རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་ལ་ཞུ་འབུལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་ལ་ཞུ་འབུལ།
རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་ལ་ཞུ་འབུལ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2021-01-28ལྟ་ཀློག (5981)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

<<རླབས་ཆེན་གྱི་བྱ་བཞག་འདིས་རླབས་ཆེན་གྱི་མི་སྣ་མཚོན།>>


----- དཔེ་ཀློག་མྱོང་ཚོར་རྩོམ་འབྲི་དང་ལྷན་དུ།

         རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་ལ།

 

རྩོམ་འབྲི་པ།  མ་དྲུག  མཚོ་ལྷོ།


  སློབ་དཔོན་ལགས།  ཁྱེད་ནི་ཤཱཀྱའི་དགེ་སློང་ཞིག་ཡིན་པ་ལས། སྤྲུལ་བའི་སྐུ་ལོ་ཞིག་ཡིན་རབས་མེད། འདི་ནི་ཁྱེད་ཀྱི་རྩ་བའི་ཐོབ་ཐང་ཡིན།  ཁྱེད་རང་གོས་ཀྱིས་མ་བཏུམས་ལ་ཁྲི་ཡིས་མ་བཏེགས་པའི་གྲྭ་རྐྱང་དཀྱུས་མ་ཞིག་ཡིན་ལ།  བོད་ཕྲུག་ཡིག་རྨོངས་ཚོའི་ལམ་སྟོན་དགེ་རྒན་ཞིག་ཡིན་ཟེར།

  དམིགས་ཀྱིས་བཤད་ན། འཁྲུངས་པའི་ངོ་མཚར་གྱིས་ས་ཆེན་གཡོགས་པའི་རྣམ་ཐར་ཡོད་པ་གོ་མ་མྱོང་།  ཚེགས་མེད་ཀློང་དུ་རྡོལ་ཏེ་ཡོད་ཚད་མཁྱེན་པའི་གྲུབ་ཐོབ་ཞིག་ཀྱང་མིན་ལ།  གོ་ཐོས་སུ་ངན་ངོན་དང་དཀའ་བ་རེག་པའི་སློབ་མ་སྡུག་རུས་ཅན་ཞིག་ཡིན་ཟེར།  དཔེ་ཁུག་ལ་ལྷན་པ་ཡོད་པའི་སློབ་མ་དཀའ་ངལ་ཅན་ཞིག་ཡིན་ཟེར།

འདི་ལྟར་སྤྱིར་བཏང་གིས་སློབ་ལ་བརྩོན་ཏེ་རིམ་བཞིན་སློབ་ཆུང་དང་དམའ་འབྲིང་།  མཐོ་འབྲིང་དང་སློབ་ཆེན་སོགས་འགྲིམས་མྱོང་བ་ཞིག་ཡིན།

  འདི་ལྟར་དཀའ་སྡུག་གང་མང་ཞིག་ལས་ཁྱེད་ཉིད་ནར་སོན་ཅིང་།    ངེས་འབྱུང་རྣལ་མ་ཞིག་ལས་རབ་ཏུ་བྱུང་བ་ཡིན།  གྱ་གཉིས་ལོར་སྐུ་འབུམ་ནས་རབ་བྱུང་མཛད་དེ་བླ་བྲང་ནས་སློབ་གཉེར་བྱས་ལ།  བླ་མ་མཚན་ལྡན་ལས་གཞུང་ལུགས་ཁུངས་ལྡན་སྦྱངས་ཏེ་ཐུགས་རྒྱུད་གདམས་པས་གཏམས་ཡོད།  དེ་དུས་ཁྱེད་ལ་གྲུབ་མཐའི་ཕྱོགས་རིས་མེད།  ཀུན་ལ་ཉེ་རིང་མེད་ཅིང་རང་གཞན་ཁྱད་པར་མེད། ད་དུང་ཉིན་མཚན་དབྱེར་མེད་ལ་དཀའ་བ་སྤྱད་པའི་སྟོབས་ཀྱིས་སྤྲུལ་སྐུའི་སློབ་གླིང་ཞིག་ཏུ་འགྲོ་ཐུབ་སོང་།   སློབ་གླིང་དེ་ནི་ཁྱེད་ལ་གདམས་ངག་ཐོག་མ་སྟེར་བའི་བླ་མ་སྟེ་པཎ་ཆེན་བཅུ་པའི་ཐུགས་མཚོ་ལས་འཁྲུངས་པའི་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ཡིན།      སློབ་གླིང་དེ་ནས་ཁྱེད་ཀྱིས་རྟེན་འབྲེལ་གྱི་གནད་རྟོགས་ལ་ཕུགས་བསམ་གྱི་དབུ་བརྙེས་ཡོད།

