རབ་ཏུ་བྱུང་ནས་དགའ་ལྡན་གསེར་ཁྲིའི་བར་གྱི་སློབ་གཉེར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »རབ་ཏུ་བྱུང་ནས་དགའ་ལྡན་གསེར་ཁྲིའི་བར་གྱི་སློབ་གཉེར།
རབ་ཏུ་བྱུང་ནས་དགའ་ལྡན་གསེར་ཁྲིའི་བར་གྱི་སློབ་གཉེར།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2021-01-28ལྟ་ཀློག (7883)རྩོམ་ཁུངས: དྲ་རྒྱ་ལས་བཏུས།པར་འདེབ།

དགེ་ལུགས་པའི་རབ་ཏུ་བྱུང་མ་ཐག་ནས་དགའ་ལྡན་གསེར་ཁྲིའི་བར་གྱི་སློབ་གཉེར་གྱི་བརྒྱུད་རིམ་བཤད་པ།

 རྩོམ་པ་པོ།   ཤེས་རབ་བསྟན་དར།  

   དགའ་ལྡན་ཁྲི་བ་ཞེས་པ་ཐོག་མའི་འབྱུང་སྟངས་ནི་རྗེ་ཙོང་ཁ་བས་དགོན་པ་ཕྱག་བཏབ་སྟེ་གསེར་ཁྲིར་བཞུགས་པ་ནས་བཟུང་ཁྲི་སྟེང་དེར་བཞུགས་ནས་རྗེ་ཙོང་ཁ་པའི་རྒྱལ་ཚབ་གནང་མཁན་རིམ་པར་དགའ་ལྡན་ཁྲི་བ་ཞེས་འབོད།དེ་ནི་དགེ་ལུགས་པའི་བསྟན་འཛིན་ཀུན་གྱི་གཙོ་བོ་ཡིན་ཞིང་།དུས་རྒྱུན་སྐྱབས་ཞུ་སོགས་ཀྱི་འགོ་བརྗོད་དུ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཞེས་འགོད་སྲོལ་ཡོད་ལ།ང་ཚོའི་ཁ་དཔེར་ཨ་མའི་བུ་རང་སྐྱེས་ན། དགའ་ལྡན་གསེར་ཁྲི་ལ་བདག་པོ་མེད་ཟེར།བའི་དཔེ་བཞིན། སློབ་གཉེར་བྱེད་མཁན་ཞིག་ཡིན་ན་དེ་ལྟ་བུའི་དམིགས་ཡུལ་བཟུང་ནས་སློབ་གཉེར་བྱ་དགོས་པ་རེད། ཁྲི་ཐོག་ཞེ་བདུན་པ་ཡང་སྟེང་བློ་བཟང་ཆོས་འཕེལ་གྱིས། "བདག་ས་ཐག་རིང་ནས་ལམ་ཕྲེང་སོགས་ཀྱི་ངལ་བ་ཁྱད་དུ་བསད། ཕ་མ་དང་ཉེ་དུ་བརྩེ་དུང་ཅན་རྣམས་ཀྱང་འཕོངས་ཀྱི་ཕྱིས་པའི་རྡོ་བཞིན་དུ་བསྐྱུར།རང་ཡུལ་དགོན་སྡེ་ཁྱིམ་གྲོང་སོགས་ལ་ཕྱི་མིག་ཙམ་ཡང་མ་བལྟས་པར་ཕྱོགས་འདིར་འོངས་པའི་དགོས་པ།གཙོ་བོ་སྡོམ་གསུམ་རྣམ་པར་དག་ཅིང་ཐོས་བསམ་སྒོམ་གསུམ་མཐར་ཕྱིན་ནས། ཐུབ་བསྟན་རིན་པོ་ཆེ་མི་ནུབ་པའི་རྒྱལ་མཚན་སྲིད་རྩེའི་བར་སྒྲེངས་པ།ཁམས་གསུམ་ཆོས་ཀྱི་རྒྱལ་བོའི་ཙོང་ཁ་པ་ཆེན་པོ་དང་སྒོ་ཀུན་ནས་མཚུངས་པར་གྱུར་པའི་ཕྱིར་སྨོན་ལམ་རྣམ་དག་འདེབས་པ་ཡིན"ཞེས་གསུངས་པ་ལྟར་དགེ་ལུགས་པའི་སློབ་གསོའི་དམིགས་ཡུལ་ནི་དགའ་ལྡན་གསེར་ཁྲི་ལྟ་བུའི་མཁས་གྲུབ་གཉིས་འཛོམས་ཀྱི་སྐྱེས་བུ་ཆེན་པོ་ཞིག་སྐྱོང་བའི་དམིགས་ཡུལ་ཡིན་མོད།དགའ་ལྡན་གསེར་ཁྲི་ནི་མཁས་པ་གང་ཡིན་གྱི་ལོན་པའི་ཐོབ་ཐང་ཞིག་མིན།

