མཱ་པུའུ་ཧྥང་ཁྱིམ་རྒྱུད་ཀྱིས་ས་ཉལ་ཚོ་བར་བཙན་འཛུལ་བྱས་པའི་སྔ་ཕྱི་བར་གསུམ་ལ་ཐོག་མར་དཔྱད་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »མཱ་པུའུ་ཧྥང་ཁྱིམ་རྒྱུད་ཀྱིས་ས་ཉལ་ཚོ་བར་བཙན་འཛུལ་བྱས་པའི་སྔ་ཕ
མཱ་པུའུ་ཧྥང་ཁྱིམ་རྒྱུད་ཀྱིས་ས་ཉལ་ཚོ་བར་བཙན་འཛུལ་བྱས་པའི་སྔ་ཕྱི་བར་གསུམ་ལ་ཐོག་མར་དཔྱད་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2021-05-15ལྟ་ཀློག (7982)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མཱ་པུའུ་ཧྥང་ཁྱིམ་རྒྱུད་ཀྱིས་ས་ཉལ་ཚོ་བར་བཙན་འཛུལ་བྱས་པའི་སྔ་ཕྱི་བར་གསུམ་ལ་ཐོག་མར་དཔྱད་པ།


ཆོས་སྐྱོང་རྒྱལ།

མཚོ་སྔོན་མི་རིགས་སློབ་ཆེན།མཚོ་སྔོན་ཟི་ལིང་། 810007


[ནང་དོན་གནད་བསྡུས།] འདིར་མཱ་པུའུ་ཧྥང་ཁྱིམ་རྒྱུད་ཀྱིས་མཚོ་སྔོན་ལ་དབང་སྒྱུར་བའི་སྐབས་སུ། ས་ཉལ་སྟོང་དཔོན་ཚང་ཡང་དར་བའི་རྩེ་མོར་སླེབས་ཡོད་ཅིང་། ས་ཉལ་སྟོང་དཔོན་གྱིས་ཐེངས་དུ་མར་ཧོས་དམག་ལ་འགོག་རྒོལ་དང་། མཱ་པུའུ་ཧྥང་ལ་བཙན་ཁྲལ་མ་འཇལ་བས།  མཱ་པུའུ་ཧྥང་ཁྱིམ་རྒྱུད་ལ་ས་ཉལ་སྟོང་དཔོན་ཚང་རྩ་མེད་དུ་མ་བཏང་ན། རང་གི་སྲིད་དབང་རྒྱ་བསྐྱེད་པར་གནོད་པའི་བློ་དོགས་སྐྱེས་པ་སོགས་ནི་མཱ་པུའུ་ཧྥང་གིས། ས་ཉལ་ཚོ་བར་བཙན་འཛུལ་བྱེད་པའི་རྒྱུ་རྐྱེན་དུ་གྱུར་ཚུལ་དང་། མཱ་པུའུ་ཧྥང་གི་བཀའ་བཞིན་མཱ་ཡོན་ཧོ་དམག་དྲངས་ནས་མཚན་འགེབས་ཀྱིས་ས་ཉལ་ཚོ་བར་བཙན་འཛུལ་བྱས་པའི་བརྒྱུད་རིམ། དུས་དང་ཕྱི་ནང་གི་རྐྱེན་གྱིས་ས་ཉལ་ཚོ་བ་ཕམ་ཚུལ། བཙན་འཛུལ་བྱས་པའི་མཇུག་འབྲས་བཅས་ལ་དཔྱད་པ་བྱས་ཡོད། 

[བརྡ་ཆད་གཙོ་བོ།]བཙན་འཛུལ། མཱ་པུའུ་ཧྥང་། ས་ཉལ་ཚོ་བ། 

གླེང་གཞི།

མཚོ་སྔོན་ལ་ཆིང་སྲིད་གཞུང་གི་དུས་མཇུག་དང་།  མེན་རྒྱལ་རབས་གྱི་དུས་མགོ་ནས་བཅིངས་གྲོལ་བྱེད་ཁ་མ་ལ་ཐུག་གི་བར་སྟེ། དུས་ཚོད་ཀྱི་ཆ་ནས་ཏག་ཏག་ལོ་ངོ་བཞི་བཅུའི་རིང་ལ། མཱ་པུའུ་ཧྥང་ཁྱིམ་རྒྱུད་ཀྱིས་མི་བཟད་གདུག་རྩུབ་ལོག་སྤྱོད་ཀྱིས་དབང་བསྒྱུར་ཅིང་། སྔར་སྤྱི་ལོ་1887ལོར་ས་ཉལ་སྟོང་དཔོན་བྱམས་བློས་དམག་དྲངས་ནས་༠ོས་དམག་ལ་འགོག་རྒོལ་བགྱིས་པའི་ཞེ་འཁོན་གྱི་རྒྱུན་བཟུང་། ལྷག་པར་ཡང་ས་ཉལ་སྟོང་དཔོན་ཚང་རྩ་མེད་དུ་མ་བཏང་ན་མཱ་པུའུ་ཧྥང་ཁྱིམ་རྒྱུད་ཀྱི་འཕེལ་རྒྱས་དང་རྒྱ་བསྐྱེད་ལ་གནོད་པར་དོགས་ནས། ས་ཉལ་ཚོ་བ་སོ་ནང་གི་སྲིན་འབུ་དང་། མིག་ནང་གི་ཚེར་མ་བཞིན་མྱུར་ཏུ་རྩ་མེད་གཏོང་དགོས་པའི་ངན་སེམས་བཅངས་ཤིང་། དམག་རྒྱག་པའི་གོ་སྐབས་བསྐྲུན་ནས་ས་ཉལ་ཚོ་བ་ཕམ་པར་བྱས། མཱ་པུའུ་ཧྥང་ཁྱིམ་རྒྱུད་ཀྱིས་ས་ཉལ་ཚོར་བར་དྲག་པོའི་དཔུང་གིས་བཙན་འཛུལ་བྱས་པའི་སྔ་ཕྱི་བར་གསུམ་ལ་ཞིབ་འཇུག་ལེགས་པོ་ཞིག་བྱེད་ཐུབ་ན་དེ་ནི་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ་ལྟ་བའི་མིག་ཏུ་འགྱུར་བར་མ་ཟད། མཱ་ཚང་གི་ལོག་སྤྱོད་ཀྱི་ཟུར་ཞིག་ཀྱང་ཤེས་ཐུབ་ལ། ལོ་རྒྱུས་ཆོས་ཉིད་རང་བཞིན་གྱི་བསླབ་བྱ་ཞིག་ཀྱང་ཐོབ་ཐུབ་པར་སྙམ་མོ། །

 ཡིན་ནའང་། ད་ལྟའི་བར་འདི་ལ་ཆེད་དུ་ཞིབ་འཇུག་བྱེད་མཁན་མེད་པར་མ་ཟད། ཚོ་བ་དག་གི་ལོ་རྒྱུས་སུ་ཐར་ཐོར་རེ་བཀོད་པ་ལས་ཚང་ལ་མ་ནོར་བ་ཞིག་མི་འདུག་པས། འདིར་ཕྲན་བུས་རང་གི་མཐོང་ཐོས་དབང་བའི་ཡུལ་དུ་གྱུར་པའི་རྒྱུ་ཆ་དང་བོ་རྣམས་རྩ་བ་བྱས། ད་སྔ་ཡོད་པའི་དཔྱད་གཞིའི་ཡིག་ཆ་རྣམས་ཀྱིས་ཟུར་བརྒྱན་ཅིང་ཐམས་ཅད་ལྷུ་བསྒྲིགས་ནས་ཅུང་ཟད་དཔྱད་པར་འདོད་དོ། །


དང་བོ།  མཱ་པུའུ་ཧྥང་ཁྱིམ་རྒྱུད་ཀྱིས་ས་ཉལ་ཚོ་བར་བཙན་འཛུལ་བྱས་པའི་རྒྱུ་རྐྱེན།

1.ས་ཉལ་ཚོ་བ།

དེ་ལ་འདིར་ཐོག་མར་མཱ་པུའུ་ཧྥང་གིས་ས་ཉལ་ཚོ་བར་བཙན་འཛུལ་བྱས་པའི་རྒྱུ་རྐྱེན་རྟོགས་བྱེད་ཀྱི་ཡན་ལག་ཏུ་གྱུར་པའི་ས་ཉལ་ཚོ་བའི་གནས་ཚུལ་ཅུང་ཟད་གླེང་ན། དེ་ཡང་ས་ཉལ་ཞེས་གྲགས་པའི་ཚོ་བ་འདི་ནི་སྔོན་གྱི་ཚེ་བོང་སྟག་ལྷ་སྒོ་སྐྱབས་ཚོ་བར་གཏོགས་པའི་བོང་སྟག་དོམ་ནག་སྤུན་བཞི། ཆོས་སྐྱོང་སྤུན་བཞི།  ལྷ་རྩེ་སྤུན་བཞི།  སྟོང་དཔོན་སྤུན་བཞི་སོགས་མི་རབས་རེ་ལ་མི་སྣ་མིང་གྲགས་ཅན་བཞི་རེ་བྱུང་བའི་ཡ་གྱལ་བོང་སྟག་ཆོས་སྐྱོང་ཞེས་པ་དང་ཁོའི་བུ་བོང་སྟག་ལྷ་རྩེ་དང་། དེའི་བུ་བྱམས་བློ་ཆུང་དུས་སུ། རྨ་ཕ་རིའི་བྲག་ནག་སྒུག་ཁ་ཞེས་བྱ་བའི་སའི་ཆར་ཆོས་དཔོན་བྲིས་པ་ཨ་ལགས་དར་མ་དང་གསར་མ་སོགས་ཁྱིམ་དུ་གདན་དྲངས་ཏེ། ཆོས་ཏིང་འཕགས་བསྐལ་གསུམ་སོགས་གསེར་བྲིས་དངུལ་གྱི་སྐ་རགས་ཅན་དང་། དངུལ་བྲིས་གསེར་གྱི་སྐ་རགས་ཅན་སོགས་ཆོས་སྣ་མང་བོ་འབྲི་བཞེངས་ཀྱིས་ལོ་གསུམ་ལ་མཚེར་ས་གཅིག་ནས་རུ་མ་བཀལ་བར་བསྡད་པས་ཡུལ་དེའི་མནའ་མ་ཞིག་གིས་རྩེད་མཚར་གྱི་ཚུལ་དུ་ཁྱིམ་ཚང་ཀན་ཚང་ལོ་འདི་འགའི་རིང་ལ་ས་ཆ་གཅིག་ན་ཉལ་ནས་བསྡད་ཡོད་པ་དང་འདྲ།     ཀན་ཚང་གི་མིང་ལ་ས་ཉལ་ཚང་བཏགས་ན་འགྲིག་ཅེས་ཁ་མཚར་བཤད། རྗེས་སུ་ཁྱིམ་ཚང་དེ་དང་སྦྲ་སྒོ་ཉེ་འབྲེལ་ཚང་མར་ས་ཉལ་ཚང་ཐོགས་པ་རེད། ཆོས་ཏིང་འཕགས་བསྐལ་གསུམ་གཙོས་ཆོས་སྒམ་གསུམ་ཡོད་པ་དེ་དག་ས་ཉལ་ངག་དབང་ཚང་ན་ཡོད་པ་རིག་གནས་གསར་བརྗེ་ཆེན་མོའི་སྐབས་སུ་གཡུ་ལུང་སྒང་གི་བྲག་ཁུང་ཞིག་ཏུ་བརྩིགས་པ་གནས་དེར་འབྱུང་བཞིར་ཐིམ། ས་ཉལ་ཞེས་པའི་མིང་ཐོགས་ཚུལ་ལ་བཤད་ཚུལ་འགའ་ཞིག་མཆིས་མོད། འདི་ཁོ་ན་དག་པར་ངེས་ཏེ་གསེར་དངུལ་གྱིས་བྲིས་པའི་ཆོས་ཏིང་འཕགས་བསྐལ་གསུམ་སོགས་རིག་གསར་ལ་ཐུག་གི་བར་དུ་དངོས་སུ་བཞུགས་པའི་མངོན་སུམ་གྱི་དཔང་རྟགས་འདི་ལས་ལྷག་པའི་སྒྲུབ་བྱེད་མི་དགོས་སོ་སྙམ་མོ། །