  ཡིན་ཡང་།  ཁྱེད་ལ་ཐོབ་ཐང་མི་དགོས།  མཐོ་རིམ་དགེ་རྒན་གྲལ་དུ་མ་བཞུགས།  ཁྱེད་ཀྱིས་རྒྱུ་འབྱོར་མ་བསམས། ཚད་ལྡན་གཞུང་གི་གླ་ཕོགས་ལ་མ་ཆགས།  ཁྱེད་ཀྱིས་སྙན་གྲགས་མ་འདོད།  བོད་ཀྱི་སྤྲུལ་སྐུའི་ཡོངས་འཛིན་མི་བྱེད། ད་ནི་ཁྱོད་ཀྱིས་ཅི་ཞིག་བསམ་པ་ཡིན།   

  ཁོར་ཡུག་གིས་མི་མནར་བའི་རྒྱལ་ས་པེ་ཅིན་ནས་ལས་བྱེད་དངོས་མའི་གྲལ་ཀྱང་མ་བསྡད། ཁྱེད་ཀྱིས་འདི་དག་ཡོད་ཚད་ཕངས་མེད་དོར་ཏེ་ལག་སྟོང་མཆན་སྟོང་གིས་ས་གཞི་ཡངས་མོ་ཞིག་དེད་ནས་ལམ་ལ་ཆས་ཤིང་།  ནམ་མཁའ་དོག་མོ་ཞིག་བསྣམས་ནས་ཕྱིར་ཕ་ཡུལ་ལ་ལོག   

  ད་ནི་རྒྱུ་གྲགས་ཐོབ་གསུམ་སོགས་ཡོད་ཚད་བློས་བཏང་སྟེ།   ཁྱེད་ཀྱིས་མ་དངུལ་སྟོང་ཚོ་གསུམ་ལ་བློ་གཏད་དེ་ས་བརྐོ་རྡོ་སློག་གི་ལས་ཀ་གསར་བ་ཞིག་གི་མགོ་བརྩམས།      དེ་དུས་ཁྱེད་ལ་གནམ་ས་སྒུལ་བའི་ཐུགས་བཀོད་འདི་འདྲ་ཞིག་ཡོད་པ་སུས་རྟོགས།   དེ་དུས་ཁྱེད་ནི་དཔག་བསམ་ཤིང་བཞིན་འགྲོ་ལ་ཕན་ཞིང་བཀུར་བར་འོས་བ་ཞིག་ཡིན་པ་སུས་དཔྱོད།

  འདི་ལྟར་ཉམ་ཆུང་མི་རིགས་ཤིག་དང་ཉག་ཕྲའི་རིག་གནས་ཤིག་གི་རྒྱུན་གསོས་ཏེ།  སྔ་ན་མེད་པའི་ཉི་མ་གཞོན་ནུ་ཞིག་ཨ་མདོའི་མགོ་ལོག་རྭ་རྒྱ་ནས་འཆར་དུ་བཅུག   བགྲང་བྱ་གསུམ་ལ་ཁྱོད་ཅག་དགེ་སློབ་དུ་མས་འབད་འབད་མཐར་སློབ་གྲྭའི་ཕྱིའི་ལྕགས་རི་བརྡུངས་ཏེ་བསམ་ཡས་སྒྲ་བསྒྱུར་གླིང་དང་ཕོ་བྲང་ཡུམ་བུ་བླ་མཁར་གཉིས་ཀྱི་རྣམ་པའི་སྒོ་ཆེན་འགྲུབ་སྟེ།   གོ་བཞི་ལོའི་དགུན་མཇུག་ཞིག་ལ་“ཤེས་རིག་ནོར་བུའི་གླིང་”ཞེས་མཚན་བཏགས་དེ་གསེར་འོད་ལམ་ལམ་གྱི་སྒོ་བྱང་དེ་དངོས་སུ་བཀལ།   

དེ་ནས་བཟུང་།  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ཞེས་པ་དངོས་སུ་མི་ཡུལ་དུ་འཁྲུངས་ཤིང་མཛད་འཕྲིན་རྒྱས་པའི་རྟེན་འབྲེལ་གྱི་སྒོ་མོ་ཕྱེས།   

