགས་ལ་འགྲོ་དགོས་ཞེས་བཀའ་གསུང་འབྱོར་བྱུང་བས། ངེད་གཉིས་ཀ་ཕྱོགས་སོ་སོ་ནས་ལམ་ལ་ཆས་ནས་དགོང་མོར་ཟི་ལིང་ནས་འཕྲད་པར་གྲོས་ཀ་བྱས་པ་ཡིན། ཁོང་གི་གསུང་འབྱོར་དུས་ང་རང་དོན་དག་ཅིག་གི་ཆེད་དུ་ཐེམ་ཆེན་རྫོང་ལ་འབྱོར་མ་ཐག་ཡིན་ལ། ཐེངས་འདིའི་ཁོང་གི་ལས་དོན་ཧ་ཅང་གལ་ཆེ་བས།  ཉིན་འགའི་སྔོན་ནས་ངེད་གཉིས་ལ་འགྲོ་དགོས་པར་གསུངས་ཡོད་པས། ང་རང་ལམ་ཐག་རིང་བོ་ནས་ཐེམ་ཆེན་ལ་སྒེར་དོན་གྱི་ཆེད་དུ་སླེབས་ནའང་། རང་གི་བྱ་བའི་འཕྲོ་བསྐྱུར་ནས་ཕྱི་དྲོ་ཆུ་ཚོད་དྲུག་དང་ཕྱེད་ཀའི་སྟེང་ང་རང་ཐེམ་ཆེན་ནས་གཅིག་པུས་རླངས་འཁོར་བསྐོར་ནས་ཟི་ལིང་གི་ལམ་ལ་བུད་པ་ཡིན། མི་འགྱངས་པར་ས་ཡང་རུབ་པས་རླངས་འཁོར་མང་བོའི་འགྲོ་འོང་གི་གློག་ཞགས་སྣ་ཚོགས་ཁྲོད་ང་རང་གཅིག་པུ་ཧ་ཅང་ཉོབ་སྣང་སྐྱེས་ལ། བྱ་ལྟར་མདུན་དུ་ཤུགས་ཀྱིས་བགྲོད་པའི་རླངས་འཁོར་གྱི་བྱང་སྒྲ་དང་མཉམ་དུ་གཅིག་པུས་སྐད་གསེང་མཐོན་པོས་ཁ་འདོན་བྱས་པ་ཡིན། ལམ་ཐག་རིང་བོར་བརྒྱུད་ནས་རང་གི་ཁ་འདོན་ཚར་བ་དང་ཕལ་ཆེར་གཉིད་དང་ངལ་དུབ་ཀྱང་སངས་སོང་ལ། སྐོར་མཐའི་མྱུར་བགྲོད་སྟེང་ནས་བལྟས་པ་ན་ཟི་ལིང་གྲོང་ཁྱེར་གྱི་མཚན་མོའི་མཛེས་ལྗོངས་ཀྱི་འགོ་ཡང་བཟུང་འདུག་པས། ངས་ལས་གྲོགས་ལགས་ལ་འབྲེལ་བ་བྱས་པ་ཡིན། ཁོ་རང་སྔ་ས་ནས་ཐོན་ཏེ་མགྲོན་ཁང་གླས་ནས་ང་ལ་བསྒུག་འདུག་པས། ངེས་གཉིས་ཆུ་ཚོད་བཅུ་གཅིག་སྟེང་མཉམ་དུ་ཟི་ལིང་ནས་འཛོམས་ཐུབ་པ་བྱུང་། ངེད་གཉིས་ཀས་མཉམ་དུ་ད་རེབ་ཀྱི་ལས་ཀར་འཆར་གཞི་འགའ་བཟོས་པ་ཡིན་ལ། དགེ་རྒན་ཚང་གིས་ཕྱི་ཉིན་སྔ་མོ་ཆུ་ཚོད་བདུན་གྱི་སྟེང་ཁོའི་མདུན་ལ་ཤོག་གསུངས་བྱུང་བར་མ་ཟད། ཆུ་ཚོད་བརྒྱད་ཀྱི་སྟེང་ནས་ཐེངས་འདིའི་ལས་ཀའི་འགན་འཛིན་པ་རྒྱ་མོ་རན་ཨེ་ལགས་ཁྲིད་ནས་རྨ་སྟོད་ཀྱི་ལམ་ལ་འབུད་དགོས་པའི་བཀའ་གསུང་གནང་འདུག དགོང་མོ་འདིར་ངེད་གཉིས་ཕྱི་རོལ་ནས་ཚོགས་གཙོ་འོད་ཟེར་ལགས་ལ་འཕྲད་ཅིང་། ད་རེབ་ཀྱི་གནས་ཚུལ་རྣམས་ཁོང་ལ་ཞུས་ནའང་ཁོང་དོན་དག་གི་དབང་གིས་ཁོམ་པོ་མི་འདུག་གསུངས་བྱུང་ལ།  ལས་གྲོགས་འཇིགས་མེད་རྡོ་རྗེ་ལའང་ད་རེབ་ཀྱི་བྱ་བའི་གནས་ཚུལ་རྣམས་སྐད་འཕྲིན་བརྒྱུད་ནས་བཤད་ཅིང་།    ལས་གྲོགས་ཁཱ་ཤེར་ལགས་ནི་ཁྲིན་ཏུ་རུ་ལས་ཀའི་འགན་ཁུར་ཡོད་པས། ཐེངས་འདིའི་དགེ་རྒན་ཚང་གི་བཀོད་སྒྲིག་ཅུང་གློ་བུར་བ་བྱུང་བས། མཐར་བྱ་བའི་འགན་ཨ་ཁུ་འཇམ་དབྱངས་དང་ངེད་གཉིས་ཀས་འཁུར་དགོས་པ་བྱུང་བས།  དགོང་མོ་འདིར་ལས་གྲོགས་ངེད་གཉིས་བྱ་བ་འགའ་རེ་བཀོད་སྒྲིག་དང་གྲོས་བསྡུར་གྱིས་ངལ་གསོའི་དུས་ཚོད་ཧ་ཅང་འཕྱི་བོ་བྱུང་།

