སྐད་འཕྲིན་རྒྱབ་ལྗོངས་ཀྱི་སྙན་ཚིག་ཐོར་བུ་འགའ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »སྐད་འཕྲིན་རྒྱབ་ལྗོངས་ཀྱི་སྙན་ཚིག་ཐོར་བུ་འགའ།
སྐད་འཕྲིན་རྒྱབ་ལྗོངས་ཀྱི་སྙན་ཚིག་ཐོར་བུ་འགའ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2021-04-06ལྟ་ཀློག (2110)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སྒོམ་ན་སྒོམ་ཚུལ་ཤེས་དགོས།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།


ཆོས་མིན་སྤྱོད་པས་འདི་སྣང་ཁོ་ནའི་ཕྱིར།།

བྲེལ་བ་རྣམས་ནི་སེམས་ཀྱི་འཕྲོ་འདུ་ལ།།

ལྟ་བའི་ལུགས་སྲོལ་གཏན་ནས་མེད་པས་ན།།

སྒོམ་པ་ཅི་ཡིན་དེ་ལ་ཅིའི་ཕྱིར་བཤད།།

 

ཐོས་བསམ་སྒོམ་པའི་ཐ་སྙད་བྱེད་རྣམས་ཀྱང་།།

དེ་གསུམ་འབྲེལ་བ་ཇི་བཞིན་ཤེས་པ་ཉུང་།།

སྒོམ་ལ་དགའ་ལོ་བྱེད་པའི་ཐོས་ཉུང་ཡང་།།

སྒོམ་གྱི་ངོ་བོ་མ་ཤེས་འཁྱམས་པ་མང་།།

 

དཔྱད་པ་ཐལ་བས་གནས་ཆ་ཆུང་བ་དང་།།

འཇོག་སྒོམ་མང་བས་དཔྱད་པ་དོར་བ་ཡིས།།

དཔྱད་འཇོག་སྤེལ་མའི་སྒོམ་ཚུལ་མ་རྙེད་པས།།

སྒོམ་ལོ་བྱས་ཀྱང་སྒོམ་གོ་ཆོད་པ་ཉུང་།།

 

མིག་ཟུང་བཙུམས་ནས་དཀྱིལ་ཀྲུང་བྱས་ཙམ་ལ།།

ཡང་དག་སྒོམ་གྱི་མཚན་ཉིད་ག་ལ་ཚང་།།

བྱིང་བ་སྒོམ་དུ་འཁྲུལ་ནས་འབད་འབད་ཀྱང་།།

རྣམ་གྲོལ་ནོར་བུའི་གླིང་དུ་ག་ལ་སླེབས།།

 

སྒོམ་ལ་དགའ་ན་སྒོམ་གྱི་ངོ་བོ་དང་།།

སྒོམ་ལ་བར་ཆད་བྱེད་པའི་བྱིང་རྒོད་དང་།།

དེ་ཡི་གཉེན་པོ་གང་དང་སྒོམ་ཚུལ་སོགས།།

ཇི་བཞིན་ཤེས་པ་གཅེས་པས་ཐོས་པ་གལ།།


 ༄༅།། སྐད་འཕྲིན་རྒྱབ་ལྗོངས་ཀྱི་སྙན་ཚིག་ཐོར་བུ་འགའ།

 

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

གནས་ལུགས་ཇི་ལྟར་བཤད་ཀྱང་མི་གོ་བའི།།

མི་ལ་སྙིང་ནས་གླེང་མོལ་བྱེད་པ་ལས།།

ལུང་དང་རིགས་པ་རྣམ་པར་དག་པ་ཡིས།

བསྡིགས་པའི་སྐྱེ་བོར་འཁོན་འཛིང་བྱེད་པ་དགའ།།

 

བསམ་བློ་མི་གཙང་ཀུན་སྤྱོད་མི་ལྡན་པའི།།

གྲོགས་པོའི་ཟོལ་ལ་རྫུ་བར་ཡིད་ཆེས་ལས།།

ཁྲེལ་དང་ངོ་ཚ་ཤེས་པའི་དགྲ་བོ་ལ།།

སེམས་ཀྱི་རང་མདངས་མ་གསང་བསྟན་ན་དགའ།།

 

བཤད་ན་སྟོང་གསུམ་ཁོག་ལ་འཁོར་བ་འདྲ།།

བསྒྲུབ་ན་ཏིལ་འབྲུ་ཙམ་ཡང་ཐེག་པ་དཀའ།།

གང་བཤད་སྙིང་བོས་དབེན་པའི་བཤད་མཁས་ཙམ།།

ངེས་དོན་མཁས་པ་དགྱེས་པའི་ཡུལ་མ་ཡིན།།



བཤད་ན་སངས་རྒྱས་འདི་ལས་མེད་སྙམ་བྱེད།།

བསྒྲུབ་ན་ཕལ་བའི་ཕལ་བ་འདི་སྙམ་བྱེད།།

ཚིག་དོན་བར་ལ་དཔག་ཚད་འབུམ་གྱིས་ཆོད།།

མཁས་རློམ་སྟོང་བཤད་མཁན་རྣམས་བཀུར་བ་དཀའ།།

 