   དེ་མིན་སྔོན་བསགས་སྨོན་ལམ་བཟང་བའི་མཐུ་ལས་བྱུང་བའི་དཔའ་བོའི་དཔུང་རོགས་ལྟ་བུར་ཡང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་བཛྲ་ཚུལ་ཁྲིམས་རྒྱ་མཚོ་དང་།   སློབ་དཔོན་ཆེན་པོ་ལྡོང་ཡོན་ཏན་རྒྱ་མཚོ་སོགས་སློབ་གླིང་འདིར་སྟག་སེང་ཁྱུང་འབྲུག་ལྟར་རླུང་རྟ་སྡེ་བཞིའི་དཔུང་འཛོམས་ཤིང་།  མཐུན་པ་སྤུན་བཞི་བཞིན་འགལ་མེད་དཔུང་རོགས་ཀྱི་དམ་པ་ཞལ་འཛོམས་བྱུང་སྟེ།ཁྱེད་ཀྱི་བརྩེ་བའི་ཉི་འོད་དལ་གྱིས་མཆེད་དེ་མདོ་དབུས་ཁམས་གསུམ་དང་གོ་ལ་གཞན་དུའང་འོད་ཀྱིས་ཁྱབ་ལ་དྲོད་ཀྱིས་འཚོ་བ་བྱས། 

  འདི་ལྟར་ཁྱེད་ཀྱིས་ས་ཆེན་འདིར་ལོ་རྒྱུས་གསར་བ་ཞིག་གི་ཁ་ཕྱེས་ལ།  ཟིན་ཐོ་གསར་བ་ཞིག་གི་ཤིང་རྟའི་སྲོལ་འབྱེད་དུ་གྲགས།       ད་དུང་ཉམ་ཆུང་སྨན་ཤར་སྟོང་གི་མདུན་ལམ་ལ་དགོངས་ཏེ་ཁྱེད་ཀྱིས་ཤ་ཐང་ཐང་གིས་འབད་འབད་མཐར་གོང་རིམ་གྱི་ཆོག་མཆན་ཐོབ་སྟེ་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་ཟེར་བ་ཞིག་ཀྱང་བསྒྲུབས་སྟེ།

   འབྲོང་རྒོད་ལྟ་བུའི་བུ་ཕྲུག་རི་ཤོར་འགའ་དང་། ཡིག་ངོ་མི་ཆོད་པའི་རྫི་བོ་ལང་ཤོར་འགའ།   བུ་མོ་གནས་འགྲོ་མ་འགའ་དང་འབྲོག་མོ་ལྕི་ཕུད་མ་གང་མང་ཞིག་ནི་སྨྱུག་གུ་འཛིན་པའི་དགེ་རྒན་དང་ཚོང་བ།  བསམ་བློ་བ་དང་སྙན་ངག་པ།   ཕྱི་འགྲིམས་པ་སོགས་གང་མང་དུ་བསྒྱུར།

   འདི་ལྟར་ཁྱེད་ཀྱིས་རང་གི་བདེ་སྐྱིད་དེ་གཞན་ལ་ཕུལ།  གཞན་གྱི་མི་འདོད་དཀའ་སྡུག་བདག་གིར་བཞེས།  འདི་ནི་ཁྱོད་དང་གཞན་གྱི་ཁྱད་པར་རོ། །