ཕྱི་ཉིན་ཨ་ཁུ་འཇམ་དབྱངས་ཀྱིས་སྔ་མོ་ཆུ་ཚོད་ལྔའི་སྟེང་ང་རང་བོས་བྱུང་བས། ང་རང་གཉིད་ཀྱིས་ཧ་ཅང་དུབ་པས་ལང་ཁག་པོ་བྱུང་ཡང་། ཁོས་ཐེངས་འགའ་ལ་བོས་བྱུང་བས་མིག་ཟུང་ལག་པས་འཕུར་བཞིན་ཡར་ལང་བ་ཡིན། ངེད་གཉིས་དགེ་རྒན་མདུན་ལ་སོང་ནས་ཁོང་གིས་ངེད་གཉིས་ལ་བསླབ་སྟོན་དང་འབྲེལ་ས་གནས་དེ་གའི་མི་སྣ་གལ་ཆེན་འགའི་འབྲེལ་གཏུག་ཨང་གྲངས་དང་བཅས་པ་གནང་ཞིང་། ཁོང་གིས་སྔར་ནས་ཁོ་ཚོ་ལ་འབྲེལ་གཏུག་བྱས་ནས་བཤད་ཡོད་གསུངས་བྱུང་བར་མ་ཟད། ཁོང་གིས་ཐེངས་འདིའི་འགན་ལེན་པ་རན་ཨེ་ལགས་ཀྱིས་དྲུག་གཅིག་ཟམ་པའི་ཉེ་འདབས་སུ་བསྒུག་ཡོད་པས་མོ་ཁྲིད་ནས་ཁྱེད་ཅག་མཉམ་དུ་འགྲོ་དགོས་གསུངས་བྱུང་། ཐེངས་འདིའི་ང་ཚོའི་ལས་ཀའི་འགན་ནི་དགེ་རྒན་ཚང་གི་ཐུགས་དགོངས་དང་ཞལ་བཀོད་བཞིན་སི་ཁྲོན་ཧྭོང་ཧྲིན་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་དང་། མཚོ་སྔོན་ཞིང་ཆེན་དགེ་ལས་ལྷན་ཚོགས་ཀྱི་ཐོན་མི་སཾ་བྷོ་ཊ་རོགས་སྐྱོར་ཐེབས་རྩ། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བའི་རྩོམ་སྒྲིག་ཁང་བཅས་མཉམ་འབྲེལ་སྒོས་རྨ་སྟོད་གནོད་ཐེབས་ས་ཁུལ་དུ་དངོས་སུ་བསྐྱོད་ནས་རྒྱུས་ལོན་དང་དངོས་ཟོག་སོགས་ཀྱིས་རོགས་སྐྱོར་བྱ་རྒྱུ་དེ་ཡིན་ལ། སྔ་དྲོ་ཆུ་ཚོད་བརྒྱད་ཀྱི་སྟེང་ངེད་མི་གསུམ་ཟི་ལིང་ནས་ལམ་ལ་བུད་པ་ཡིན། ད་དུང་གནད་དོན་ཞིག་ལྷག་ཡོད་པ་ནི་ང་ཚོ་མི་གསུམ་ལ་རླངས་འཁོར་གཉིས་ཡོད་པ་དེ་ཡིན་ལ། གལ་ཏེ་རླངས་འཁོར་གཅིག་ཟི་ལིང་ནས་བསྐྱུར་བ་ཡིན་ན། ཉིན་འགའི་རྗེས་སླར་ཡང་དེ་ཆེད་དུ་ལེན་པར་ཡོང་དགོས་འདུག་པས།   ང་ཚོ་ལམ་ལ་མ་བུད་གོང་གྲོས་ཀ་བྱས་ནས་ཁྲི་ཀ་དང་དང་འབའ་རྫོང་སོགས་བརྒྱུད་ནས་འགྲོ་རྒྱུ་དང་།  འབའ་རྫོང་དུ་ངའི་རླངས་འཁོར་འཇོག་རྒྱུ་བྱས་པ་ཡིན། རན་ཨེ་ཡིས་ངེས་པར་རྨ་སྟོད་སྲིད་གཞུང་གི་མི་སྣས་བཤད་པ་ལྟར་ཟི་ལིང་ནས་བཟུང་ལྷོ་ལམ་མྱུར་བགྲོད་གཞུང་ལམ་བརྒྱུད་ནས་འགྲོ་དགོས་ཞེས་ཡང་ཡང་བཤད་ཀྱང་། ཅུང་ཨུ་ཚུགས་ཀྱིས་ཁྲི་ཀ་སོགས་བརྒྱུད་ནས་ལམ་ལ་བུད་པ་ཡིན། རན་ཨེ་ལགས་ངའི་རླངས་འཁོར་ནང་དུ་བསྡད་ཡོད་ལ། ལམ་ལ་བུད་པ་ནས་བཟུང་རན་ཨེ་ཡིས་སྐད་ཆ་ཡར་འཕྲོས་མར་འཕྲོས་ཅི་རིགས་གླེང་འགོ་བརྩམས་བྱུང་། མོ་ནི་ཧ་ཅང་ཁ་བརྡར་དགའ་བ་ཞིག་ཡིན་པ་ཐུག་མ་ཐག་ཤེས་ཐུབ་ལ། ང་ཡང་ཁ་བརྡར་དགའ་བ་ཞིག་ཡིན་ཡང་ཉིན་འདིར་ཧ་ཅང་ཡང་ཉོབ་ནས་སྐད་ཆ་ཙམ་བཤད་པ་ལའང་ཚེགས་དཀའ་འབྱུང་བའི་ཚོར་སྣང་འབྱུང་ལ། ངས་རླངས་འཁོར་སྐོར་བཞིན་འུན་འུན་ཞེས་མོས་སྐད་ཆར་ཉན་བཞིན་པའི་རྣམ་འགྱུར་བསྟན་པ་ཡིན།