དེ་ལྟར་ས་ཉལ་སྟོང་དཔོན་བྱམས་བློའི་སྐབས་སུ་ས་ཉལ་ཚོ་བ་སྔོན་གྱི་མི་རབས་རྣམས་ལས་ཀྱང་དར་རྒྱས་སུ་ཕྱིན་པས་མཱ་པུའུ་ཧྥང་ཁྱིམ་རྒྱུད་ཀྱིས་ཀྱང་དོ་སྣང་ཆེན་པོ་བྱས་ཤིང་། གྲོགས་སུ་ཁུགས་པ་ཞིག་མ་བྱུང་ན་ངེས་པར་དགྲ་རུ་བརྩིས་ནས་རྩ་མེད་ཐུབ་པ་ཞིག་ཅིས་ཀྱང་བྱེད་དགོས་པའི་ལྐོག་གྲོས་རྒྱ་ཆེ་བ་ཞིག་འཐེན་ཡོད་པ་ནི་རིམ་གྱིས་དམངས་ཁྲོད་དུ་ཁྱབ་པའི་ངག་རྒྱུན་གཤམ་དུ་བཀོད་པ་དག་ལས་ཀྱང་དཔོགས་ནུས། །

2.རྒྱུ་རྐྱེན།

སྤྱིར་མཱ་པུའུ་ཧྥང་ཁྱིམ་རྒྱུད་ཀྱིས་གདུག་རྩུབ་ཀྱི་བྱེད་ཐབས་ཁོ་ན་སྤྱད་ནས་མཚོ་སྔོན་གྱི་ཡུལ་ལུང་སོ་སོར་དབང་བསྒྱུར་ཅིང་། དངོས་གནས་མཱ་པུའུ་ཧྥང་ཁོ་རང་གིས་“ང་ཚོའི་དཔོན་གནས་ནི་ཟུངས་ཁྲག་གི་ཁྲོད་ནས་ཐོབ་པ་ཡིན”ཅེས་བརྗོད་པ་ཇི་བཞིན། ཁྲག་གི་རྒྱ་མཚོ་བསྐྱིལ། རོ་ཡི་རི་རབ་བརྩིགས། ཕོ་ལྟེ་ཐོག་ལས་དཔའ་བ་གང་ཡོད་གསོད་ཅི་ཐུབ་དང་། མ་ཅོ་ཐོག་ལས་མཛེས་མ་ཅི་ཡོད་འཕྲོག་ཅི་ནུས། རྒྱུ་རྫས་ནང་ནོམ་རྩ་ཆེན་དང་། སྒོ་ཕྱུགས་མགོ་སྦྲ་འཕྲོགས་པ་སོགས་ཁྱིམ་རྒྱུད་འདི་འཕེལ་རྒྱས་དང་། རྒྱ་བསྐྱེད་པའི་ཆེད་དུ་སྨྲ་བསམ་བརྗོད་འདས་ཀྱི་མི་ཆོས་དང་བྲལ་བའི་བཙན་འཛུལ་ཡ་ང་བ་བྱས་ཤིང་། དགེ་རྒན་ཆེན་མོ་བཀའ་མ་འཁའ་ལགས་ཀྱིས་མཱ་པུའུ་ཧྥང་ཁྱིམ་རྒྱུད་ཀྱིས་མཚོ་སྔོན་དུ་དབང་བསྒྱུར་པའི་རིང་ལ་མདོ་སྨད་དུ་བོད་མི་ཁོ་ན་ཆིག་འབུམ་ལྷག་བསད་ཡོད་པར་གསུངས་པབཞིན་དུ་གྱུར། དེ་ལྟར་དབང་སྒྱུར་བའི་སྐབས་སུ་ཚོ་བ་སོ་སོའི་མགོ་བ་རང་གི་གྲོགས་སུ་ཁུགས་པ་མང་བོར་རྒྱུ་དང་དབང་འོས་འཚམ་རེ་བྱིན། མིང་སྣ་ཚོགས་བཏགས་ནས་ཚོ་བའི་དཔོན་པོ་སོགས་སུ་བསྐོས་ཏེ། ཚོ་བ་དེ་དང་དེའི་ཁྲལ་སྣ་ཚོགས་བསྡུ་བའི་ལག་པ་དང་། མགོ་གནོན་པའི་ཐོ་བར་བེད་སྤྱོད་པའི་ཆབ་སྲིད་ཀྱི་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱས་འདུག་པར་སྐབས་དེའི་(སྐབས་དེར་མཱ་ཚང་གིས་བྱིན་པའི་བརྒྱ་དཔོན་དང་སྟོང་དཔོན་གྱི་གོ་ཐོབ་ཅན་མང་བོ་ཞིག་གིས་མཱ་པུའུ་ཧྥང་ལ་ཁྲལ་བསྡུ་བ་སོགས་ཀྱི་བྱ་བ་བསྒྲུབས་ནའང་། དེ་རྣམས་ཀྱིས་དངོས་ཤུགས་གང་རུང་ནས་རང་གནས་སའི་ས་ཁུལ་དང་ཚོ་བའི་ཆོས་སྲིད་སོགས་ལ་ནུས་པ་གལ་ཆེན་ཐོན་པ་ནི་ལོ་རྒྱུས་དངོས་ཀྱིས་ཁ་གྲག་པའི་བྱས་རྗེས་ཤིག་ཡིན།)ལོ་རྒྱུས་ཀྱི་དངོས་ཡོད་གནས་ཚུལ་དུ་གྱུར་འདུག དེ་ལྟར་མཱ་པུའུ་ཧྥང་ཁྱིམ་རྒྱུད་ལ་མ་གཞི་ནས་མི་བཟད་གདུག་རྩུབ་ཀྱི་སྒོ་ནས་ཐམས་ཅད་ལ་དབང་བསྒྱུར་པའི་ཧམ་སེམས་མེ་རི་འཕྱུར་བ་ལྟ་བུ་ཞིག་ཡོད་པ་ནི་མཱ་པུའུ་ཧྥང་ཁྱིམ་རྒྱུད་ཀྱིས་དྲག་དམག་གི་དཔུང་དྲངས་ནས་ས་ཉལ་ཚོ་བར་བཙན་འཛུལ་བྱས་པའི་རྒྱུ་རྐྱེན་དང་པོ་རེད། 

གཞན་ཡང་སྤྱི་ལོ 1876ལོར། བོང་སྟག་སྤྱིའི་སྟོང་དཔོན་ཚེ་ཁོས་ཆིང་སྲིད་གཞུང་ལ་ངོ་ལོག་བྱེད་པའི་ཀ་ཆུའི་འབག་ཆེན་གྱི་ཨ་དཔོན་སྐད་གྲགས་ཅན་ཞིག་གཙོས་ཨ་དཔོན་ལྔའི་འགོ་ཁྲིད་པའི་མཚོ་སྔོན་དང་ཀན་སུའུ་ཕྱོགས་ཀྱི་་དམག་ལ་དམག་འཁྲུག་ཐེངས་མང་རྒྱག་སྐབས་ས་ཉལ་བྱམས་བློས་(1849-1933)བོང་སྟག་ཚོ་བ་ཡོངས་ཀྱི་དམག་སྣ་དྲངས་ཏེ་ཕ་རོལ་བའི་དམག་སྟོང་ཕྲག་ཕམ་པར་བཟོས་པས་ཁོ་ལ་སྟོང་ཐུབ་དཔོན་པོའམ་ས་ཉལ་སྟོང་དཔོན་ཞེས་པའི་མིང་ཐོགས་ཤིང་། དེ་ནས་བཟུང་ཁོ་བོང་སྟག་ཚོ་བ་བཅོ་བརྒྱད་ཀྱི་དམག་གི་རུ་འདྲེན་དུ་གྱུར་ཏེ་དགྲ་འདུལ་གཉེན་སྐྱོང་གི་ལས་ལ་གཞོལ། ཡིག་ཐོག་གི་ལོ་རྒྱུས་དང་ངག་རྒྱུན་འགར་བོང་སྟག་དང་ཨ་ཚོགས་ལྷ་སྡེ་གཉིས་མ་མཐུན་པའི་སྐབས་སུ་ས་ཉལ་བྱམས་བློས་བོང་སྟག་ཚོ་བའི་དམག་སྟོང་ཞིག་གི་དམག་དཔོན་བྱས་པས་སྟོང་དཔོན་ཐོགས་པ་ཡིན་ཞེས་གྲག་ཀྱང་། དུས་བསྒྲིགས་ན་དེ་ནི་ཞིབ་རྩར་མ་ཆོད་པའི་གཏམ་དུ་ཤེས་ཏེ། ས་ཉལ་བྱམས་བློ་ལ་སྟོང་ཐུབ་དཔོན་པོའམ་སྟོང་དཔོན་གྱི་མིང་ཐོབ་པའི་དུས་ནི་སྤྱི་ལོ1876སྟེ་རང་ལོ་ཉེར་བརྒྱད་ཀྱི་སྐབས་ཡིན་ལ། བོང་སྟག་དང་ཨ་ཚོགས་ལྷ་སྡེ་གཉིས་ཀྱི་བར་ལ་དོན་རྐྱེན་བྱུང་དུས་ནི་སྤྱི་ལོ1990སྟེ། སྐབས་དེར་སྟོང་དཔོན་བྱམས་བློ་རང་ལོ་ལྔ་བཅུ་ལྷག་ཡིན་པས་ལོ་ཉི་ཤུ་ལྷག་གི་བར་ཁྱད་ཡོད་པས་དུས་ཚོད་ཀྱིས་བཤད་ཚུལ་དེ་ནོར་བ་ཐག་ཆོད་ཅིང་། ངག་རྒྱུན་ཁུངས་བཙུན་རྣམས་དང་ཡང་མི་མཐུན་ནོ། །