དགའ་ལྡན་གསེར་ཁྲི་ལོན་པ་ལ་ཐོག་མར་རབ་ཏུ་བྱུང་ནས་གཞུང་བཀའ་པོད་ལྔ་ལ་སྦྱངས་ཏེ་ལྷ་རམས་པའི་དམ་བཅའ་བཞག་ནས་རྒྱུད་པར་ཞུགས་ནས་གསང་སྔགས་ལ་སྦྱངས་ནས།སྐྱོར་དཔོན་དང་དགེ་བསྐོས། དབུ་མཛད། མཁན་པོ་བཅས་ཀྱི་འགན་བཞེས་ནས་དགའ་ལྡན་བྱང་ཤར་གང་རུང་གི་ཆོས་རྗེར་བཞུགས་ནས་ད་གཟོད་དགའ་ལྡན་གསེར་ཁྲི་ལ་བཞུགས་དགོས་པ་རེད།དེ་བས་འདིར་རབ་ཏུ་བྱུང་བ་ནས་དགའ་ལྡན་གསེར་ཁྲིའི་བར་གྱི་ཐོས་བསམ་སྒོམ་གསུམ་གྱི་བརྒྱུད་རིམ་མདོ་ཙམ་བརྗོད་པར་བྱའོ།། 

དང་བོ། རབ་ཏུ་བྱུང་ནས་སློབ་གཉེར་བྱེད་ཚུལ། 

1、རབ་ཏུ་བྱུང་ཚུལ།དགེ་ལུགས་པའི་གྲྭ་བ་རབ་ཏུ་བྱུང་བ་ལ། མང་ཆེ་བ་བྱིས་པའི་དུས་ནས་ཕ་མས་སློབ་གསོ་བཏང་ནས་རབ་ཏུ་འབྱུང་འདོད་ཡོད་ན།དགོན་པར་སྐྱེལ་ཏེ་དགེ་རྒན་ཞིག་བཙལ་ཏེ་རབ་ཏུ་འབྱུང་དགོས་ལ། དགེ་རྒན་དེ་ནི་ཁག་ཐེག་དགེ་རྒན་ཡིན་ལ་ཁོས་སློབ་གཉེར་བ་ཁོའི་འགྲོ་འདུག་སྤྱོད་གསུམ་བཅས་བྱ་བ་མཐའ་དག་ལ་དོ་དམ་བྱེད་མཁན་ཡིན་ལ།ཁོས་ཀློག་གི་དགེ་རྒན་དང་མཚན་ཉིད་ཀྱི་དགེ་རྒན་བསྟེན་པ་དང་། སློབ་གཉེར་བྱེད་པའི་ཕྱོགས་ལ་ལྟ་རྟོག་བྱེད་པ་ཡིན།དེ་ཡང་དགོན་པས་ཁོ་ལ། འདུལ་བ་ནས་བཤད་པའི་བར་ཆད་ཀུན་དང་བྲལ་བ་ཞིག་ཡིན་པར་ཤེས་ན་མཁན་སློབ་ཚད་ལྡན་ལས་རབ་བྱུང་བསྒྲུབ་དགོས།རབ་བྱུང་བསྒྲུབ་ན་གཟན་ཤམ་ཐབ་དང་ཆོས་གོས་སྣམ་སྦྱོར།འདིང་བ་བཅས་ཡོ་བྱད་འཛོམས་ཐོག་ཁ་སྐོང་དང་བཅས་དགེ་སློང་ལྔ་ལས་རབ་ཏུ་འབྱུང་དགོས།