མོས་ལམ་རིང་བོར་ཁ་བརྡ་བཤད་བྱུང་ལ། ལན་རེར་ང་ཚོའི་ལས་ཀའི་ཕྱོགས་ནས་བཤད་ལ། ལན་རེར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་གནོན་ཤུགས་ཕྱོགས་ནས་ལབ། ཡང་ལན་རེར་མོའི་བྱ་བའི་བརྒྱུད་རིམ་ཕྱོགས་ནས་ཀྱང་བཤད། སྐབས་རེར་མོས་ཁ་པར་བཏང་ནས་བྱ་བ་རེ་ཡང་སྒྲུབ་ཀྱིན་འདུག་ལ། མོས་བཤད་ན་ང་ཚོའི་དངོས་ཟོག་དག་ཆུ་ཚོད་བཅུའི་སྟེང་སྦྲགས་སྲིད་རླངས་འཁོར་གྱིས་དྲུད་ནས་ལམ་ལ་བུད་འགྲོ། ང་ཚོ་ངེས་པར་དུ་སྔོན་ལ་ཐོན་དགོས་ཟེར། ང་ཚོས་ཁྲི་ཀ་ནས་ནང་ཇ་སྟབས་བདེ་ཞིག་འཐུང་རྗེས་མུ་མཐུད་དུ་ལམ་ལ་བུད་པ་ཡིན། ང་ཚོ་མི་གསུམ་ག་དེ་སྔ་རྨ་སྟོད་ལ་འགྲོ་མྱོང་བ་གཅིག་ཀྱང་མེད་ལ། དེ་བས་ལམ་ཐིག་ལ་གཅིག་ལས་གཅིག་ལྷག་ཧ་ཅང་རྨོངས་སོང་།  ངས་བསམ་པར་རྨ་སྟོད་ལ་འགྲོ་བར་ངེས་པར་དུ་མགོ་ལོག་ཁུལ་ཐོག་བརྒྱུད་ནས་འགྲོ་དགོས་བསམ་སྟེ། འབའ་ཐང་སུམ་མདོར་སླེབས་དུས་དེ་སྔའི་ང་ཚོའི་ལམ་ཐིག་བསྒྱུར་ནས་རྭ་རྒྱ་བརྒྱུད་ནས་འགྲོ་བར་ཐག་བཅད་པ་ཡིན། ཁྲི་ཀའི་རི་བརྒྱུད་དང་རྭ་རྒྱའི་ལུང་དམར་སོགས་བརྒྱུད་དུས་རིན་ཨེ་ཡིས་ཧ་ཅང་མཚར་སྣང་བྱས་ནས་པར་ལེན་བཞིན་འདུག་ལ། སྡེ་བ་དང་གྲོང་བརྡལ། འབྲོག་ཐང་སོགས་བརྒྱུད་དུས་འདི་དག་ད་དུང་ཧ་ཅང་རྗེས་ལུས་ཡིན་འདུག་ཅེས་གྲོང་ཁྱེར་ཀྱི་འཛུགས་སྐྲུན་དཔལ་ཡོན་ཚད་ཐིག་ཏུ་ཁྱེར་ཡོང་ནས་རྗེས་ལུས་དང་སྔོན་ཐོན་གྱི་ཚད་ཤིང་ཞིག་ཀྱང་ལམ་རིང་བོར་འདེབས་ཀྱིན་འདུག་པས།   ལན་རེར་ངས་ཀུ་རེའི་ཚུལ་དུ་ང་ཚོ་འབྲོག་ཐང་ལས་སྐྱིད་པ་ཞིག་འཛམ་གླིང་ན་དཀོན་པ་རེད། ཁྱིམ་ཚང་རེ་རེར་ནོར་ལུག་བརྒྱ་ཕྲག་འགའ་རེ་འདུག དེ་བསྡོམས་ན་སྒོར་མོ་ཁྲི་བརྒྱ་ཤོག་འགའ་ཡོད། ང་ཚོ་ལ་ད་དུང་གནོན་ཤུགས་དང་འགྲན་རྩོད་མེད་པའི་རང་དབང་གི་འཚོ་བ་ཡོད། ང་ཚོའི་སེམས་ཀྱང་སྐྱིད། ང་ཚོ་ལ་སྒོར་མོ་ཡང་ཡོད། དེ་མི་སྐྱིད་དམ་ཞེས་ཀུ་རེ་བྱས་ནས་བགད་པ་ཡིན། མོས་ཀྱང་ལན་རེར་འདང་བརྒྱབ་ནས་འདུག་ལ། ལན་རེར་གནས་ལུགས་མང་བོ་འགྲང་། 