དེ་ལྟར་ས་ཉལ་སྟོང་དཔོན་གྱིས་ཧོས་དམག་ལ་འགོག་རྒོལ་ལན་དུ་མར་བྱས་པས་མཱ་ཚང་གི་མིག་ནང་གི་ཚེར་མ། སོ་ནང་སྲིན་འབུ་ལྟ་བུར་གྱུར་པ་ནི་མཱ་པུའུ་ཧྥང་ཁྱིམ་རྒྱུད་ཀྱི་དྲག་དམག་གིས་ས་ཉལ་ཚོ་བར་བཙན་འཛུལ་བྱས་པའི་རྒྱུ་རྐྱེན་གཉིས་པ་ཡིན། 

ཡང་སྐབས་ཤིག་ལ་མཚོ་ནུབ་ཡུལ་གྱི་སོག་པོ་དང་སོག་སྡོད་ཟི་ལིང་ཉེན་རྟོག་པའི་དམག་མི་གསུམ་གྱིས་ཉེན་ཟོན་སྐོར་གཡེང་བྱེད་སྐབས་ས་ཉལ་སྟོང་དཔོན་བྱམས་ལོའི་ཚ་བོ་འཕགས་པ་རྒྱལ་དང་མི་གཉིས་བཟུང་ཞིང་བཀྱིགས་ཏེ་བརྙས་བཅོས་བྱེད་ཀྱིན་ཁྲིད་སོང་བ་ལ། འཕགས་པ་རྒྱལ་གྱིས་བྱང་བའི་ལྭ་ཞིག་གྱོན་ཡོད་པར་ལག་པ་འགུལ་པས་རེ་ཞིག་ནས་ལག་པའི་བཀྱིགས་ཐིག་ལྷོད། གོ་སྐབས་དེ་དང་བསྟུན་ཏེ་མྱུར་ཏུ་དམག་མི་ཞིག་གི་གློ་གྲི་ཕྱུང་ནས་ཉེན་རྟོག་དམག་མི་གཉིས་བསད་ཅིང་། ཉེན་རྟོག་དམག་མི་གཞན་གཅིག་གི་ངོར་གྲི་ཡིས་རྒྱ་གྲམ་གྱི་རི་མོ་བྲིས། རྣ་ཁིས་བརྒྱབས་ཏེ་ཁྱོད་ཕྱིར་སོང་རྗེས་ཁྱོད་ཚོའི་མི་ལ།  དེང་ཕྱིན་མི་སུ་ཞིག་གིས་ང་ཚོ་ས་ཉལ་བ་སུ་ཞིག་འཛིན་བཀྱིག་བྱས་ན་མཐའ་འབྲས་འདི་འདྲ་ཞིག་ཡིན་ཞེས་ཤོད། ཅེས་བཤད་དེ་འགྲོ་རུ་བཅུག་པ་སོགས་སྒོ་ཐམས་ཅད་ནས་མཱ་པུའུ་ཧྥང་ཁྱིམ་རྒྱུད་ཀྱི་དྲག་སྤྱོད་ལ་ཞེ་གཏིང་ནས་མི་དགའ་བའི་རྣམ་འགྱུར་བསྟན་པ་ནི་མཱ་པུའུ་ཧྥང་ཁྱིམ་རྒྱུད་ཀྱི་དྲག་དམག་གིས་ས་ཉལ་ཚོ་བར་བཙན་འཛུལ་བྱས་པའི་རྒྱུ་རྐྱེན་གསུམ་པའོ། །  དེར་མཱ་པུའུ་ཧྥང་ཤིན་ཏུ་ཁྲོས་ནས་དམག་རྒྱག་པའི་གྲབས་བྱེད་གྱིན་པ་གོ་ཐོས་བྱུང་བས་རེ་ཞིག་རུ་རྨ་རྒྱལ་སྤོམ་རའི་འདབས་སུ་བཤོལ་ནས་བསྡད་ཅིང་།  ལོ་གསུམ་ལྷག་གི་རྗེས་སུ་ཕྱིར་ལོག

ས་ཉལ་སྟོང་དཔོན་གྱིས་འགོ་ཁྲིད་ནས་མཱ་ཚང་ལ་ཁྲལ་རིགས་སྣ་ཚོགས་མ་འཇལ་བར་ངོ་རྒོལ་སྒོ་དུ་མ་ནས་བྱས་ཤིང་། མཱ་པུའུ་ཧྥང་ཁྱིམ་རྒྱུད་ཀྱི་དབང་ཤུགས་རྒྱ་བསྐྱེད་པ་ལ་ཚད་ངེས་ཅན་ཞིག་ནས་བཀག་རྒྱ་ཐེབས་པ་ཡང་ཤིན་ཏུ་གསལ་ཏེ།མ་པུའུ་ཧྥང་གིས་ས་ཉལ་སྟོང་དཔོན་སོགས་རྩ་མེད་མ་བྱས་ན་མཱ་ཚང་གི་ཨོང་མ་མི་བརྟན་ཞེས་བཤད་པའི་ངག་རྒྱུན་གཏམ་དཔེ་རུ་གྱུར་པས་ཀྱང་མཚོན་ནུས་ཤིང་། དེ་ནི་མཱ་པུའུ་ཧྥང་ཁྱིམ་རྒྱུད་ཀྱི་དྲག་དམག་གིས་ས་ཉལ་ཚོ་བར་བཙན་འཛུལ་བྱས་པའི་རྒྱུ་རྐྱེན་བཞི་བ་ཡིན།

གཞན་ཡང་སྐབས་དེའི་སྤྱི་ཚོགས་ཀྱི་འགྲོ་སྟངས་ནི། བུ་རྒོད་པོའི་དཔུང་བ་ངོམ་རེས་དང་། རྟ་མགྱོགས་པའི་བང་ཁ་འགྲན་རེས་བྱས་ཏེ། ཨར་ཇག་གི་རྒྱུ་འགྲུལ་ལ་བརྟེན་ནས་འཚོ་བ་རོལ་མཁན་ལ་བུ་རབ་ཀྱི་ཚད་དུ་བརྩི་བས། ས་ཉལ་སྟོང་དཔོན་ཡང་གཞོན་དུས་སུ་སོག་ཡུལ་གྱི་སྨྱུག་མའི་རྟ་རྫོང་སོགས་སུ་ཇག་ལ་ཐེངས་མང་དུ་འགྲོ་མྱོང་བར་བཤད་ཅིང་། དེར་བརྟེན་སོག་པོའི་ཐེ་ཇི་ནར་ཚོ་བ་སོགས་ཀྱིས་ཟི་ལིང་ཀྲུའུ་ཞིའམ་མཱ་ཚང་ལ་ཐེངས་དུ་མར་ཞུ་གཏུགས་བྱས་པས་སྡེ་འདི་མི་གསོད་རྒྱུ་འཕྲོགས་ཀྱིས་རྩ་མེད་དུ་གཏོང་བའི་བསམ་ངན་ཁོག་བཅངས་སུ་ཡོད་པའི་མཱ་ཚང་གི་འདོད་རྔམ་ནི་མེ་ལ་མར་ཁུ་བླུགས་པ་བཞིན་ཆེས་ཆེར་སྦར་བར་བྱས་ཤིང་།“སྐབས་དེར་སྡེ་འདིར་མཱ་ཚང་གིས་བྱིན་པའི་ཐོབ་གོ་ས་ཅན་གྱི་མི་གཅིག་ཀྱང་མེད་པས་ཕྱོགས་གང་ཐད་ནས་ཁེ་དམན་དང་ཁེར་རྐྱང་ལྟ་བུར་གྱུར་ཡོད།”པ་ནི་རྒྱུ་རྐྱེན་ལྔ་བའོ། །

མཆན། ཧམ་སེམས་ཀྱི་མེ་ལྕེ་འབར་བའི་མཱ་པུའུ་ཧྥང་། 1903—?