  གོ་ཐོས་སུ།  ཁྱེད་རང་རྒྱ་སྲང་ནས་ཉལ་ཞིང་ཆུ་རྐྱང་ཁར་རྩམ་སྐྱ་བཏབ་སྟེ་འཐུང་འདུག་ཟེར།   གཞན་གྱིས་སྒོར་རྡོག་བཅུ་ཕུལ་ཡང་གཞུང་ལ་སྤྲད་དེ། ཐུག་པ་དཀར་ཡོལ་གང་འཐུང་བའི་སྒོར་མོ་ཡང་མེད་པར་ཨམ་ཕྲག་སྟོང་བ་ཉིད་ཀྱི་སྤྲང་བོ་ཡིན་ཟེར།   གཞན་གྱིས་བསྙོན་འདོགས་ཟུར་ཟ་གང་མང་བྱས་ཏེ་སྐྱོ་བའི་དུང་ལ་ལྷུང་མྱོང་ཟེར།   མི་རྐྱང་རྟ་རྐྱང་ལ་རྒྱ་རྐུན་འགས་གཅར་རྡུང་བྱས་ཏེ་ལག་ཀྱི་སྒོར་མོ་འཕྲོག་ཅིང་སྨན་ཁང་དུ་བསྐྱལ་མྱོང་ཟེར།  མགོ་དང་དཔུང་བར་རྐུན་མས་ལྕགས་དབྱུག་གཞུས་ཏེ་རྨ་ཤུལ་བཏོད་ཡོད་ཟེར། ངལ་བས་དུབ་པས་ག་ས་གང་སར་མགོ་ཡོམ་འཁོར་ནས་ས་ལ་འགྱེལ་མྱོང་ཟེར།    སློབ་གཙོ་འཇིགས་མེད་ཅེས་པའི་མིང་བཏགས་མཐོ་རུང་སྒོར་མོ་བརྒྱ་ཡི་ལྷམ་ཞིག་གོན་ཡོད་རབས་མ་ཐོས་ཟེར། ད་དུང་མང་པོ་མང་པོ་ཞིག   གང་ལྟར་ཁྱེད་ཀྱིས་མྱངས་པའི་དཀའ་སྡུག་དག་གོ་སྟེ།   འཇམ་དབྱངས་བཞད་པས་སྤྱན་ཆབ་བསིལ་ངེས།  གུང་ཐང་བླ་མས་ཐུགས་འཇགས་འཚལ་ངེས།  ཆོལ་ཁ་གསུམ་གྱིས་དབུགས་རིང་འབྱིན་མྱོང་ཡོད།

   ཀྱེ་མ་ཧོ།  དེ་དུས་འཇིག་རྟེན་འདིར་ཁྱེད་ལས་སེམས་པ་སྐྱོ་བའི་བརྩེ་ལྡན་སུ་ཞིག་མཆིས།   མ་མཆིས་སོ།།

  ང་ཡིས་ཁྱེད་ཀྱི་ཡིད་དབང་འཕྲོག་པའི་གཏམ་རྒྱུད་གང་མང་ཡིག་ངོར་འཕབ་འདོད་རུང་ཚིག་འབྲི་ལ་རྨོངས་པས་འབྲི་མ་ཕོད།  རྩོམ་འབྲི་ལ་ཞན་པས་བཀོད་མ་ནུས།   གང་ལྟར་ཡིག་འབྲི་གཉིས་ཀྱི་གཟུངས་སྔགས་སུ་འདུས་ན།   དེ་ནི་བྱམས་བརྩེ་རེད།   ཁྱེད་ཀྱིས་བསྐྲུན་པའི་བྱམས་བརྩེ་རེད་ལགས་སོ། །