རྭ་རྒྱར་མ་ཐོན་གོང་ཙམ་དུ་དགེ་རྒན་ཚང་དང་རྨ་སྟོད་སྲིད་གཞུང་གི་མི་སྣས་ང་ཚོར་འབྲེལ་བ་བྱས་ནས་ཁྱེད་ཚོ་གང་ན་ཡོང་བཞིན་འདུག་ཅེས་འདྲི་བཞིན་འདུག་པས་ད་གཟོད་ང་ཚོ་ཞིན་ཧེ་བརྒྱུད་ནས་སོང་ན་སྟབས་བདེ་བ་ཤེས་ཤིང་། ཟི་ལིང་ནས་ཐད་ཀར་ཡུལ་ཤུལ་མྱུར་བགྲོད་བརྒྱུད་ན་དེ་བས་ཀྱང་སྟབས་ཧ་ཅང་བདེ་བ་ཤེས། རན་ཨེ་ལགས་ཀྱི་སྐད་འཕྲིན་ལས་དགེ་རྒན་ཁོང་གིས་ཁྱེད་ཚོ་དེ་ལྟར་ཅི་ལ་སོང་བ་ཡིན་ཞེས་པ་ཐོས་པས་ང་རང་དངངས་འཚུབ་སྐྱེས་བྱུང་ལ།  རན་ཨེ་ལགས་ཀྱིས་ཀྱང་ལན་མ་རྙེད་པར་ད་ཅི་ཞིག་ཟེར་དགོས་ཞེས་ང་ལ་དྲིས་བྱུང་། ངས་ཀྱང་ཅི་བཤད་དགོས་པ་མ་ཤེས་པར་ལུས། ང་ཚོ་རྭ་རྒྱར་འབྱོར་རྗེས་ངའི་རླངས་འཁོར་མ་ཡུམ་སློབ་གྲྭའི་ནང་དུ་བཞག་ནས་ཨ་ཁུ་འཇམ་དབྱངས་ཀྱི་རླངས་འཁོར་བསྐོར་ནས་ང་ཚོ་མགྱོགས་པོར་སོང་བ་ཡིན་ལ། སྦྲགས་སྲིད་ཀྱི་རླངས་འཁོར་མ་ཐོན་སྔོན་དུ་ང་ཚོ་སྔོན་ལ་འབྱོར་ནས་དགོས་ངེས་ཀྱི་བྱ་བ་འགའ་འཚགས་སུ་འཇུག་དགོས་ལ། དེ་བས་ང་ཚོ་སྔོན་ལ་ཐོན་ཐབས་མི་འདུག་སྙམ་ནས་སེམས་ཚེགས་དང་འཚུབ་ཆ་ལང་ཞོར་སོང་ཞིང་།  ལྷག་ཏུ་དགེ་རྒན་ཚང་གིས་སྐད་འཕྲིན་ལས་ཁྱེད་ཅག་གང་ན་འགྲོ་བཞིན་འདུག་ཅེས་འདྲི་ཡི་འདུག་པས་ཨ་ཁུ་འཇམ་དང་ངེད་གཉིས་ལྷག་ཏུ་སྐྲག་པས། རན་ཨེ་ཡིས་དགེ་རྒན་ཚང་དེ་འདྲ་ཞིག་བཙན་པ་ཡིན་ནམ་ཞེས་ངེད་གཉིས་སྐྲག་ཐག་ཆོད་པ་མཐོང་ནས་དགོད་བཞིན་འདྲི་ཡི་འདུག་པས། ངས་ཁོང་ཚང་བཙན་པ་མ་ཡིན་ཏེ། ངེད་ཅག་ཁོང་ལ་ཧ་ཅང་སྐྲག་ཅེས་བཤད་པ་ཡིན། ལམ་སྐོར་ལོག་ལ་སོང་ཁར་ད་དུང་རྨ་རྒྱལ་རི་བོའི་ཉེ་འདབས་སུ་མགྱོགས་ལམ་ཡིད་ཙམ་ལ་ཁེག་ནས་འགྲོ་མ་ཐུབ་པས། ད་ནི་དངོས་ཟོག་རྨ་སྟོད་དུ་སྔོན་ལ་འབྱོར་ཟིན་པ་ཐག་གིས་ཆོད་སྙམ་སྟེ།  ད་ནི་ང་ཚོས་དགེ་རྒན་ཚང་གི་བཀའ་གསུང་བཞིན་མ་འགྲུབ་སྙམ་ནས་བློ་ཡིད་ཧ་ཅང་མ་བདེ་ཞིང་། རན་ཨེ་ཡིས་སྔར་བཞིན་གངས་རིའི་གཟི་ཉམས་དང་འབྲོག་ཐང་གི་མཛེས་ལྗོངས་ལ་ལྟ་བཞིན་སྐད་གསེང་མཐོན་པོས་ཨེ་ཨེ་ལྟོས་དང་ཇི་འདྲའི་ཡག་པ་ལ་ཞེས་འུར་མང་དུ་བརྒྱབ་ཀྱང་།  ངེད་གཉིས་ཀས་ལྟ་ཙམ་བྱེད་པ་ལས་སྔར་བཞིན་གྲགས་འགུལ་མེད་པར་གྱུར་བ་དང་། ཨ་ཁུ་འཇམ་དབྱངས་ཀྱི་གདོང་ན་སྣུམ་འོད་དང་རྔུལ་ཆུ་འདྲེས་མའི་མདངས་ཤིག་མངོན་བཞིན་རླངས་འཁོར་གྱི་མགྱོགས་ཚད་བརྒལ་ནས་ཤར་བསྐྱོད་བྱེད་བཞིན་ཡོད་པས། ངས་མགྱོགས་ཚད་བརྒལ་བཞིན་ཡོད་པ་མཐོང་ནས་བདེ་འཇགས་ཀྱི་དྲན་གསོ་བྱས་པ་ཡིན།