དེ་ལྟར་མ་གཞི་ནས་མཱ་པུའུ་ཧྥང་གིས་རང་གི་གྲོགས་སུ་མི་ཁུགས་པ་དག་རང་གི་ཉེན་ཁར་བརྩིས་ནས་རྩ་མེད་གཏོང་འདོད་ཆེ་བའི་ཁར་ལོ་མང་བོའི་རིང་གི་འགལ་བ་སྣ་ཚོགས་བསགས་བསགས་པས་ད་ནི་མེ་སྟག་ཙམ་གྱིས་རི་རབ་བསྲེགས་པའི་དཔེ་བཞིན་དུ་གྱུར་ཅིང་། སྐབས་དེར་ཀུན་ལ་རླུང་ལྟར་གྲགས་པའི་ངག་རྒྱུན་ཞིག་ཡོད་པ་ནི་མཱ་པུའུ་ཧྥང་གིས་“ས་གསེར་ཐང་ལུང་བ་ན་འབྲོང་རུ་དམར་གསེར་གྱི་རུ་ཐུར་ཅན་ཞིག་ཡོད། (ས་ཉལ་སྟོང་དཔོན།)མཚོ་སྔོན་པོ་ལུང་བ་ན་རྐྱང་དར་མ་གཡུ་ཡི་རྔོགས་མ་ཅན་ཞིག་ཡོད།(སྤྲེལ་ནག་སྐལ་བྷེ)རྨ་ཕ་རིའི་ལུང་བ་ན་སྟག་དམར་ཡག་སྡེར་མོ་ལྗང་ཁུ་ཅན་ཞིག་ཡོད། (ཀླུ་ཚང་དཔོན་པོ་པ་སྲེ་)དེ་དག་མ་ཕབ་ན་མཱ་པུའུ་ཧྥང་གི་ཨོང་མ་མི་བརྟན་ཅེས། ”མཱ་ཆུ་ཕ་བུ་དག་གིས་ལྐོག་ཏུ་ངན་གྲོས་བྱས་ཏེ། མཱ་ཚང་ལ་ངོ་རྒོལ་བྱེད་པའི་ས་ཉལ་སྟོང་དཔོན་བྱམས་བློ་དང་། སྤྲེལ་ནག་དཔོན་པོ་སྐལ་བྷེ། ཀླུ་ཚང་དཔོན་པོ་པ་སྲེ་གསུམ་སྟེ། མདོ་སྨད་ན་སྐད་གྲགས་ཆེ་བའི་མི་དྲག་འདི་རྣམས་བརླག་རྒྱུའི་ཇུས་ངན་ལྐོག་ནས་བཤམས་ཀྱང་གནས་སྐབས་ཤིག་ལ་མངོན་འགྱུར་བྱེད་མ་ཐུབ་པར་ལུས་སོ། །

གཉིས་པ། མཱ་པུའུ་ཧྥང་ཁྱིམ་རྒྱུད་ཀྱིས་ས་ཉལ་ཚོ་བར་བཙན་འཛུལ་བྱས་པའི་བརྒྱུད་རིམ།


བུ་ཕ་ཡིས་མི་བསྟོད་དགྲ་ཡིས་བསྟོད། བུ་མོ་མ་ཡིས་མི་བསྟོད་གནས་ཀྱིས་བསྟོད་ཅེས་པ་བཞིན་ས་ཉལ་སྟོང་དཔོན་རང་གི་སྐུ་རིང་ལ་ཉི་མ་ཉིན་གུང་ལ་སླེབས་པ་བཞིན་དར་བའི་རྩེ་མོར་སོན་པས། མཱ་པུའུ་ཧྥང་གིས་ཀྱང་རང་གི་དགྲ་སྡེ་ལ་ཚད་མཐོ་བའི་འདེང་འཇོག་བྱས་པའི་གཏམ་དཔེ་དམངས་ཁྲོད་དུ་ཁྱབ་པ་བྱུང་ཞིང་། ཁོང་གིས་སྟོང་དཔོན་གྱི་གོ་གནས་བསྐྱངས་པའི་རིང་ལ་མཱ་ཚང་གིས་གནོད་པའི་སྦྱོར་བ་བརྩམས་ནའང་འདོད་ཐོག་ཏུ་བྱུང་མི་འདུག དེ་ནས་ཁོང་དགོངས་ལོ་བགྲེས་པ་དང་བསྟུན་དཔོན་ཕྲུག་ལྷ་ཕྱུག་རྒྱལ་གྱིས་སྟོང་དཔོན་བྱས་ཤིང་། གོང་དུ་བརྗོད་པའི་རྒྱུ་རྐྱེན་སྣ་ཚོགས་འཛོམས་པའི་དབང་གིས་མཱ་པུའུ་ཧྥང་གིས་ཁྲི་ཀའི་པང་པན་མཱ་ཡོན་ཧྭེ་(秋哈帮办马云海)ལ་གཞུང་དམག་གི་ཐོན་ཞིག་རྩ་འཛུགས་བྱེད་དུ་བཅུག་སྟེ། མྱུར་སྟབས་ཀྱིས་ས་ཉལ་ཚོ་བར་དམག་རྒྱག་དགོས་པའི་བཀའ་ཕབ་པས། མཱ་ཡོན་ཧྭེས་སྣེ་ཁྲིད་པའི་དམག་དཔུང་དེ་ཟི་ལིང་ནས་ལམ་དུ་ཆས།


མཆན། ཧོས་དམག་གི་སྣ་འདྲེན་ཁྲི་ཀའི་པང་པན་མཱ་ཡོན་ཧྭེ།(秋哈帮办马云海)1888—1951

སྐབས་དེར་ས་ཉལ་ཚང་གི་རུ་གང་ཞིག་ན་ཇི་ལྟར་ཡོད་སྙམ་ན། དེང་གི་བྲག་དཀར་རྫོང་ཁོངས་དགུ་སྟོད་ཀྱི་ས་ཆ་གསེར་ཐང་དེའུ་རིགས་སམ་དེའུ་ཡག་ཞེས་པ་དེར་ཡོད་པ་ཡིན་འདུག་ཅིང་། དེ་ནི་སྤང་ལྗོངས་ཁོད་ཡངས་པ་རྩྭ་ཆུ་ནགས་གསུམ་འཛོམས་པས་ཉམས་དགའ་བ་ཞིག་ཡིན་པར་མ་ཟད། ཕྱོགས་ཀུན་རི་བོ་དང་གཡང་གཟར་གྱིས་བསྐོར་འདུག་པས་ཤིན་ཏུ་བརྩན་ས་ཞིག་ཀྱང་རེད། ལོ་དུ་མའི་རིང་གི་མཱ་ཚང་གི་ཁྲལ་འདེད་དང་དམག་རྒྱག་པའི་འཆེ་བ་ལྷོད་མ་མྱོང་བའི་དོན་དངོས་ཀྱི་གནས་བབ་ལ་བསམ་ན་ས་ཉལ་ཚང་ཡུལ་འདིར་སྡོད་པ་ལ་རྒྱུ་མཚན་མང་བོ་ཡོད་པར་བསམ་ཞིང་། དམག་དོན་གྱི་ཆ་ནས་ཡུལ་འདི་ལ་རང་སྲུང་གི་བྱེད་ནུས་ལྷུན་གྱིས་གྲུབ་འདུག ལྷག་པར་ཡང་ཡུལ་དེར་ཤར་ཕྱོགས་ནས་འཇུག་པ་ལ་མགོ་གཡང་ཞེས་པའི་རི་ཆེན་ཞིག་གི་ལ་ལུང་མང་བོ་བརྒྱུད་དགོས་ཤིང་། དེང་སང་ཡང་མགོ་གཡང་བརྒྱུད་ཚེ་གཞན་ཕར་ཟད། ཡུལ་དེའི་མི་རྣམས་ཀྱང་འཇིགས་ཡེ་རེ་འགྲོ་ཞིག་བ་འདུག་ཅིང་། དེ་ལ་མགོ་གཡང་ཞེས་ཐོགས་དོན་ཡང་མགོ་ཡུ་འཁོར་སའི་གཡང་ས་ཞེས་པའི་དོན་ཡིན་པར་གྲགས་པ་དང་མཐུན། ཡུལ་དེར་ཧྲོང་བོ་ཚོ་བ་སོགས་དང་ལྷན་དུ་ཡོད་འདུག་ལ། དུས་རྒྱུན་སྦྲ་ཤིན་ཏུ་ཆེན་པོ་ཞིག་ཕུབ་ནས་ཡ་ལོགས་མ་ལོགས་ཀྱི་མཚམས་སུ་བར་ཁྱོན་འཕངས་ཏེ་མ་ལོགས་སུ་སྐབས་སྐབས་སུ་དཔའ་བོ་འཁྱམས་པ་རྣམས་གླུ་ལེན་ཞིང་གླིང་བུ་འབུད་པ་སོགས་ཀྱི་རྩེ་མོར་རོལ། མར་རྒྱུད་ཀྱི་སྣེ་མོར་ཆ་སྒམ་མང་བོ་མུ་རུ་བསྒྲིགས་ནས་ནང་དུ་གཡུ་བྱུར་མུ་ཏིག་སོགས་སྣ་ཚོགས་པའི་ཚོང་བཤམས་ཡོད་པར་གྲགས། 

ཉལ་སྟོང་དཔོན་ཕ་བུ་གཉིས་ནི་ཕྱི་དགྲ་བོའི་སྟེང་ལ་གནམ་ལྕགས་ཐོག་ལས་རྒོད། ནང་ཕུ་ནུའི་ནང་ལ་གཡང་དཀར་བལ་ལས་འཇམ་པ་ཞིག་ཡིན་པས་འཇིག་རྟེན་གཏམ་གྱི་དཔེར། དཔོན་བྱང་སེམས་ཅན་ལ་རུ་སྡེ་འཁོར་ཞེས་པ་བཞིན། རྐང་ཚ་དང་། བདུད་ཤུལ། སྒ་མ། འཁྱམས་རུ། ལོ་བ། རྒྱ་བཟའ། ལྷ་སྡེ། སྔགས་ས། མགོ་ལོག རྨ་ཕ་རིའི་མང་འབའ་བྱ་གསུམ། སོག་པོ།  ཨ་རིག་སོགས་ནས་ཁྱིམ་ཚང་དང་མི་རྐྱང་མང་བོ་ས་ཉལ་སྡེ་བར་འོངས་ནས་གཞིས་ཆགས།   དེ་རྣམས་ཁྲོད་དུ་དཔའ་བོ་མིང་གྲགས་ཅན་མང་བར་མ་ཟད། ལྷག་ཏུ་མཱ་པུའུ་ཧྥང་གི་བཙན་འཛུལ་དང་བཙན་ཁྲལ་འཁུར་མ་འདོད་པར་ཡོང་བའི་དཔའ་བོ་འཁྱམས་པ་མང་བོ་ཞིག་ཡོད་པར་བཤད་པས་ལྟོས་བཅས་ཀྱིས་སྟོབས་ཤུགས་ཆེ་ཞིང་། མཱ་ཚང་གིས་ཀྱང་གཡོ་ཐབས་ཀྱིས་རྒོལ་བ་ལས་མངོན་སུམ་དུ་དམག་དྲངས་ན་གྱོང་གུད་ཆེན་པོ་བཟོ་བར་འདོན་མི་ཟ་མོད། མཱ་ཚང་གི་དམག་རྒྱག་དུས་ནི་ས་ཉལ་ཚང་ལ་མཚོན་ན་ཤིན་ཏུ་དུས་མ་ཡིན་པ་ཞིག་སྟེ། 