  སྔོན་ཆད་ཀྱི་འབྲུ་དྲུག་ཐང་ན་དཀོན་པའི་རིག་གནས་ཀྱི་གླིང་ག་ཆེ་ཆུང་དུ་མ་ལས་ཀྱང་།   གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་མགོ་ལོག་དང་མཚོ་སྔོན་གྱི་ས་ཐིག་སྔ་མོ་ནས་བརྒལ་ཟིན་ལ།  ད་ནི་བོད་ཡུལ་གངས་ཀྱི་མུ་ཁྱུད་ཀྱིས་ཀྱང་མ་ཁོག་པར་ནུབ་རྒྱ་མཚོ་ཆེན་མོའི་རླབས་ངོགས་ལ་རྩེན་པའི་དུས་སྐབས་སུ་བགྲོད་ལ།  ཁྱེད་ཀྱི་ཤེས་རབ་ལས་འཁྲུངས་པའི་གངས་ལྗོངས་གཅེས་ནོར་ཚང་གི་ཐོན་རྫས་ནི་གླིང་ཆེན་དུ་མར་བརྒལ་ཏེ་བྱང་ཨ་རི་ནས་བསྟོད་པའི་བྱ་དགའ་ཐོབ་མྱོང་།    ལོ་ངོ་ཉི་ཤུ་ལྷག་གི་སློབ་རྒྱུན་རྣམ་ཐར་བསྐྱངས་ཏེ།  སྤྱི་ཕན་ཀྲུང་གོའི་ལེ་ཚན་དུ་ཁྱེད་རང་གདན་ཞུ་བྱས་ཏེ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལ་འཛམ་གླིང་ཡངས་མོའི་ཆེས་མཛེས་པའི་སློབ་གླིང་དུ་བསྔགས་ལ།  འདི་ནི་རིན་བྲལ་མང་པོ་ཞིག་ནི་རྒྱབ་ཏུ་བསྐྱུར་ཏེ་མ་དངུལ་སྟོང་ཚོ་གསུམ་ནས་ལམ་ལ་ཆས་པའི་གྲྭ་རྐྱང་ཞིག་གི་ཐུགས་སྨོན་རེད།    འདི་ནི་སྐུ་ཚེ་དཀའ་སྡུག་ཁོ་ནར་བསྟིམས་པའི་དཔའ་བོ་ཞིག་གི་ལག་རྗེས་བསུབ་མེད་རེད།    འདི་དག་ནི་དབུ་སྐྲ་དུང་ལས་དཀར་བའི་དགེ་སློང་ཞིག་གི་མཛད་འཕྲིན་ངོ་མ་རེད།    འདི་དག་ནི་པཎ་ཆེན་བཅུ་པའི་ཐུགས་མཚོ་ལས་འཁྲུངས་ཤིང་།   “བོད་རྗེས་ལུས་ཀྱི་རྣམ་པ་མ་བསྒྱུར་ན་ང་ཤི་ཡང་མིག་མི་བཙུམས།”ཞེས་པའི་སྐད་ཆ་འདི་ལ་སེམས་ནས་གཅེས་ཤིང་ཐེགས་སུ་མཛད་པའི་སྐྱེས་བུ་ཞིག་གི་ཐུགས་རྗེའི་འོད་སྣང་རེད།

  ད་ནི་རིགས་མཐུན་ཚོ་མགོ་བོ་ཁྱོགས་དང་།     སུ་ཞིག་གིས་ཁོང་གི་རྐང་ཚེགས་ལེན་ཐུབ་ལ་གོམ་ཚེགས་གསོ་ཐུབ།  དགུང་ལོ་མཐོ་ཡང་འདུར་རྒྱུག་གི་མཚམས་མི་ཆད་པ་ཁོང་།   དབུ་སྐྲ་དཀར་ཡང་ལས་ཀ་ཡི་འཕྲོ་མི་འཇོག་པའི་ཁོང་ལ།   སུ་ཞིག་གིས་ཚབ་བྱེད་ཐུབ་པའི་དཔའ་གདེང་ཡོད།    ང་མིན།   ཁྱོད་མིན།   ཁོ་མིན།   དེས་ན་སུ་ཡིན།   ཞིབ་ཏུ་སོམས་དང་།     ང་ཚོ་འདི་ལྟར་བདེ་བདེ་ལྷོད་ལྷོད་ངང་འདུག་ཕོད་དམ།  

 མགོ་ལོག་རྭ་རྒྱའི་སྒོ་ཐེམ་བརྒྱུད་ནས་ཐོབ་པའི་མྱོང་འདུ་ཡིག་ངོར་ཕབ་པ་དགེ་གྱུར་ཅིག།


རྩོམ་པ་པོ་ངོ་སྤྲོད་བསྡུས་པ།

གདུགས་དཀར་ཚེ་རིང་ངམ་མ་དྲུག   སྤྱི་ལོ་༢༠༠༢ལོར་མཚོ་སྔོན་པོའི་ལྷོ་རྒྱུད་འབའ་རྫོང་མགར་རྩེ་རུ་སྐྱེས།  ༢༠༡༤ལོའི་སློབ་ཆུང་མཐར་ཕྱིན་རྒྱུགས་གཞི་ཁྲོད་རྫོང་ཡོངས་ཀྱི་ཨང་དང་པོ་ཐོབ་སྟེ།  སྔ་ཕྱིར་རྫོང་མི་རིགས་སློབ་འབྲིང་དང་པོ་དང་།  མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོ་སོགས་འགྲིམས་ཏེ།  ད་ལྟ་མཚོ་སྔོན་དགེ་ཐོན་སློབ་ཆེན་ན་བོད་དབྱིན་ཆེད་ལས་སྦྱོང་བཞིན་ཤར་ནུབ་རིག་གནས་སྣ་ཚོགས་ལ་འབད་བཞིན་མཆིས།


གསར་འགོད་པ།   ལོ་མ་དཀར་པོ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། he7k བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23503474
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།