ལམ་བར་ནས་ང་ཚོ་བརྡ་རྟགས་ཡོད་སར་འབྱོར་རྗེས་རན་ཨེ་ལགས་ཀྱིས་སྦྲགས་སྲིད་ལས་ཁུངས་ལ་འབྲེལ་གཏུག་བྱས་བྱུང་ལ། སྟབས་ལེགས་པ་ཞིག་ལ།   ང་ཚོའི་ཞལ་འདེབས་ཀྱི་དངོས་ཟོག་རྣམས་ད་དུང་ཟི་ལིང་ནས་བསྐུར་ཐུབ་མེད་པ་ཤེས་པས། ཨ་ཁུ་འཇམ་དང་ངེད་གཉིས་ད་གཟོད་སེམས་བདེ་ལ་བབ་ནས་ཁ་བརྡའི་འགོ་བརྩམས་པར་མ་ཟད།  ཕན་ཚུན་ལ་ཀུ་རེ་རེ་ཡང་བརྩེས་པ་ཡིན་ལ།   ཧ་ཅང་མཛེས་པའི་འབྲོག་ལྗོངས་ཀྱི་མཛེས་སྡུག་ཀྱང་མིག་ལ་ཐོག་པ་བྱུང་།  ད་ནི་ང་ཚོ་མགྱོགས་པོར་ཐོན་མི་དགོས་པས།  ལམ་བར་ནས་དལ་མོར་བསྐྱོད་ཅིང་། ལམ་སྐབས་རེ་ནས་ངལ་གསོས་ཏེ་པར་རེའང་བཏབ་པ་ཡིན།  ཕྱི་དྲོའི་ཆུ་ཚོད་བདུན་གྱི་སྟེང་གཞི་ནས་ངེད་ཅག་རྨ་སྟོད་རྫོང་ལ་འབྱོར་ནས་སྲིད་གཞུང་སྣེ་ལེན་ས་ཚིགས་སུ་བསྐྱོད་ཅིང་། ས་གནས་སྲིད་གཞུང་གི་བཀོད་སྒྲིག་ལྟར་དགོང་ཇ་སྟབས་བདེ་ཞིག་འཐུང་བ་ཡིན་ལ། ས་གནས་ཧ་ཅང་འཁྱགས་དྲགས་པས་ཐེབས་རྩའི་འགན་འཛིན་པས་ང་ཚོ་ལ་དྲོད་ལྭ་རིང་བོ་རེ་བསླངས་ཏེ་ཐོན་བྱུང་བས་དེས་ང་ལ་ཧ་ཅང་ཕན་ཐོགས་པ་བྱུང་། ང་རང་འཆར་གཞི་མེད་པར་ལམ་བར་ཞིག་ནས་རྨ་སྟོད་དུ་ཐོན་པས་ལྭ་བ་ཧ་ཅང་སྲབ་དྲགས་པས།  ཁོང་གཉིས་ཀྱིས་འཕུར་ཐུང་ཞིག་གོན་ནས་རྨ་སྟོད་ལ་ཡོང་བ་ཁྱོད་མ་གཏོགས་གང་ན་ཡོད་ཅེས་ཀུ་རེ་བྱས་བྱུང་ལ།  ངས་ཀྱང་ལྭ་རིང་འདིས་ད་ཐེངས་ངའི་སྲོག་བསྐྱབས་སོང་ཞེས་ཀུ་རེ་བྱས་པ་ཡིན།   འགྲུལ་བ་སྣེ་ལེན་གྱི་འགན་འཛིན་པས་བཤད་ན་སྲིད་གཞུང་གིས་ཆེད་དུ་བཀོད་སྒྲིག་བྱས་པའི་མགྲོན་ཁང་དེ་ཡོངས་སུ་གང་ནས་འདུག་པར་བཤད་ལ།   ང་ཚོ་གསོལ་ཁང་གི་ཁང་མིག་ཅིག་གི་མཐིལ་ནས་ཉལ་བར་བཀོད་སྒྲིག་བྱས་བྱུང་ལ། ཁང་མིག་མཐིལ་དུ་མགྲོན་ཁང་དེའི་ལས་བཟོ་བ་མང་བོས་གང་སར་སྔ་མོ་ནས་ཉལ་ས་བཅོས་ནས་འཚང་ཁ་བརྒྱབ་འདུག་པས།  ང་ཚོའི་ལག་ཏུ་ཉལ་ས་མི་ཐེམ་པ་ཙམ་བྱུང་སྟེ་ཁང་བའི་གྲུ་ཕུག་ཅིག་ལ་གཏད་ནས་ཨ་ཁུ་འཇམ་དབྱངས་དང་ངེད་གཉིས་ཉལ་བ་ཡིན།

རན་ཨེ་ཡང་དེ་བཞིན་བུད་མེད་ལས་བཟོ་བ་ཚོའི་ཉལ་ཁང་དུ་བཀོད་སྒྲིག་བྱས་བྱུང་ལ། ཕྱི་ཉིན་མོས་ཉལ་ས་དང་ཁང་མིག་དེ་ཧ་ཅང་རྫོབ་དྲགས་པས་གཉིད་མ་ཁུག་ཅེས་འཁང་ར་བྱེད་ཀྱིན་འདུག  ཡིན་ནའང་ཨ་ཁུ་འཇམ་དབྱངས་ངེད་གཉིས་ཐང་ཆད་དྲགས་པས་ཉལ་ས་དྲོན་པོ་བྱུང་སྟེ་གཉིད་ཧ་ཅང་སྐྱིད་པོ་ཁུག་སོང་། ཉིན་གཉིས་པར་ང་ཚོས་མགྲོན་ཁང་གི་སྤྱི་བའི་ཟ་ཁང་ནང་དུ་ཞོགས་ཇ་འཐུང་རྗེས།  དངོས་ཟོག་དག་དུས་ལྟར་གནོད་ཁུལ་དུ་འབྱོར་མ་བྱུང་བས་གནོད་ཁུལ་གྱི་གང་སར་རྒྱུས་ལོན་བྱེད་དུ་སོང་བ་ཡིན་ལ། མགྲོན་ཁང་དང་ཟ་ཁང་། ཚོང་ཁང་དག་ཡོངས་སུ་སྒོ་བརྒྱབ་འདུག་ལ། སྲང་ལམ་དག་ན་མི་ཐར་ཐོར་རེ་ཕར་འགྲོ་ཚུར་ཡོང་བྱེད་པ་ལས་མི་འདུག གནོད་སྐྱོབ་རས་གུར་དག་སྐོར་དང་སྐོར་བྱས་ནས་གང་སར་ཕུབ་འདུག་ཅིང་།

ཕལ་མོ་ཆེ་ལས་ཁུངས་ཀྱི་སྦྲ་གུར་ཡིན་པ་དང་། སྟེང་དུ་ལས་ཁུངས་སོ་སོའི་མིང་བྱང་བཀལ་ཡོད། སྙིང་ཉེ་བའི་མང་ཚོགས་ཀྱི་སྦྲ་གུར་ཡང་ལོག་ཅིག་ན་ཉུང་ཙམ་ཕུབ་འདུག ད་དུང་ས་གནས་འདིའི་གང་སར་ཉིན་རེ་བཞིན་ས་འགུལ་རྒྱུག་བཞིན་འདུག་ལ།  ང་ཚོ་བསྡད་པའི་ཉིན་འདི་ཚོ་ཡང་བཞི་ཚེགས་བརྒྱད་མས་ཀྱི་ས་འགུལ་ཡང་ཡང་བརྒྱུགས་སོང་། ས་གནས་ཀྱི་མི་རྣམས་ཀྱིས་བཤད་ན་ཉི་མ་རེ་ཡང་ས་འགུལ་མ་རྒྱུག་པའི་ཉིན་ཞིག་མེད་ཟེར། ཁོ་ཚོ་ནམ་ཡང་དོགས་ཟོན་ངང་ན་ཡོད་འདུག  ང་ཚོས་རྒྱུས་ལོན་དང་འཁྱམ་ཉུལ་བྱེད་བཞིན་གང་སར་བསྐོར་བ་ཐེངས་གཅིག་བྱས་ནས་ཕྱིར་སྡོད་གནས་སུ་ཡོང་བ་ཡིན།  