མཆན། ས་ཉལ་ཚོ་བར་བཙན་འཛུལ་ཐེབས་པའི་གསེར་ཐང་དེའུ་རིགས་སམ་དེའུ་ཡག

ས་ཉལ་སྟོང་དཔོན་བྱམས་བློ་དགུང་ལོ་གྱ་ལྔ་ལ་སླེབས་མ་ཐག་པ་ཆུ་སྤྲེལ་ལོའི་ལོ་མཇུག་ཟླ་མཇུག་སྟེ་བོད་ལོའི་ཉི་ཤུ་དགུའི་(སྤྱི་ལོ1933.1.9ཧོར་ཟླ12ལོའི29) སྨག་ནག་གི་དུས། ལོ་སར་གྱི་དགའ་སྟོན་ལ་རོལ་བའི་སྟ་གོན་གྱི་སྐབས། ས་ཉལ་ཚང་གི་དམག་དང་སྤུན་ཟླ་དག་རང་རང་གི་ཡུལ་ལ་ལོ་སར་དུ་སོང་བས་ལྷན་དུ་མེད་པའི་གོ་སྐབས་ལ་གཏུགས་ནས། མཱ་ཡོན་ཧྭེས་སྔོན་ནས་ཞིབ་དཔྱོད་དང་དམག་ཇུས་འཐེན་ཡོད་པ་བཞིན། སྔ་འདྲེན་གྱི་ཉུལ་མ་དང་ཕྱི་དཔུང་གི་སྐྱེལ་འདྲེན་དང་བཅས་ཉིན་གབ་མཚན་བརྟོལ་གྱིས་མགོ་གཡང་ངམ་ར་རྒོད་ལ་བཞི་ལྟ་བུར་མཚན་འགྲོས་བྱེད་ཆེད་ཕར་ཚུར་གྱི་རྩྭ་ས་ཆེན་པོ་འགའ་ལ་མེ་བཏང་ནས་ལམ་མཐོང་གི་དཀར་མེ་བྱས་ཏེ། མཚན་མོ་དེར་གློ་བུར་ཏུ་རུ་ཐོག་ལ་ཐོག་འབབ་བྱས་ཤིང་། རུ་སྐོར་རེ་ལ་ཇག་དམག་བརྒྱ་ཕྲག་འགའ་རེས་བསྐོར་ཏེ། ནམ་གསལ་ཚེ་ས་ཉལ་ཚང་དང་ཚོ་བ་གཞན་པའི་བར་མཚམས་ཐམས་ཅད་ལ་དར་དང་དམག་བསྒྲིགས་ནས་ཨ་ལོང་བཞིན་དུ་བསྐོར་ཡོད་འདུག སྐབས་དེར་དགུ་ལོ་གྱ་ལྔར་སླེབས་པ་ཐག་མ་ཐག་པའི་སྟོང་དཔོན་བྱམས་བློས་དཔོན་ཕྲུག་ལྷ་ཕྱུག་རྒྱལ་སོགས་ལ་ཁོ་བསྐྱུར་ནས་ཅི་ཐུབ་ཀྱིས་འབྲོ་བར་བསྐུལ་ནའང་། དཔོན་ཕྲུག་ལྷ་ཕྱུག་རྒྱལ་ཀྱང་དཔའ་མཛངས་ལྡན་པ་ཞིག་ཡིན་པས་“ཕ་རྒན་དགྲ་ལག་ཏུ་མི་འཇོག”ཅེས་དམ་བཅས་ནས་ཁོས་འགོ་ཁྲིད་དེ་ཁོའི་སྤུན་ཆུང་ལོ་བཅུ་བདུན་ལོན་པའི་མཁའ་འགྲོ་སོགས་གཞོན་སྐྱེས་དཔའ་སྤོབས་ཅན་རྣམསམ་ཀྱིས་ཀྱང་སོ་སོ་ནས་སོ་སོར་ཅི་ཡོད་ཀྱི་མཚན་ཆ་བཟུང་ནས་སྲོག་བསྡུས་ཀྱིས་གཡུལ་འགྱེལ་དྲག་པོ་བྱས་ཤིང་། བུད་མེད་དཔའ་ངར་ཅན་འགའ་ཞིག་ཀྱང་གཡུལ་ངོར་ཞུགས་ཏེ་ཐམས་ཅད་ཀྱིས་ཐམས་ཅད་དུ་རང་སྲོག་མ་ཤོར་བར་འགོག་རྒོལ་དྲག་པོ་བྱས་པ་ཡིན་འདུག་ཅིང་། ཉིན་དེའི་ཐོ་རངས་ནས་སྲོད་ཀྱི་ཉི་མ་དམར་ཐག་ཆོད་པ་ལ་ཐུག་གི་བར་དུ་མཱ་ཚང་གི་ཇག་དམག་ས་ཉལ་ཚང་གི་རུ་ཐོག་དངོས་ལ་འགྲོ་མ་ཐུབ་པ་སྐབས་དེའི་རུ་སྐོར་རྣམས་ཀྱིས་དངོས་སུ་མཐོང་འདུག དེ་ལྟར་ཉིན་གང་བོར་འགོག་རྒོལ་མཐར་ཐུག་པ་བྱས་ཀྱང་དམག་གི་མང་ཉུང་དང་། ཀོ་མཚོན་གྱི་བཟང་ངན། གྲ་སྒྲིག་ཡོད་མེད་ཀྱི་ཁྱད་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་དང་། ལྷག་པར་ཡང་དཔོན་ཕྲུག་ལྷ་ཕྱུག་རྒྱལ་སྦྲ་མཐའི་རྡོ་རའམ་རྟ་ར་ཞིག་ཏུ་བསྡད་ནས་བོའུ་འཕངས་ཤིང་། ཆུང་མས་མདའ་སྐྱེལ་གྱིན་འགོག་རྒོལ་དྲག་པོ་བྱེད་ཀྱིན་ཡོད་པ་ལ། ས་ཉལ་ཚང་གི་ནང་ནས་ཉུལ་མ་ཞིག་བྱུང་སྟེ་དཔོན་ཕྲུག་ལྷ་ཕྱུག་རྒྱལ་ལ་“ངས་བོའུ་འཕེན”ཞེས་རྫུན་གྱིས་མགོ་བསྐོར་ནས་བོའུ་ཁྱེར་ནས་མཱ་ཇག་གི་ཁྲོད་དུ་བྲོས་སོང་བ་ནི་མཐར་ཐུག་ཕམ་པའི་རྒྱུ་རུ་གྱུར། དཔོན་ཕྲུག་ལྷ་ཕྱུག་རྒྱལ་གྱི་བོའུ་བཟང་དེ། སྐབས་དེར་མཱ་ཇག་གིས་བཟུང་བའི་ས་ཉལ་རིག་རྡོར་གྱི་ཕ་ས་ཉལ་འབྲུག་བྱམས་འབུམ་སོགས་ཀྱིས་མཱ་ཚང་གི་སྒར་དུ་མཐོང་ཞིང་། བོའུ་ཤིང་དམར་བོ་ཅན་གྱི་བོའུ་དེ་འཕེན་ཡུན་རིང་དྲགས་པས་བོའུ་ཤིང་ཡང་ཅུང་ཟད་ཚིག་ནས་འདུག་ཅེས་གྲགས་སོ། ། དེ་བས་ལག་ནས་མཚོན་ཤོར་བའི་དཔོན་ཕྲུག་ལྷ་ཕྱུག་རྒྱལ་ལ་མདའ་མང་བོ་ཕོག་ཅིང་། དགྲ་བོའི་སྔུན་དུ་དཔའ་འགྲེང་དུ་བསྡད་དེ་གཅེས་སྲོག་ཤོར་བ་སོགས་འགོག་རྒོལ་བྱེད་པའི་དཔའ་བོ་དཔའ་མོ་ཐམས་ཅད་ཀྱི་གཅེས་སྲོག་ཤོར།   དེ་ཚེ་སྤྱང་གི་ལུག་ནང་དང་། ཇག་པ་ཁྱིམ་ནང་ལ་ཐོན་ཞེས་པའི་གཏམ་དཔེ་བཞིན། ཇག་དམག་རུ་ནང་ལ་བརྒྱུགས་ནས་དགུང་ལོ་བརྒྱད་ཅུ་གྱ་ལྔར་སླེབས་མ་ཐག་པའི་དཔོན་པོ་མིང་གྲགས་ཅན་ས་ཉལ་སྟོང་དཔོན་བྱམས་བློ་མལ་ལས་ལང་མི་ཐུབ་པའི་སྐབས་ཡིན་ཀྱང་སྡང་སེམས་ཀྱིས་མེ་འདས་བརྒྱབས་ཀྱང་མ་ཆོད་པས། སྟ་རེས་བརྒྱབས་ཏེ་མལ་ནང་ནས་ངན་གསོད་བྱས། ཀུན་ལ་ཐུན་མོང་དུ་གྲགས་པའི་ངག་རྒྱུན་ལ། ས་ཉལ་སྟོང་དཔོན་གྱིས་འདི་ཕྱིའི་སྐྱབས་དང་དཔུང་གཉེན་དུ་བཀུར་པའི་ལྷ་གཙོ་བོ་ནི་མགོན་པོ་ཕྱག་དྲུག་པ་ཡིན་ལ། ཁོང་གིས་མགོན་པའི་སྔགས་དུང་ཕྱུར་ལྷག་བཏོན་པས། མཚོན་གྱིས་མི་ཚུགས་པ་སོགས་ཀྱི་ཁྱད་ཆོས་མང་བོ་ཡོད་པར་གྲགས་ཤིང་། ཁོང་གི་མགོན་པའི་བྲིས་ཐང་ཤིན་ཏུ་རྙིང་བ་ཞིག་ལ་ཕྲན་བུ་ཡང་དངོས་སུ་མཇལ་མྱོང་། ཧྲོང་བོ་སོ་མའི་ཡིན་པའི་ཕྲན་བུའི་ཨ་ཕྱི་སྐབས་དེར་ལོ་བཅུ་ལྷག་ཡིན་པ་དེ་ས་ཉལ་ཚང་གི་རུ་བརྒྱབས་ཤུལ་དུ་སོང་དུས་ཐབ་ཀའི་མར་རྒྱུད་ལ་ཇི་ལྟར་གད་པའི་ངོས་སུ་སྦྲང་ཚང་བཅོས་པ་ལྟར་གྱི་མདའ་མང་བོ་བར་མཚམས་མེད་པར་ཕོག་ཡོད་པ་དངོས་སུ་མཐོང་ཞིང་། གཡུ་བྱུར་དང་གསེར་མིན་སོགས་ཀྱི་ཆག་རོ་མང་བོ་འཐུ་རྒྱུ་ཡོད་པ་ང་ལ་དངོས་སུ་བརྗོད་མྱོང་། ས་ཉལ་སྟོང་དཔོན་བྱམས་བློའི་ཉལ་ས་མར་རྒྱུད་ཀྱི་འགྲམ་ན་ཡོད་པ་ཡིན་འདུག་པས་ཁོང་ལ་མདའ་མང་བོ་ཕོག་ཡོད་པར་གདོན་མི་ཟ། ཇི་རྙེད་ཕོག་པའི་མེ་མདའ་དེ་རྙེད་ཀྱིས་མ་ཆོད་པར་ལུས་པ་དེ་ངག་རྒྱུན་དེ་ཉིད་བདེན་པའི་རྟགས་སུ་འགྲོ་བར་མ་ཟད། བདེན་པ་ར་སྤྲོད་ནུས་པའི་མངོན་མཚན་ཅན་གྱི་སྐད་ཆ་གཅིག་ནི་ཕྱིར་ལམ་མཱ་ཡོན་ཧྭེ་རྨ་ཕ་རུའི་ཧྲོང་བོའི་རུ་ནང་ལ་ཡོང་ནས་ཁ་བརྡ་བྱེད་སྐབས།     “ས་ཉལ་སྟོང་དཔོན་ཟེར་བ་དེ་མཚོན་གྱིས་མི་ཆོད་ཟེར་བ་བདེན་འདུག མེ་མདས་བརྒྱབས་ཀྱང་མི་ཆོད།  སྟ་རེས་བརྒྱབས་ན་མེ་སྟག་མཆེད”ཅེས་བཤད་པར་བཤད་སའི་མི་རྣམས་ཀྱི་ངག་ལས་༸རྗེ་བཀྲ་ཤིས་རྒྱལ་མཚན་མཆོག་གིས་དངོས་སུ་གསན་འདུག་གོ

