ཤར་སྐལ་ལྡན་རྒྱ་མཚོའི་ཞལ་གདམས་མགུར་མ་བཞུགས་སོ། །
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 4 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» གནའ་རྩོམ། »ཤར་སྐལ་ལྡན་རྒྱ་མཚོའི་ཞལ་གདམས་མགུར་མ་བཞུགས་སོ། །
ཤར་སྐལ་ལྡན་རྒྱ་མཚོའི་ཞལ་གདམས་མགུར་མ་བཞུགས་སོ། །
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2021-03-19ལྟ་ཀློག (5749)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅། །ཞལ་གདམས་མགུར་མ་བཞུགས་སོ། །


ཤར་སྐལ་ལྡན་རྒྱ་མཚོས་མཛད། 

     ༀ་སྭ་སྟི། དཔལ་བེའུ་བཀྲ་ཤིས་གཡུང་དྲུང་མངའ། །སྐུ་མཐོང་བ་ཙམ་གྱིས་དགའ་བདེ་སྟེར། །རྗེ་ཐོས་པ་དགའ་དང་དབྱེར་མེད་པའི། །ཕ་ཆོས་པ་ཐུགས་རྗེ་ཅན་གྱིས་སྐྱོངས། །སྔོན་རྒྱ་གར་ཡུལ་གྱི་པཎ་གྲུབ་གཙོ། །དཔལ་རྒྱལ་བའི་སྲས་པོ་ཞི་བ་ལྷ། །དུས་དེང་སང་རྒྱལ་སྲས་རིན་པོ་ཆེ། །མཚན་དྲན་པའི་མོད་ལ་དད་པ་སྐྱེས། །མགོན་སྐྱབས་གནས་དེ་ཉིད་བཀའ་དྲིན་ལས། །གནས་དབེན་པ་གང་འདོད་སྟེན་དུ་བྱུང་། །དུས་ད་རེས་ས་ཕོ་སྤྲེལ་ལོ་ལ། །ས་བདེ་ལ་ཡངས་པའི་རི་ཁྲོད་བསྟེན། །ཕུ་དཀར་ཕྱོགས་སྐྱོང་བའི་གཞི་བདག་གནས། །མདའ་དད་དང་ལྡན་པའི་ཡོན་བདག་མང་། །མཐའ་གངས་རིའི་ཕྲེང་བས་ཡོངས་སུ་བསྐོར། །གནས་རི་ཐང་མཚམས་ནས་ཉམས་དགའ་བ། །བྱ་སྣ་ཚོགས་སྙན་པའི་གླུ་ལེན་ཞིང་། །ཆུ་བཟང་ལ་རིག་པ་དྭངས་པའི་མཐར། །རི་སྤང་ཤུག་བྲག་གིས་བརྒྱན་པ་ན། །ངེད་རི་བ་མང་བོ་ལྷན་ཅིག་ཚོགས། །དུས་ཕལ་ཆེར་དགེ་སྦྱོར་གང་ནུས་སྐྱོང་། །སྐབས་ལ་ལར་འདི་འདྲའི་གླུ་དབྱངས་འཐེན། །ཕ་བླ་མའི་བཀའ་དྲིན་ལྷག་པར་ཆེ། ། དུས་ཉིན་བཞིན་གསོལ་བ་བཏབ་ན་ལེགས། །མཆོག་ཐུན་མོང་དངོས་གྲུབ་གང་འདོད་པ། །ལར་འབད་བརྩོན་མེད་པར་ངང་གིས་འབྱུང་། ། རྟེན་དལ་འབྱོར་རྙེད་པར་དཀའ་བ་དང་། །དེ་ཡུན་རིང་མི་སྡོད་འཇིག་པའི་ཚུལ། །རང་སེམས་ཐོག་སྐོར་ལ་ཡང་ཡང་སོམས། །དེ་གནད་དུ་སོང་ན་ཆོས་འགོ་འཛིན། །ལས་རྒྱུ་འབྲས་ཕྲ་ཞིབ་མི་བསླུ་བས། །དགེ་གང་ནུས་སྒྲུབ་ཅིང་སྡིག་པ་སྤོངས། །མཐོ་སྲིད་པའི་རྩེ་ནས་མནར་མེད་བར། །གནས་འཁོར་བ་འདི་རུ་མི་སྐྱེ་བར། །གདོང་བཟང་བོ་ད་ལམ་ཨེ་རྙེད་ལྟོས། །དེ་རྙེད་ན་འདུན་མའི་ཡང་རྩེར་ཕྱིན། །ཁོམ་སེམས་ཅན་ཐམས་ཅད་ཕ་དང་མ། །དྲིན་བཟང་བོའི་ལན་དུ་བྱམས་སྙིང་རྗེ། །གང་སྒོམ་པ་དེ་ལ་བྱང་སེམས་ཟེར། །ཆོས་བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །ལམ་ཕར་ཕྱིན་དྲུག་དང་བསྡུ་དངོས་བཞི། །དུས་རྒྱུན་དུ་ཉམས་ལེན་མཐིལ་བྱས་ན། །མི་དེ་ལ་སངས་རྒྱས་བྱང་སེམས་ཀུན། ། དུས་རྟག་ཏུ་མ་བུ་བཞིན་དུ་སྐྱོང་། །མགོན་སྟོན་པ་སངས་རྒྱས་བཅོམ་ལྡན་འདས། །ཆོས་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གསུངས། །བཅུད་སྟོང་ཉིད་སྙིང་རྗེའི་སྙིང་བོ་ཅན། །འདི་བཀའ་ཕྱག་གཉིས་ཀའི་སྒོམ་ཁྲིད་གཙོ། །འདི་ཉིན་རེ་བཞིན་དུ་སྒོམ་དེ་ལ། །ལྷ་ཡི་དམ་ཚོགས་ཀྱིས་དངོས་གྲུབ་སྟེར། །དཔལ་ཆོས་སྐྱོང་སྲུབ་མས་བར་ཆད་སེལ། །འདི་རང་དང་གཞན་ལ་ཕན་ཕྱིར་དུ། །དུས་དེ་རིང་ཉམས་དགར་གླུ་རུ་བླངས། །གླུ་འདི་འདྲ་ལེན་ན་རི་ལ་ཤོག །དགེ་འདིས་ཀྱང་རང་གཞན་ལ་ཕན་ཤོག །ཅེས་པ་འདི་ཡང་སྐལ་ལྡན་རྒྱ་མཚོས་རང་ལོ་དྲུག་ཅུ་རེ་གཉིས་པ་ལ་བདེ་ཡངས་ཕུའི་རུ་ཁྲོད་བཀྲ་ཤིས་ཉམས་དགར་བྲིས་པའོ། །  

གསར་འགོད་པ་འཇིགས་མེད་གྲགས་པ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། sphv བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23574896
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།