ཐོབ་དང་གོ་ས་མིང་དང་འབྱོར་བ་ཡིས།།

ཆེན་པོར་སོང་ཚེ་སྐྱོན་ཡང་ཡོན་ཏན་དུ།།

འཁོར་ངན་རྣམས་ཀྱིས་སྒྲོ་བཏགས་གཅམ་བསྟོད་ཀྱིས།།

དགུང་ལ་འདེགས་དུས་རང་ཚོད་ཟིན་པ་གཅེས།།


 ༄༅།། མཚམས་ལན་རེར་འདི་ལྟར་ཡང་བསམ།

 

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

ཕ་མཐའ་བྲལ་བའི་འཆི་མེད་ལྷ་ལམ་མཐོངས།།

སྤྲིན་ནག་རྡུལ་གྱིས་མ་གོས་སྔོ་ཞིང་དྭངས།།

དེ་ན་ལྷོད་ཀྱིས་འཕུར་བའི་ཁྲུང་ཁྲུང་ཁྱུ།།

ཁྱེད་ཚོ་ནམ་ཞིག་གང་ནས་ངལ་གསོ་བགྱི།།

 

དྲན་ན་སྐྱིད་ཅིང་གླེང་ན་དགའ་ཡང་ཆོག།

ས་ཆེན་བསྒུལ་བའི་དོན་ཆེན་མེད་ཀྱང་རུང་།།

རང་གི་མི་ཚེ་ཤུལ་ལམ་རིང་མོ་དེར།།

ཕྱི་མིག་བལྟས་ན་རྐང་རྗེས་རི་མོ་མང་།།

 

གཞན་ཡིད་ཚིམ་པའི་བྱས་རྗེས་མེད་ཀྱང་ཆོག།

དམ་པས་བསྔགས་འོས་ལས་དོན་མེད་ཀྱང་རུང་།།

རང་གིས་ཐོབ་པའི་དལ་བའི་རྟེན་བཟང་འདི།།

རང་མགོ་མ་གཡོགས་གཅེས་ན་དེ་ཀ་ཡིན།།

 

མི་དལ་མི་མགྱོགས་ལོ་ཟླའི་གོམ་སྟབས་ཀྱིས།།

སྐྲ་དཀར་གཉེར་མ་ཐོད་ལ་བཀོད་པའི་ཚེ།།

རང་གི་སེམས་ལ་དྲིས་ན་འགྱོད་དགོས་པའི།།

བྱ་ངན་མེད་ན་མི་ཚེ་དོན་ལྡན་ཡིན།།


༄༅།། སྐྱོ་བ་ཐོལ་བྱུང་མ།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

རལ་བ་སྟུག་པོའི་ཁུར་བོ་ལྕི་ཡང་སྔགས་ལ་མི་མཁས་སྔགས་པ་འགའ་ཡིས་གསང་སྔགས་ཟབ་མོའི་དགོངས་དོན་དཀྲུགས།།

ངུར་སྨྲིག་གོས་བཟང་ལུས་ལ་བགོས་ཀྱང་སྡོམ་ཁྲིམས་མི་སྲུང་སེར་གཟུགས་ལ་ལས་འདུལ་ཁྲིམས་དམིགས་མེད་དབྱིངས་སུ་བོར།།

རིན་ཆེན་གསེར་གྱི་ཁྲི་ལ་འགྱིང་ཡང་ཆོས་གཞུང་མི་ཤེས་བླ་མའི་ཁུར་འཛིན་སྙིང་རྗེ་རྒྱ་མཚོའི་ཀློང་དུ་དོར།།

འབངས་མི་སྐྱོང་བའི་དཔོན་པོར་བསྐོས་ཀྱང་ཁྲིམས་མེད་ལུགས་མེད་མངའ་འབངས་མནར་བའི་དུས་ངན་སྙིགས་མ་ལྔ་བདོ་འདི།།

བསམས་ཤིང་བསམས་ན་བཙུན་གཟུགས་ང་ཡང་ལྷག་པར་སྐྱོ་བས་ཤེས་པ་འཕྱོ་ཞིང་ཐུབ་དབང་དྲན་པའི་མཆི་མ་འཁྲིགས།།

༼འདི་དེང་དུས་ཀྱི་སྣང་ཚུལ་འགའ་ཞིག་མཐོང་བས་སེམས་སྐྱོ་སྟེ་ཐོལ་བྱུང་དུ་ཤོར་བ་ལས། སུ་གང་ཞིག་ལ་ཆེད་དུ་དམིགས་ནས་ཟུར་ཟ་བྱས་པ་མིན་པས་ཆེན་པོའི་རིགས་རྣམས་ཐུགས་མི་ཁྲོ་བར་ཞུ་ལགས།༽


རྩོམ་ཡིག་མཁོ་སྤྲོད་པ། བྱམས་པ་དོན་གྲུབ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། xvn2 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23532093
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།