གསུམ་པ། མཱ་པུའུ་ཧྥང་ཁྱིམ་རྒྱུད་ཀྱི་བཙན་འཛུལ་ལས་ས་ཉལ་ཚོ་བ་ཕམ་པའི་རྒྱུ་རྐྱེན། 

སྤྱིར་མཚོ་སྔོན་ལ་དྲག་པོའི་དཔུང་དང་གཡོ་སྒྱུའི་འཕྲུལ་གྱིས་དབང་བསྒྱུར་པའི་ཡུལ་གྱི་གོང་མ། བཀས་བཀོད་བརྒྱུད་འཛིན་ཀྱི་གཏེ་བོ། མཱ་པུའུ་ཧྥང་ཁྱིམ་རྒྱུད་ལ་ས་ཉལ་ཚོ་བ་རྩ་མེད་དུ་གཏོང་བའི་བསམ་སྦྱོར་དུས་ཐམས་ཅད་དུ་ཡོད་ནའང་། གཅིག་ནས་སྐབས་དེར་ས་ཉལ་ཚང་དར་བའི་རྩེ་མོར་སོན་ཡོད་པས་ཅི་མ་ཡིན་ལ་དམག་རྒྱག་མི་ཐུབ་པ་དང་། གཉིས་སུ་ས་བབ་བཙན་པས་རྒྱག་དཀའ་བ་དང་། གསུམ་དུ་འདི་སྐབས་སུ་མཱ་པུའུ་ཧྥང་གིས་ཡུལ་ཤུལ་དང་། མགོ་ལོག རྔ་བ། བླ་བྲང་སོགས་བོད་ཀྱི་ཚོ་སྡེ་བཙན་པོ་དང་དགོན་པ་མང་བོར་དམག་དཔུང་ཡང་ཡང་དྲངས་ནས་ཡ་ང་བའི་དྲག་གནོན་བྱེད་ཀྱིན་པའི་སྐབས་སུ་ཁེལ་བས། ས་ཉལ་ཚོ་བར་དམག་རྒྱག་པའི་བྱ་བ་དེ་དུས་བསྒྱངས་མི་བྱེད་ཐབས་མེད་བྱུང་བར་སེམས། ཡིན་ནའང་། མཱ་ཡོན་ཧྭེས་ཏག་ཏག་སྐབས་འདིར་དམག་དྲངས་པ་དང་། དམག་འཁྲུག་ཉིན་གཅིག་ཁོ་ནར་བརྒྱབས་པས་ས་ཉལ་ཚང་ཕམ་ཉེས་ཚབས་ཆེན་བཟོས་པ་ལ་རྒྱུ་རྐྱེན་འགའ་ཞིག་ཡོད་པར་གསལ་ཏེ།

1.ནང་རྐྱེན་དགྲ་འགོག་གྲ་སྒྲིག་མེད་ཅིང་ནང་རུལ་པ་བྱུང་བ། 

དེ་ཡང་རང་རེ་བོད་འདི་སྨད་སིལ་ཆད་ཀྱིས་སྐྱ་ཆད་སྔོ་རྡུགས་སུ་བསྐྱལ་པའི་མི་རབས་དེ་སྙེད་ཅིག་སོང་ཞིང་། དཔལ་ལྡན་ས་སྐྱ་བ་ནས་བཟུང་བོད་ཆོལ་ཁ་གསུམ་པོ་གཅིག་གྱུར་བྱུང་ནའང་། བོད་བཙན་པོའི་རྒྱལ་ཁབ་བཞིན་གྱི་དམག་སྲིད་དང་དཔལ་འབྱོར་གྱི་སྟོབས་ཤུགས་མེད་རྐྱེན། དོན་གྱིས་མདོ་ཁམས་ཀྱི་ཚོ་སྡེ་མང་བོ་སོ་སོ་སོ་སོའི་ས་རུ་ང་ཆེ་ང་བཙན་གྱིས། བོད་སྤྱི་བའི་སྲིད་འབྱོར་རིག་གསུམ་གྱི་ཆིག་སྒྲིལ་དང་སྤྱི་ལ་བསམ་པའི་བཙན་པོའི་སྙིང་སྟོབས་དང་བློ་གྲོས་ཉམས་ཤིང་འཐོར་ཏེ། སྡེ་བ་དང་ཚོ་བ་ཁོ་ནའི་ལ་རྒྱ་དང་བསམ་བློ་སྐྱེས། དེ་ལས་ཀྱང་བསམ་བློ་ཆེས་ཆུང་དུ་སོང་ནས་ཁ་དཔེ་བཞིན་གླིང་ལ་ཕ་ཡོག་བུ་ཡོག ལུག་ལ་ཚར་དཀར་ཚར་ནག་གི་དབྱེ་བ་ཕྱེ་རྒྱུ་ཐལ་ཆེས་པས། ཚོ་བ་ཆུང་ངུ་རེས་ཀྱང་རང་རང་ས་ནས་རང་མགོ་ཨེ་ཐོན་ལྟ་བ་ཙམ་ལས། སྐྱིད་སྡུག་སྤྱི་འཁུར་གྱི་སྲོལ་བཟང་ཉམས་དམས་སུ་གྱུར་ཅིང་། དེ་བཞིན་བོད་གོང་འོག་ཐམས་ཅད་ནས་རྒྱ་སོག་ལ་མགོ་གཏུགས་ཤིང་དེ་དག་གི་སྟོབས་ཤུགས་ལ་བརྟེན་ནས་རང་ཉིད་རྒྱ་བསྐྱེད་དང་། ཕྲག་དོག་དང་འགྲན་སེམས་ཀྱི་སྟར་ཁ་ནང་ལ་བསྐོར་ནས་ཅི་ཐུབ་ཀྱིས་ནང་གནོན་བྱེད་པའི་སྲོལ་ངན་ཞིག་ཕལ་ཆེར་ཡོངས་ཁྱབ་ཏུ་དར། འདི་ཕྱོགས་ཀྱི་ཚོ་བ་རྣམས་ཀྱང་ཚུལ་དེ་ལས་འདའ་མ་ཐུབ་པར་ས་ཉལ་ཚོ་བར་བཙན་འཛུལ་བྱེད་དུས་ཀྱང་ཉེ་འཁོར་གྱི་ཚོ་བ་རེ་ཟུང་ལས་ཉུལ་མ་བྱུང་ནས་དམག་སྣ་ནང་འདྲེན་གྱི་གཏེ་བོ་བྱས་ཤིང་། ས་ཉལ་དུ་བསྡད་མྱོང་བའི་མི་རྐྱང་རོང་བ་ཞིག་ཡོད་པ་དེ་ཡང་ནང་རུལ་པར་གྱུར་དང་། འདི་སྐབས་ས་ཉལ་ཚང་གིས་མཱ་པུའུ་ཧྥང་གིས་དམག་འདྲེན་གྱིན་པ་ཅུང་ཟད་ཀྱང་མ་ཚོར་བས་དགྲ་འགོག་གི་གྲ་སྒྲིག་ཅི་ཡང་མེད་པར་ཐམས་ཅད་བག་ཕེབས་ཀྱིས་གནས་པ་སོགས་ནང་རྐྱེན་ཚང་བ་སྟེ། ཕྱི་ནང་གི་ལོ་རྒྱུས་གང་ལ་བལྟས་ཀྱང་དགྲ་འགོག་པའི་གྲ་སྒྲིག་མེད་པའི་ཁར་ནང་རུལ་པ་བྱུང་བའི་གནས་ཚུལ་འདི་འདྲའི་འོག་ཏུ་དེ་ཕྱོགས་ཕམ་ངེས་པ་ནི་ལོ་རྒྱུས་ཀྱི་ཆོས་ཉིད་དུ་གྱུར་འདུག

1.ཕྱི་རྐྱེན་དགྲ་བོའི་ཀོ་མཚོན་དང་གྲ་སྒྲིག་འཐུས་ཚང་བ། 

མཱ་པུའུ་ཧྥང་ཁྱིམ་རྒྱུད་ཀྱི་འཆར་ཅན་གྱི་དམག་འཁྲུག་འདི་ནི་གློ་བུར་དུ་བརྒྱབས་པ་ཞིག་མ་ཡིན་པར། གོང་དུ་ཡང་བརྗོད་ཟིན་པ་བཞིན་ཡུན་རིང་ལ་བསགས་པའི་རྣོ་ངར་གྱི་རྩེར་སོན་པའི་འགལ་བ་ཞིག་ཡིན་པས། འདི་ལ་མཱ་ཕྱོགས་ནས་ཆེད་གཉེར་གྱིས་དམག་གི་སྒྲིག་འཛུགས་དང་།  ཀོ་མཚོན་ཕུལ་བྱུང་བསྡུས་ནས་དམག་འཁྲུག་གི་ཉམས་མྱོང་ཅན་མཱ་ཡོན་ཧྭེ་དམག་དཔོན་དུ་བསྐོས་པ་སོགས་ཀྱི་ཕྱི་རྐྱེན་འཐུས་ཚང་དུ་ཡོད་དོ། ། 

