ལོ་སར་ལ་བཀྲ་ཤིས་བདེ་ལེགས།
འཇིགས་མེད་རྡོ་རྗེ།
དམ་ཆོས་ཉི་མ་འོད་པོ་ཆེ།།
ལུང་རྟོགས་གདམས་པའི་མཛོད་འཆིང་པ།།
འཕགས་མཆོག་སྤྲུལ་བའི་གར་བསྒྱུར་མཁན།།
སྨྲ་བའི་དབང་བོ་གཙུག་གིས་བསྟེན།།
ལྟ་བ་རྟེན་ཅིང་འབྲེལ་འབྱུང་བ།།
སྤྱོད་པ་འཚེ་མེད་ཞི་བདེའི་ལམ།།
ལས་འབྲས་བསླུ་མེད་སྐྱབས་ཀྱི་མཆོག།
བདག་གི་བཤེས་ཁྱེད་ཕྱག་གི་ཡུལ།།
འཆད་ལ་ཐོག་མེད་སྨྲ་བའི་སེང་།།
རྩོད་ལ་འགྲན་མེད་རིག་པའི་བུ།།
རྩོམ་ལ་དབྱངས་ཅན་ངག་གི་དཔལ།།
ང་ཡི་བླ་མ་སྐྱོབ་པའི་མགོན།།
གནམ་ལོ་གསར་བའི་དུས་བཟང་ལ་སྐུ་ཚེ་རྒྱལ་མཚན་བརྟན་ཞིང་ཐུགས་བཞེད་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་སྨོན་ཚིག་དང་བཅས་སློབ་འབངས་ཡོངས་ཀྱི་གྲལ་མཐའ་བ་སྨན་དམིགས་བུའམ་འཇིགས་མེད་རྡོ་རྗེ་རུ་འབོད་པས་གུས་ཕུལ།
ལོ་སར་ཤིས་ཚིག་དུང་གི་སྒྲ་དབྱངས།
སྨར་ཁམས་པ་པད་དཀར་འབངས་ཀྱིས།
རྡུལ་དམར་བྱུགས་པའི་ཉི་གཞོན་འཛུམ་པ་དབང་ཕྱོགས་རི་ནས་ཚེས་པ་ཡིས། །
གླིང་བཞིའི་མཁའ་ཡི་པགས་པ་འཐུག་པོ་འོད་ཟེར་དྲ་བས་དྲས་པ་བཞིན། །
གྲུ་འཛིན་རི་ཡི་སྤོ་ལ་འགྱིང་བ་འཕྲོག་བྱེད་དཀར་བོའི་ངར་སྐད་ཀྱིས། །
སྲོག་གནས་མྱོས་པའི་མི་བསྲུན་ཡིད་ལ་འཇིགས་བརྒྱ་སྟེར་བའི་དགེ་ལེགས་བཀྱེས། །
ལེགས་བྱས་དེ་ཡིས་ཁ་བའི་མེ་ཏོག་རྐང་བར་བཀོད་པའི་རིགས་ཅན་གྱི། །
དཔྱོད་ལྡན་རྣམས་དང་དཔུང་བ་སྐྱེས་དག་དཔལ་དང་གྲགས་པས་རྒྱགས་པ་དང་། །
ལོ་མང་ཁུར་བའི་སྲོག་གི་ཀ་བ་བྲག་གི་ཁོང་གསེང་ལ་བཅོལ་ནས། །
ལང་ཚོའི་མཛེས་ལྡན་གཞོན་ནུའི་ཚོགས་ཀྱིས་རང་རིགས་སྲུང་བའི་ཚུགས་ཐུབ་ཤོག །
མུ་ཁྱུད་ལྟ་བུའི་ཀེ་ལ་ཤ་ཡང་རང་མདངས་དཀར་བོ་མ་ནོགས་ཤིང་། །
འགྱུར་སྐད་སྙན་པའི་ནགས་མའི་ཀླུང་ན་གཡུ་ཡི་ཡལ་ག་འབྲས་བུས་དུད། །
ཤོད་ཀྱི་སྤང་ལ་གནག་ཕྱུགས་ཁྱབ་པ་སྤྲོ་དགའི་ཡོ་ལང་དར་བ་ཡིས། །
ལྕགས་གླིང་ལོ་ཡི་ཟླ་བའི་ཕྲེང་བ་བཀྲ་ཤིས་སྟོང་གིས་འཕྱུར་བར་ཤོག །
གནམ་ལོ་གསར་བའི་སྨོན་ལམ་གཙང་མ།
ཀླུ་བློ་དར།
སྒྲིབ་གཉིས་ཀུན་སྤངས་ནམ་མཁའི་ཁྱོན་ཡངས་པོར། །
ཤེས་བྱ་ཐམས་ཅད་མངོན་སུམ་ཡུལ་དུ་གནས། །
ཇི་ལྟ་ཇི་རྙེད་མཁྱེན་པས་འགྲོ་བའི་མགོན། །
རྐང་གཉིས་གཙོ་བོ་ཁྱོད་ལ་སྐྱབས་སུ་མཆི། །
ཐུབ་པའི་བསྟན་པ་ཡུན་རིང་གནས་པ་འདི། །
བསྟན་འཛིན་སྐྱེས་བུ་རྣམས་ཀྱི་བཀའ་དྲིན་ཡིན། །
ཀླུ་སྒྲུབ་ཐོགས་མེད་ཟླ་བ་གྲགས་པ་སོགས། །
རྒྱ་གར་པཎ་གྲུབ་རྣམས་ལ་གུས་པས་འདུད། །
བོད་ཡུལ་མུན་པའི་གླིང་འདིར་སྒྲོན་མེས་སྒྲོན། །