མ་གཞི་ནི་མགྲོན་ཁང་དུ་ཕྱི་ཡོང་རྒྱ་མི་ཡུལ་སྐོར་བ་དག་ལ་ཆེད་དུ་བཀོད་སྒྲིག་བྱེད་བཞིན་འདུག་པས།  སྐབས་ཤིག་རྒྱའི་ལོ་ལོན་ལོ་ན་བདུན་ཅུ་དང་བརྒྱད་ཅུ་ཡས་མས་ཀྱི་ཡུལ་སྐོར་ཚོགས་པ་ཞིག་ཀྱང་འབྱོར་བྱུང་ལ། ནང་དུ་སྐྲན་ནད་བྱུང་བའང་ཁ་ཤས་འདུག་ཟེར། ཁོ་ཚོས་རང་ཉིད་ཀྱིས་རླངས་འཁོར་བསྐོར་ནས་བོད་ཁུལ་ཡོངས་ཀྱི་གང་སར་རོལ་མྱོང་བྱེད་དུ་ཡོང་བ་ཡིན་ཟེར ཁོ་ཚོ་གང་དུ་རྙོག་དྲ་དང་དཀའ་ཁག་ཡོད་ན་དེ་རུ་ཡུལ་སྐོར་བྱེད་པ་དང་འདྲ་བས། མི་རིགས་ཀྱི་རིག་གནས་ཀྱི་འདུ་ཤེས་མི་འདྲ་བས་རྐྱེན་པས་ང་ཚོའི་ལོ་ལོན་དང་ཁོ་ཚོའི་ལོ་ལོན་བར་ལ་འཆི་ལ་ཉེ་སྐབས་ཀྱང་བར་ཁྱད་འདི་འདྲ་བྱུང་སོང་སྙམ་སྟེ་ཅུང་མཚར་སྣང་དང་བསམ་བློ་ཡང་ཡང་གཏོང་དགོས་བྱུང་། ། ང་ཚོར་མགྲོན་ཁང་མེད་ལ། མགྲོན་ཁང་གི་ཟས་བྱང་ཡང་མེད་པར་ཟས་ཐུན་རེ་རེར་མཚམས་མ་ཆད་པར་འགྲུལ་བ་རྣམས་དང་མཉམ་དུ་གྲལ་བསྒྲིགས་ནས་སོང་བས་ང་ཚོར་ནམ་རྒྱུན་དོགས་མི་བདེ་བྱུང་ལ།

ཁོ་ཚོའི་ལག་ནས་ཟས་བྱང་རེ་རེ་བཞིན་བླངས་ནས་ཟ་མ་ཟོས་ཆོག་པའི་བརྡ་སྤྲད་འགྲོ།   མ་ཚོའི་བསམ་པ་མིན་ན་ལས་བཟོ་བ་དག་གིས་ང་ཚོར་ཡང་ཡང་ལྟ་བའི་སྣང་བ་འབྱུང་།  ཡིན་ནའང་ཐབས་མེད་དེ།  ཟ་ཁང་དང་མགྲོན་ཁང་འདི་གཅིག་པུ་ལས་རྫོང་ཡོངས་ན་མེད་པར་བཤད། ལན་གཅིག་ཆུ་ཡང་ཆད་དེ་ཞོགས་པར་ཁ་ངོ་བཀྲུ་མ་ཐུབ་པ་བྱུང་།

    ས་བབ་མཐོ་བ་དང་ཧ་ཅང་འཁྱག་པས་རྐྱེན་ནམ་ང་ཚོ་ཚང་མར་ཆམ་པ་ཕོག་པ་དང་ལྟོ་བ་སྦོས་བ་སོགས་བྱུང་བར་མ་ཟད།  ང་རང་སྔར་ནས་འབྱུང་གཞི་མི་བདེ་པའི་རྐྱེན་པས་ཉིན་འདི་འགར་ལྷག་ཏུ་མི་བདེ་བ་བྱུང་སྟེ་མཚན་མོ་གཉིད་ཀྱང་མི་ཁུག་པ་བྱུང་།  ང་ཚོ་རྨ་སྟོད་ལ་ཐོན་པའི་ཉིན་གསུམ་པར་ང་ཚོའི་དངོས་ཟོག་དག་རྨ་སྟོད་སྦྲགས་སྲིད་ཁང་དུ་འབྱོར་བྱུང་བས།