2.དུས་རྐྱེན་ལོ་སར་དགའ་སྟོན་དང་མཚན་མོར་ཁེལ་བ། 

དུས་ཀྱི་ཆ་ནས་བོད་ལོའི་ཉི་ཤུ་དགུའི་སྨག་ནག་ལ་གཏུགས་ནས་མཚན་འགེབས་བྱས་པ་དང་། ཐམས་ཅད་ལོ་སར་གྱི་དགའ་སྟོན་ལ་རོལ་བར་མགོ་འཁོར་ནས་ཡོད་ཅིང་། ས་ཉལ་ཚང་གི་དམག་དང་མི་རྐྱང་དཔའ་བོ་གཅིག་ཀྱང་མེད་པས་ཉིན་གཅིག་ཁོ་ན་ལས་མ་དགོས་པར་ས་ཉལ་ཚང་གི་རྩ་བའི་ཁྱིམ་གཞིས་ལ་གཏོར་བརླགས་དང་ཕམ་ཉེས་ཚབ་ཆེན་བྱུང་བ་སྟེ། ལར་མཚན་མོར་དམག་རྒྱག་པ་འདི་ཉིད་དམག་དོན་རིག་པའི་བློ་མིག་གིས་བལྟས་ན་དམག་ཇུས་མཆོག་གྱུར་ཅིག་ཡིན་པར་མ་ཟད་ཀྱི། དགྲ་མཱ་པུའུ་ཧྥང་གིས་ས་ཉལ་ཚང་དུས་ཡུན་ཐུང་ངུའི་ནང་རྩ་མེད་དུ་གཏོང་འདོད་པ་དང་།  ས་ཉལ་ཚང་ལ་དོགས་ཟོན་དང་མཐོང་ཆེན་ཚད་མཐོན་པོར་བྱས་ཡོད་པ་ཡང་ཡོངས་སུ་རྟོགས་ཐུབ། དགྲ་ཕྱོགས་སྟོབས་ཆེ་དུས་མཚན་མོ་གློ་བུར་དུ་དམག་རྒྱག་པའི་གནས་ཚུལ་འདི་འདྲ་ནི་ལོ་རྒྱུས་རྣམས་སུ་མང་བོ་མཐོང་རྒྱུ་ཡོད་པ་དེའོ། །

དེ་ལྟར་ཕྱི་ནང་གི་རྒྱུ་རྐྱེན་ཐམས་ཅད་ཚང་བའི་དབང་གིས་མཱ་ཡོན་ཧོ་སྣེ་ཁྲི་པའི་ཇག་དམག་གིས་སྲོད་ལ་ཐུག་ཚེ་ས་ཉལ་སྟོང་དཔོན་བྱམས་བློ་དང་དཔོན་ཕྲུག་ལྷ་ཕྱུག་རྒྱལ་གཉིས་གཙོས་སྐྱེས་ཕོ་མོ་བརྒྱད་ཅུ་གྱ་བརྒྱད་དམར་གསོད་དང་ངན་གསོད་བྱས། ཁྲག་གི་མཚོ་བསྐྱིལ། བེམ་པོའི་རི་བརྩེགས་ནས་ས་ཉལ་ཚོ་བའི་རྩ་བའི་ཁྱིམ་གཞིས་བླངས་པ་ཡིན་ནོ། །


བཞི་བ། མཱ་པུའུ་ཧྥང་ཁྱིམ་རྒྱུད་ཀྱིས་ཉལ་ཚང་ལ་བཙན་འཛུལ་བྱས་པའི་མཇུག་འབྲས།

ཡ་ང་བའི་བཙན་འཛུལ་འདིའི་གཡུལ་འགྱེད་ཁྲོད་དུ་མཱ་པུའུ་ཧྥང་ཁྱིམ་རྒྱུད་ཀྱི་དམག་ཀྱང་མང་བོ་བསད་པར་གྲགས་ཀྱང་། ཡིག་ཐོག་གི་དཔྱད་གཞིའི་རྒྱུ་ཆ་མེད་པས་གྲངས་ཀ་གསལ་བོ་ཞིག་ད་ལྟ་བཀོད་མི་ཐུབ་ཅིང་། ས་ཉལ་ཕྱོགས་ལ་མཚོན་ན་ས་ཉལ་སྟོང་དཔོན་བྱམས་བློ་དང་དཔོན་ཕྲུག་ལྷ་ཕྱུག་རྒྱལ་གཉིས་གཙོས་སྐྱེས་ཕོ་མོ་བརྒྱད་ཅུ་གྱ་བརྒྱད་རུ་ཐོག་གཅིག་ཏུ་ཉིན་གཅིག་ཁོ་ནར་དམར་གསོད་དང་ངན་གསོད་བྱས་ཏེ། རྒྱུ་རྫས་ནང་ནོམ་ཡོད་ཚད་ཉིན་མཚན་ལྟོ་སྤྲད་ནས་སྐྱེལ་འདྲེན་བགྱིས་ཤིང་། རྟ་ཁྱུ་དང་། ནོར་ཁྱུ། ལུག་ཁྱུ་སོགས་གཡང་ར་སྒོ་བཞི་གཅིག་ཁྱུ་གཅིག་ལ་བསྲེས་ནས་འུར་འདེད་ཀྱིས་བྱའི་ཉག་ཁ་བརྒྱུད་ནས་གཤར་སོང་བར་དེར་ཡོད་ཀྱི་མི་ཀུན་གྱིས་མཐོང་འདུག མཱ་པུའུ་ཧྥང་ཁྱིམ་རྒྱུད་ཀྱིས་ལོ་ངོ་བཞི་བཅུར་མཚོ་སྔོན་ལ་དབང་བསྒྱུར་ཅེས་པར“ནོར་སྟོང་དང་ལུག་ཁྲི་ལས་བརྒལ་བ་རྒྱ་ལ་ཤོར”ཅེས་གསལ་ཅིང་། ལྷག་པར་ས་ཉལ་ཚང་ལ་རྟ་མང་བ་ཀུན་ཏུ་གྲགས་མོད་སྐབས་དེར་དུ་ཡོད་ཀྱི་གྲངས་ཀ་སུ་ལའང་མི་གསལ། དེ་ལྟར་མི་རབས་མང་བོར་བཙན་ཕྱུག་གི་རྩེ་མོ། མི་གཡང་དཔའ་གཡང་གི་རུ་མར་གྱུར་པའི་ཁྱིམ་རྒྱུད་ཆེན་པོ་འདི་ཉིད་གློ་བུར་དུ་རྒུད་པའི་མཐའ་ལ་བསྐྱལ་ཏེ། ཡུལ་དེར་འཁོད་པའི་མི་རྣམས་ཀྱིས་ལྟ་བ་མིག་གིས་བཟོད་པ་ཞིག་བྱས་ནས་“མྱི་ཡོད་ནོ་གཞོན་ནུ་སུམ་ཅུ། རྒྱུ་ཡོད་ནོ་ར་མ་བརྒྱད་ཅུ”ཅེས་དམངས་ཁྲོད་ནས་བཙན་འཛུལ་འདིའི་མཇུག་འབྲས་ལ་སྡོམ་བརྒྱབས་པའི་ཁ་དཔེ་བྱུང་བ་ད་ལྟའང་མི་མང་བའི་ངག་ན་དངོས་སུ་ཡོད་དོ། །

     འདི་སྐབས་ས་ཉལ་དཔོན་ཕྲུག་ལྷ་ཕྱུག་རྒྱལ་གྱི་སྤུན་ས་ཉལ་ངག་དབང་ཞེས་པས་མདོ་སྨད་དྷཱིཿཚ་དགོན་ཆེན་དུ་ཕར་ཕྱིན་རབས་འབྱམས་པའི་དམ་བཅའ་བཞག་ནས་དབུས་སུ་སློབ་གཉེར་ལ་འགྲོ་བའི་སྟ་གོན་བྱེད་ཀྱིན་ཡོད་དང་། ཁོའི་ཨ་མ་ཡང་དྷཱིཿཚ་དགོན་པར་མཆོད་མཇལ་དུ་སླེབས་ཡོད་པ་ལ། ས་ཉལ་ཚོ་བ་མཱ་ཇག་གིས་བརྒྱབས་པའི་གཏམ་ངན་ཐོས་པས། དེ་མ་ཐག་མྱུར་སྟབས་ཀྱིས་ཕ་ཡུལ་དུ་སླེབས་ཚེ། ས་ཉལ་སྟོང་དཔོན་ཚང་གི་ཤུལ་དུ་རྒན་མོ་ལོ་ལོན་མིག་མི་གསལ་བ་ཞིག་དང་དེའི་བུ་མོ་སོགས་དྭ་ཕྲུག་བྱིས་པ་བདུན་ལས་ཅི་ཡང་ལྷག་མི་འདུག་ལ། དེ་རྣམས་ལ་ས་ཉལ་བསྟན་པ་མ་བུ་གཉིས་ཀྱིས་བདག་སྐྱོང་ཙམ་བྱས་ནས་ཤིན་ཏུ་བློ་ཕམ་པའི་གནས་སུ་ལྷགས་འདུག་གོ །

      དེ་ནས་ས་ཉལ་ངག་དབང་གིས་ཁོང་གི་དགེ་རྒན་ལྷ་རམས་པ་དགེ་ལེགས་རབ་བརྟན་རྒྱ་མཚོའམ་དྷཱིཿཚ་ཨ་ལགས་ཚང་འདན་འདྲེན་ཞུས་ནས། གཤིན་པོ་རྣམས་ཀྱི་བེམ་པོ་སྦྱིན་སྲེག་གི་ཆོ་ག་བསྒྲུབས་ཤིང་། སྐབས་དེའི་ས་ཉལ་ཚང་གི་ས་ཆ་སྟེ་ཤར་ཕྱོགས་ནས་ར་རྒོད་ལ་བཞིའི་ཡན་ཆད་དང་། ལྷོ་ཕྱོགས་ནས་ཆུ་སྔོན་ཐང་ཤིང་ཚུན་ཆད། ནུབ་ཕྱོགས་ནས་བྲག་ནག་རེ་རོས་མན་ཆད། བྱང་ཕྱོགས་ནས་རོག་ཐུའི་གོང་ཁ་ཚུན་ཆད་ཀྱི་རི་ལུང་ཐང་གསུམ་ཕུལ་ནས་སྐབས་དེར་དམར་གསོད་བྱས་པའི་སྐྱེས་ཕོ་མོ་བརྒྱད་ཅུའི་དགེ་རྩར་དགོན་པ་ཞིག་འདེབས་པར་གསོལ་བ་བཏབས་པ་སོགས་དགེ་རྩ་རྒྱ་ཆེན་པོ་བསྒྲུབས།