དམ་ཆོས་འོ་མཚོ་བོད་པའི་ཡུལ་ནས་འཁྱིལ། །
ལམ་སྒྲོན་ལམ་རིམ་ལ་སོགས་རིམ་གྱིས་མཛད། །
བཀའ་གདམས་བླ་མ་རྣམས་ལ་གསོལ་བ་འདེབས། །
སྔོན་བྱུང་མཁས་པའི་མཛད་རྣམ་ཇི་བཞིན་དུ། །
རྗེས་འཇུག་སློབ་མའི་ཉམས་ལེན་ལེགས་པར་མཛད། །
དད་པའི་ཨ་ལོང་གཡོ་མེད་ལྷུན་པོ་བཞིན། །
རྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །
སྙིགས་དུས་དམ་ཆོས་ལས་སུ་མཛད་པ་འདི། །
བྱང་ཆུབ་སེམས་དཔའ་ཡིན་པའི་རྟགས་སུ་ངེས། །
ཉིན་མཚན་དབྱེར་མེད་ལས་ཀྱི་མཛད་པ་མཆོག །
སྨྲ་མཁས་བཤེས་གཉེན་རྣམས་ཀྱི་ཞབས་ལ་འདུད། །
སྲོག་ལྡན་སྐྱེ་འགྲོ་བཟང་ངན་ཐམས་ཅད་ཀྱང་། །
སྔོན་བསགས་ལས་ཀྱི་བཀོད་པ་སྣ་ཚོགས་ཀྱིས། །
ལུས་སྦྱིན་མཁན་དང་འབྲེལ་མེད་གཅིག་ཀྱང་མེད། །
དྲིན་ཆེན་ཕ་མའི་བཀའ་དྲིན་མཚུངས་ཟླ་གྲལ། །
ཡོངས་ཀྱིས་བཀུར་བའི་འགྲོ་བའི་བླ་མ་དང་། །
པཎ་གྲུབ་བཅུ་བདུན་གྲུབ་ཆེན་བརྒྱད་ཅུ་སོགས། །
བཀའ་གདམས་སྐྱེས་བུ་དམ་པ་རེ་རེ་འང་། །
བྱམས་ལྡན་ཕ་མའི་དྲིན་ལས་མ་འདས་སོ། །
སྤྱི་གཙུག་དད་པའི་ཞིང་ས་དཀོན་མཆོག་གསུམ། །
ལས་དང་རྒྱུ་འབྲས་སེམས་ཀྱི་སྟེང་དུ་སྨིན། །
གནམ་ལོ་གསར་བ་ཚེས་པའི་དུས་བཟང་འདིར། །
སྐྱེ་རྒུ་ཡོངས་ལ་ནད་མེད་ཚེ་རིང་ཤོག །
ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ།
སྟོབས་ལྡན་རྒྱལ།
བཀྲ་ཤིས་རྟགས་བརྒྱད་གཡང་ཁྱིམ་རྟེན་དུ་ཚེས།
བཀྲ་ཤིས་བདེ་ལེགས་བསྐལ་བའི་རྒྱན་དུ་ཤར། །
བཀྲ་ལ་བཀྲ་ཤིས་འཁྲུངས་བའི་གནམ་ལོ་ལ།།
བཀྲ་ཤིས་འཕེལ་བའི་ལེགས་ཚོགས་སྟོང་གིས་མཆོད། །
ཚེ་རིང་སྲུང་འཁོར་རིགས་དྲུག་ཀུན་ལ་སྨིན། །
ཚེ་རིང་ལོ་བརྒྱ་སྐྱེ་རྒུའི་ལུས་སུ་འཁོར། །
ཚེ་རིང་རྣམ་དྲུག་རྟག་བརྟན་འགྲོ་ལ་འཁྲུངས།
ཚེ་རིང་ཚེ་འཁོར་ཚེ་གཡང་དུས་ཀུན་ཤོག །
ལོ་གསར་བཟང་།
སྤྲེལ་རིན་བཟང་གིས།
འཇིགས་སྣང་ཁ་ཐུམ་རྒྱབ་པའི་ལྕགས་བྱི་ལོ།།
པྲོག་གསར་ནད་དུག་བཅས་ཏེ་བདེ་མོ་བྱོས།།
རེ་བ་སྟོང་གིས་བྱུག་པའི་ལྕགས་གླང་ལོ།།
ལྷ་དར་དཀར་བོ་ཞིག་གིས་བསུ་མ་བྱེད།།
གནམ་ལོ་གསར་དུ་ཚེས་པའི་རྟེན་འབྲེལ་གྱིས།།
བཤེས་གཉེན་དམ་པའི་མཛད་འཕྲིན་རྒྱས་པ་དང་།།
མ་ཡུམ་སློབ་གྲྭའི་མཚན་སྙན་རབ་འབར་དེ།།
ཆོལ་གསུམ་སྤུན་ཟླའི་འདོད་དོན་ལྷུན་འགྲུབ་ཤོག།
བཀྲ་ཤིས་གཡང་གི་ཚེས་པའི་ལོ་གསར་ནང་།།
དྲིན་ཅན་ཕ་མའི་སྐུ་གཟུགས་བདེ་ཐང་དང་།།
ཕུ་ནུ་མིང་སྲིང་རླུང་རྟ་ཡར་དར་བའི།།
བཀྲ་བདེ་ལེགས་གངས་ཅན་བོད་ལ་ཞུ།།