སྲིད་གྲོས་ཀྲུའི་ཞི་གཞོན་པ་བན་དེ་བཀྲ་ཤིས་དང་གནོད་ཁུལ་ལྟེ་གནས་ཀྱི་ཡུལ་ཚོའི་ཏང་གཙོ་རྡོ་ཐར་གཉིས་མགྱོགས་པོར་སླེབས་ནས་ཁོང་རྣམ་གཉིས་ནས་དགེ་རྒན་འཇིགས་མེད་རྒྱལ་མཚན་གྱིས་གནང་སྦྱིན་བྱས་པའི་དངོས་ཟོག་དག་ནི་ངེས་པར་དུ་ཕན་ངེས་པའི་གནོད་ཁུལ་ལ་འཕྲོད་དུ་འཇུག་དགོས་ཞེས་ཐེངས་འདིར་ང་ཚོས་ཁྱེར་ཡོང་བའི་ལག་རྩལ་ཞིབ་འཇུག་གི་ཚད་གཞི་ཆེས་མཐོ་བའི་དྭངས་སྙིགས་འབྱེད་བྱེད་ཀྱི་ཆུ་སྐོལ་འཕྲུལ་ཆས་གསར་བ་སྟེ་མཐོ་སྒང་རྣམ་གསར་ཏུའུ་བརྒྱ་ཅན་གྱི་ཆུ་སྐོལ་འཕྲུལ་ཆས་ཞེས་པ་གཅིག་དང་དངོས་ཟོག་ཁག་ཅིག་ཐེངས་འདིའི་གནོད་སྐྱོབ་ས་ཁུལ་ལྟེ་གནས་རྨ་ཆུ་ཡུལ་ཚོའི་བོད་ཡིག་བཅའ་སྡོད་སློབ་ཆུང་ལ་སྟེར་རྒྱུ། ཆུ་སྐོལ་འཕྲུལ་ཆས་གཅིག་ནི་རྫོང་རྒན་གསོ་ཁང་ལ་སྟེར་བར་བཀོད་འདོམས་དང་གྲོས་ཐག་བཅད་པར་མ་ཟད།

ཁོང་གཉིས་ཀྱིས་དེ་མ་ཐག་སྲིད་གཞུང་མི་སྣ་རྣམས་འབྲེལ་གཏུག་གནང་ནས་ང་ཚོས་མཉམ་དུ་དངོས་ཟོག་ཞལ་འདེབས་ཀྱི་བྱ་འགུལ་ཆུང་ཆུང་ཞིག་ཀྱང་སྤེལ་བ་ཡིན་ལ། བྱ་འགུལ་སྟེང་དུ་རྨ་སྟོད་རྫོང་དམངས་ཆེན་ཀྲུའི་རིན་ཧི་ཞང་ཡང་ལགས་དང་། ཀྲུའི་རིན་གཞོན་པ་ཐུབ་བསྟན་འཕེལ་རྒྱས། རྫོང་དཔོན་གཞོན་པ་ཡེ་ཤེས། སྲིད་ཀྲུའི་འགོ་བ་གཞོན་པ་བན་དེ་བཀྲ་ཤིས། དམངས་སྲིད་ཅུའི་ཅུའུ་ཀྲང་དཔའ་ཚེ་རིང་། རྨ་ཆུ་ཡུལ་ཚོའི་ཏང་གཙོ་རྡོ་ཐར། རྨ་ཆུ་ཡུལ་ཚོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགོ་བ་འཇམ་དབྱངས་སོགས་དངོས་སུ་ཞུགས་ཤིང་། ཐེངས་འདིར་བསྡོམས་པའི་མི་དམངས་ཤོག་སྒོར་91504དངོས་ཟོག་རོགས་སྐྱོར་བྱས།

བྱ་འགུལ་གྲུབ་རྗེས་ང་ཚོས་དངོས་ཟོག་དག་རོགས་སྐྱོར་ས་གནས་ཕྱོགས་གཉིས་སུ་བསྐྱལ་བ་ཡིན་ལ། གནོད་སྐྱོབ་ལྟེ་གནས་རྨ་ཆུ་ཡུལ་ཚོ་ནི་རྫོང་ལས་ལེ་བར་བདུན་ཅུ་ཙམ་གྱི་སར་ཡོད་ཅིང་། གནོད་ཐེབས་ལྟེ་གནས་ཀྱི་ཏང་གཙོ་རྡོ་ཐར་ལགས་ཀྱིས་འགན་བླངས་ནས་ཁོའི་རླངས་འཁོར་བཀོད་སྒྲིག་གནང་བར་མ་ཟད། 

ཁོ་རང་ཉིད་ཀྱིས་དངོས་སུ་ང་ཚོ་ཁྲིད་ནས་མཉམ་དུ་གནོད་ཐེབས་ལྟེ་གནས་སུ་བསྐྱོད་པ་ཡིན། ལམ་བར་དུ་ང་ཚོས་ཁོ་ལ་ད་རེབ་ཀྱི་ས་འགུལ་ཕྱོགས་ཀྱི་བཅར་འདྲི་བྱས་ནས་སྒྲ་ཟིན་ལ་ཕབ་པར་མ་ཟད། ཁོས་ང་ཚོ་ཁྲིད་ནས་མྱུར་བགྲོད་ཟམ་ཆེན་རྡིབ་པ་དང་ས་འགུལ་གྱི་རྐྱེན་པས་ས་གཞི་གས་གཤགས་ཚབ་ཆེན་བརྒྱབ་པའི་ཡུལ་ངོས་སོགས་ལ་ཆེད་དུ་བསྐྱོད་པ་དང་།

ས་གནས་འདིའི་འགོ་བ་དང་མང་ཚོགས་མང་བོ་ཞིག་ད་རེབ་ཀྱི་ས་འགུལ་འདིས་ཧ་ལས་སུ་བཅུག་ཡོད་འདུག  ས་རྡིབ་པ་དང་གས་པ་སོགས་ཚབ་ཧ་ཅང་ཆེ་བ་དང་།   བཅུ་ཚེགས་མན་གྱི་ས་འགུལ་གྱིས་གནད་སྐྱོན་ཐེགས་པར་བཤད་པའི་རྒྱལ་ཁབ་རིམ་པའི་མྱུར་བགྲོད་ཟམ་ཆེན་མང་བོ་ཞིག་བརྡིབས་ནས་ཆགས་ཉིལ་དུ་བཏང་ན་ཡང་། མང་ཚོགས་དཀྱུས་མའི་ཁང་བ་བརྡིབས་ནས་མི་གཅིག་ལའང་སྲོག་ཉེན་མ་བྱུང་བ་ནི་ཚན་རིག་གིས་གསལ་བཤད་གནང་མི་ཐུབ་པ་ཞིག་རེད་ཅེས་ཡང་ཡང་བཤད་ཀྱིན་འདུག 