 མཆན། དགའ་ལྡན་དར་རྒྱས་བཤད་སྒྲུབ་གླིང་ངམ་ཡོངས་གྲངས་སུ་དྷཱིཿཚ་ཆུང་བ་ཞེས་གྲགས་པའི་དགོན་པ། 

མཆན། རྡོ་སྦིས་དགེ་བཤེས་ཀྱི་ཕྱག་བྲིས་བཞུགས་པའི་ཚོགས་ཟངས།

དེ་ལྟར་མཱ་པུའུ་ཧྥང་ཁྱིམ་རྒྱུད་ཀྱིས་བཙན་འཛུལ་ལོག་སྤྱོད་ཀྱིས་གཏོར་བརླགས་བློས་མི་འཁྱུད་པ་བྱས་པའི་སའམ། རང་གི་ཕ་མ་སྤུན་མཆེད་རྣམས་དམར་གསོད་བཏང་བའི་གནས་དེར་ཤུལ་དུ་ལུས་པའི་ས་ཉལ་གྱི་ཁྱིམ་ཚང་གཅིག་ཀྱང་འདུག་མ་འདོད་པའམ་སྡོད་མ་ཚུགས་པར། མང་ཆེ་བ་བོང་སྟག་སྨད་མའི་སྡེ་ཁྲོད་དུ་སོང་ཞིང་།  འགའ་ཞིག་རྨ་ཕ་རུ་དང་། ལ་ལ་བོང་སྟག་གོང་མའི་ཁྲོད་དུ་སོང་ནས།  ཕྱོགས་ཕྱོགས་སུ་གྱེས་ཤིང་སོ་སོར་འཐོར་ནས་ན་ནིང་སྟེ་སྤྱི་ལོ་2019ལོར་ས་ཉལ་ངག་དབང་གིས་དགོན་ས་ཕུལ་ནས་བཞེངས(1937)པའི་དགོན་པ་སྟེ་དགའ་ལྡན་དར་རྒྱས་བཤད་སྒྲུབ་གླིང་ངམ། ཡོངས་གྲངས་སུ་དྷཱིཿཚ་ཆུང་བ་ཞེས་འབོད་པའི་དགོན་པ་དེར།

 ས་ཉལ་ཚོ་བ་སྤྱིས་བློ་གྲོས་དང་དཔལ་འབྱོར་མཉམ་བསྡུས་ཀྱིས་བདེ་གཤེགས་མཆོད་རྟེན་བརྒྱད་བཞེངས་གྲུབ་པའི་སྟོན་མོར་འཛོམས་པ་ནི། ས་ཉལ་ཚང་དགུ་སྟོད་ནས་ས་ཆ་སོ་སོར་སིལ་བུར་འཐོར་ཏེ་གཟི་བརྗིད་ངང་ཐམས་ཅད་ལྷན་འཛོམས་བྱུང་བའི་ཐོག་མ་ཡིན་འདུག ཅིང་། མཱ་པུའུ་ཧྥང་ཁྱིམ་རྒྱུད་ཀྱིས་ས་ཉལ་ཚོ་བར་བཙན་འཛུལ་བྱས་ནས་འདི་བར་ལ་ལོ་ངོ་གྱ་བདུན་སོང་འདུག


མཆན། ས་ཉལ་ཚོ་སྤྱིས་བཞེངས་པའི་བདེ་གཤེགས་མཆོད་རྟེན་བརྒྱད་བཞུགས་སོ། །

འཕྲོས་དོན་དེ་ཙམ་གྱིས་འཐུས་པར་བྱས་ནས་ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ། སྐབས་དེར་ས་ཉལ་ངག་དབང་གིས་མ་རྒན་དང་དྭ་ཕྲུག་རྣམས་སྙོར་སྐྱོང་བྱེད་ཆེད། རྨ་ཕ་རུའི་ཧྲོང་བོའི་བུ་རྒོད་འཁྱམས་པ་རྟ་བྷོའི་བུ་མོ་དཔལ་མོ་ཡག་ཆུང་མར་བླངས་ནས་ཁྱིམ་གཞིས་བཟུང་། མ་ཚེ་ཐར་སྐྱིད་དང་། སྤུན་འཕགས་པ་རྒྱལ་གྱི་བུ་མོ་ཁྲོ་འབུམ་སྐྱིད། དེའི་མིང་བོ་ལོ་གཉིས་ཙམ་ལོན་པ་ཨ་མས་རུམ་ནས་ཡོད་པ་ལ། མཱ་དམག་གིས་མེ་མདའ་བརྒྱབས་ནས་མ་བསད་ཅིང་བུའི་ལག་པ་རྨས་ཡོད་པ་དེ་དང་། སྲིང་མོ་ཇོ་མོ་ཟེར་བ་མེ་མདས་དཔྱི་མགོ་རྨས་པ་ཞིག བཙན་འཛུལ་བྱེད་སྐབས་གསེར་ལག་དགོན་པར་ཡོད་པའི་སྤུན་བློ་བརྟན་སོགས་ཁྲིད་ནས་བྲག་དཀར་སྤྲེལ་རྫོང་གི་ཉེ་འཁོར་དུ་སོང་རེ་ཞིག་དེ་རུ་བསྡད་འདུག་གོ །

མདོར་ན་སྤྱི་ལོ1876ལོ་ནས་ཧོས་རིགས་ཀྱི་དམག་དང་ས་ཉལ་ཚོ་བའི་བར་ལ་དམིགས་བསལ་གྱི་འགལ་བ་བྱུང་ཞིང་། ས་ཉལ་སྟོང་དཔོན་གཙོས་ས་ཉལ་ཚོ་བ་རྩ་མེད་དུ་གཏོང་བའི་བསམ་སྤྱོར་དེ་ཉིད་ཧོས་རིགས་ཀྱིས་ལོ་ངོ་བཞི་བཅུ་ལྷག་ལ་རྒྱུན་བསྐྱངས་ཏེ།  མཱ་པུའུ་ཧྥང་གི་རིང་ལ་གོ་སྐབས་དང་བསྟུན་ནས་དངོས་སུ་ལག་བསྟར་བྱས། མི་གཤིས་དང་ཡོངས་སུ་བྲལ་བའི་བཙན་འཛུལ་དྲག་གནོན་གྱི་ལོག་སྤྱོད་དེས་བུ་རྒྱུ་བཙན་གསུམ་འཛོམས་ལ། སྐབས་དེའི་སྤྱི་ཚོགས་ཀྱི་སྡིངས་ཆ་རུ་སྲིད་དང་དམག་གི་གོ་གནས་མཐོ་བའི་ས་ཉལ་སྟོང་དཔོན་ཚང་ལ་གཏོར་བརླགས་བློས་མི་འཁྱུད་པ་བྱས་ནས་ས་ཉལ་ཚོ་བ་སིལ་འཐོར་གྱི་གནས་སུ་བསྐྱལ་ཅིང་། ཕུ་ནུ་མིང་སྲིང་ཉེ་འབྲེལ་མཐུན་གྲོགས་ཐམས་ཅད་འཁྱམ་འཐོར་དང་དབུལ་ཕོངས་ཀྱི་ལོ་ཟླ་དམར་བོ་ཞིག་མགོ་རུ་ལྗིད་ཀྱིས་བཞག་པ་ཡིན་ནོ།། །།


ཟུར་བལྟའི་དཔྱད་གཞི།

1.ཉྭ་ནག་པ་བ་རེས། 《བོང་སྟག་བོང་སྟག་ལོ་རྒྱུས་བློ་ལྡན་འཇུག་ངོགས།》[M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  [M] 1996

2.ཕུན་ཚོགས།《བོང་སྟག་ལོ་རྒྱུས་བགྲེས་པོའི་ངག་སྒྲོས་རང་གྲོལ།》[M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།1994

3.བོང་སྟག་ཕུན་ཚོགས།  《བོང་སྟག་གཡུ་ལྗོངས་ཕྱུག་མོའི་ལོ་རྒྱུས་བགྲེས་པོའི་ངག་སྒྲོས་རང་གྲོལ་གྱི་གསེད་བཀྲོལ》[M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།2011

4.གངས་འཚོ། 《བདུལ་ཤུལ་ཀླུ་ཚང་།》[M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 

5.ལྷ་རྒྱལ་དང་དཔལ་རྒྱས་བློ་གྲོས། 《མགོ་ལོག་གི་རུས་མཛོད་རྒྱས་པ།》[M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  

6.三木才《千年汪什代海》[M] 青海人民出版社 1996

7.陈秉渊《马步芳家族统治青海四十年》[M] 青海人民出版社 1981

8.果毛吉青海师范大学学报(哲学社会科学版)第六期2011



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། a7yd བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  མཱ་པུའུ་ཧྥང་ཁྱིམ་རྒྱུད་ཀྱིས་ས་ཉལ་ཚོ་བར་བཙན་འཛུལ་བྱས་པའི་སྔ་ཕྱི་བར་གསུམ་ལ་ཐོག་མར་དཔྱད་པ།   སྤེལ་མཁན།: ཆོས་སྐྱོང་རྒྱལ། སྤེལ་དུས:2021/5/16
བོང་སྟག་དང་ཨ་ཚོགས་ལྷ་སྡེ་གཉིས་ཀྱི་བར་ལ་དོན་རྐྱེན་བྱུང་དུས་ནི་སྤྱི་ལོ1990སྟེ། ཞེས་པ་ 1900ལ་བཅོས།
  མཱ་པུའུ་ཧྥང་ཁྱིམ་རྒྱུད་ཀྱིས་ས་ཉལ་ཚོ་བར་བཙན་འཛུལ་བྱས་པའི་སྔ་ཕྱི་བར་གསུམ་ལ་ཐོག་མར་དཔྱད་པ།   སྤེལ་མཁན།: ཆོས་སྐྱོང་རྒྱལ། སྤེལ་དུས:2021/5/16
བོང་སྟག་དང་ཨ་ཚོགས་ལྷ་སྡེ་གཉིས་ཀྱི་བར་ལ་དོན་རྐྱེན་བྱུང་དུས་ནི་སྤྱི་ལོ1990སྟེ། ཞེས་པ་ 1900ལ་བཅོས།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23505384
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།