ཏང་གཙོ་རྡོ་ཐར་ལགས་ཀྱིས་ང་ཚོར་བཤད་རྒྱུར། རྨ་སྟོད་རྫོང་ནི་ཆ་སྙོམས་ཀྱི་མཐོ་ཚད་ལ་མཚོ་ངོས་ལས་རྨིད་༤༠༠༠ཡན་ཆད་ཡོད་པ་དང་། ས་རྒྱ་ཧ་ཅང་ཆེ་ལ། རྨ་ཆུ་ཡུལ་ཚོའི་ཁོ་ནའི་ས་མཚམས་ནི་སྤྱི་ལེ་ཉིས་བརྒྱས་ཆོད་པ་ཡོད་ཅིང་། ཡུལ་འདི་ནི་རྨ་ཆུའི་འབྱུང་ཁུངས་ཡིན་པས་ས་གནས་གང་སར་མཚོ་སྐྱ་རེངས་དང་སྔོ་རེངས་གཙོས་པའི་མཚོ་མོ་སྟོང་གིས་ཡོངས་སུ་བསྐོར་ནས་ཡོད་པར་མ་ཟད།

འཛམ་གླིང་གི་རི་སྐྱེས་སྲོག་ཆགས་ཆེས་མང་བའི་ས་ཁུལ་གྱི་གྲས་ཡིན་པར་བཤད་ལ།    དོན་དངོས་ཀྱང་དེ་འདྲ་ཡིན་པར་སྣང་སྟེ། ང་ཚོ་འགྲོ་བའི་ལམ་བར་ཀུན་དུ་མཚོ་ཆེ་ཆུང་མང་བོས་འབྲོག་ཐང་ཀུན་ཡོངས་སུ་བསྐོར་ནས་ཡོད་པ་དང་། ལམ་བར་ཀུན་དུ་རྐྱང་དང་གཙོད། སྤྱང་ཀི་སོགས་ཁྱུ་དང་ཁྱུ་བྱས་ནས་འགྲོ་བཞིན་ཡོད་པར་མ་ཟད་། བྱ་རིགས་སྣ་ཚོགས་ཀྱང་མཚོ་ཆེ་ཆུང་མང་བོའི་ཁར་བག་ཡངས་སུ་འཁོར་ནས་འདུག་ལ།

ད་ལྟ་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་སུ་བདམས་ནས་གང་འདོད་དུ་སོང་མི་ཆོག་ལ། གོ་ཐོས་སུ་འབའ་རྫོང་སུམ་མདོ་རུ་འདུས་སྡོད་བྱས་པའི་འབྲོག་པ་དག་རྨ་སྟོད་ནས་གནས་སྤར་བ་ཡིན་ཟེར་བའང་ས་གནས་འདི་དག་ལས་གནས་སྤར་ནས་ཡོང་བར་སྣང་། ང་ཚོ་རྨ་ཆུ་ཡུལ་ཚོ་རུ་ཐོན་ལ་ཉེ་དུས་ཏང་གཙོས་ཁ་པར་བཏང་ནས་ང་ཚོ་ལ་ཆེད་དུ་ཟ་མ་གྲ་སྒྲིག་བྱས་བྱུང་ལ།

ང་ཚོ་རྒྱུས་ལོན་དང་ཁ་བརྡའི་ཁྲོད་གནོད་སྐྱོབ་ལྟེ་གནས་སུ་འབྱོར་ནས་ཡུལ་དཔོན་རིན་ཆེན་བཀྲ་ཤིས་སོགས་ཀྱིས་སྣེ་ལེན་བྱས་པ་དང་། ཏང་གཙོས་ང་ཚོ་ལ་ས་ཁྲ་བརྒྱུད་ནས་ཐེངས་འདིའི་ས་འགུལ་གྱི་བྱུང་ཡུལ་དང་ས་གནས་ངོ་སྤྲོད་བྱས་ཤིང་། ཁོས་ས་གནས་འདི་གང་སར་མཚོས་བསྐོར་ནས་ཡོད་པས་ང་ཚོ་ཅུང་ཙམ་མིན་ན་ད་རེབ་སྦལ་བ་རུ་གྱུར་སོང་ཞེས་ང་ཚོ་ལ་ཀུ་རེ་བརྩེས་བྱུང་།

ཆུ་སྐོལ་འཕྲུལ་ཆས་དང་དངོས་ཟོག་དག་ཡུལ་ཚོའི་བོད་ཡིག་བཅའ་སྡོད་སློབ་ཆུང་ནང་དུ་བསྐྱལ་ནས་དགེ་སློབ་མཉམ་འདུས་ཀྱིས་བྱ་འགུལ་ཆུང་ཆུང་ཞིག་སྤེལ་བ་དང་། ས་གནས་འདིའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགོ་བ་འཇམ་དབྱངས་ཀྱིས་ཐེངས་འདིའི་རོགས་སྐྱོར་གྱི་དངོས་ཟོག་དག་ནི་དགེ་རྒན་འཇིགས་མེད་རྒྱལ་མཚན་གྱིས་ཐུགས་དགོངས་ལྟར་གནང་སྦྱིན་བྱས་ཚུལ་སོགས་དགེ་སློབ་ཡོངས་ལ་གསལ་བཤད་བྱས་པ་དང་།

ང་དང་རན་ཨེ་ངེད་གཉིས་ཀྱིས་ཀྱང་རང་གི་བསམ་ཚུལ་ཐུང་ངུ་རེ་སློབ་མ་རྣམས་ལ་ཞུས་ནས་ཐེངས་འདིའི་ལས་ཀ་རེ་ཞིག་མཇུག་བསྡུས་པ་ཡིན།

༢༠༢༡/༦/༤ཉིན་དངོས་སུ་རྨ་སྟོད་གནོད་སྐྱོབ་ས་ཁུལ་སུ་བསྐྱོད་པའི་བརྗེད་ཐོ་ཙམ་དུ་ཤར་མར་བྲིས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 0wp3 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23580537
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།