 2、ཆོས་སྤྱོད་ལ་སློབ་ཚུལ། རབ་ཏུ་བྱུང་རྗེས་ཀློག་གི་སློབ་དཔོན་ལ་བསྟེན་ནས་འབྲི་ཀློག་སྦྱོང་བའི་ཞོར་ལ་གྲྭ་བའི་འགྲོ་འདུག་སྤྱོད་གསུམ་ལ་བསླབ་དགོས་ལ།སྡོམ་གསུམ་བསླབ་བྱ་ལྟ་བུའི་སྟེང་ནས་དགེ་ཚུལ་སློང་གི་བསླབ་བྱའི་ལྟུང་བ་བསྔོ་བགྲང་དང་།དགེ་ཚུལ་སློང་གི་ཕྱིར་བཅོས་དབྱར་དགག་གསོ་གསུམ་ལ་ཚུལ་བཞིན་ཉམས་སུ་བཞེས་པ་ངེས་པར་བྱ་དགོས།དེ་བས་དགེ་རྒན་མ་བསྟེན་པར་རང་ཡན་དུ་འདུག་ས་གཏན་ནས་མེད་པ་བཅའ་ཡིག་ཏུ་གསལ་བོར་འཁོད་ཡོད་ཅིང་།ཀློག་པ་ཐོས་བསམ་ལ་མི་འབད་པ་ཞིག་ཡིན་ན་གྲྭ་བ་བྱས་པའི་དགོས་པ་མེད་པར་བརྩི་བ་ཡིན། དེ་བས་ཡི་གེ་འབྲི་ཀློག་ལ་སྦྱང་དགོས་པ་ཡིན་ཏེ།དེ་ཡང་ཐོག་མར་འཕྲལ་ཀློག་དང་དེ་ནས་སྦྱོར་ཀློག་ཁྲིད་དེ། དབུ་ཅན་དབུ་མེད་ཀྱི་འབྲི་ཚུལ་ཡང་སྦྱོང་།དེ་ནི་ཆོ་གའི་ཐོག་མ་སྐྱབས་འགྲོ་ཁྲིད་ཅིང་དེ་ནས་དགོན་པའི་ཆོས་སྤྱོད་དག་ཁྲིད། དང་བོ་འཕྲལ་ཀློག་ནི་ཐོག་མར་ཀ་ཁ་སུམ་ཅུ་དང་སྔོན་འཇུག་རྗེས་འཇུག་གི་སྦྱོར་སྟངས་དང་ར་མགོ་ལ་མགོ་སོགས་མགོ་འདོགས་སོགས་ཀ་དཔེའི་སྟེང་ནས་ཁྲིད་དེ་འཕྲལ་ཀློག་འགྲོ་བའི་ཚེ་ན་ད་གཟོད་སྐྱབས་འགྲོ་སོགས་འདོན་ཆོག་སྟེང་ནས་སྦྱོར་ཀློག་ཁྲིད་ནས་སྦྱོར་ཀློག་དེ་ལག་ལེན་ལ་དངོས་སུ་འདེབས་པ་རེད།དེ་བས་ཁ་དོག་དཀར་དམར་ལ་ཞུགས་དུས་སྦྱོར་ཀློག་ཤར་མར་འགྲོ་བ་རེད། ཀློག་ཁྲིད་སྟངས་དང་ཡི་གེ་འབྲི་ཀློག་སྦྱོང་བའི་ཚུལ་ལ་དགོན་པ་སོ་སོ་མི་འདྲ་ཡར་སྤྱིར་བཏང་ནས་བཤད་ན་དབུ་ཅན་དང་འབྲུ་ཚ་སོགས་བྲིས་ཀྱི་སློབ་དཔོན་མཁས་པ་བསྟེན་ནས་སྦྱང་དགོས་པ་རེད།

 

གཉིས་པ། ཆོས་གྲྭར་ཞུགས་ནས་སློབ་གཉེར་བྱེད་ཚུལ།

 

1、ཆོས་གྲྭར་ཞུགས་ཚུལ། འབྲི་ཀློག་ལ་བྱང་ན་ཆོས་གྲྭར་འཇུག་སྟེ་ཆོས་གྲྭའི་སློབ་གཉེར་གྱི་ལམ་ལུགས་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་ཏེ།སློབ་གཉེར་བསླབ་བྱ་ལས། སྒོ་གསུམ་དགེ་ལ་སྦྱར་ཕྱིར་མིང་དང་དོན། །མཐུན་པའི་བཤེས་ཤིག་རང་གི་དགེ་རྒན་དུ།།བསྟེན་ནས་ཆོས་ཀྱི་བྱ་བ་མ་ལུས་པའི། །རྩ་བར་མཐོང་སྟེ་བཀའ་བཞིན་བསྒྲུབས་པ་ཡིས།།རྟེན་འབྲེལ་མགོ་ནས་འགྲིག་པར་གྱིས་ཤིག་ཨང་། །ཞེས་གསུངས་པ་ལྟར་ཆོས་གྲྭར་ཞུགས་ནས་དགེ་རྒན་སྐུ་ཡོན་ཅན་ཞིག་བསྟེན་དགོས།དགེ་རྒན་ལ་ཁག་འཁྱེར་དགེ་རྒན་དང་དཔེ་ཆའི་དགེ་རྒན་གཉིས་ཡོད། དེ་ལས་གཞན་ཟུར་ཁྲིད་དགེ་རྒན་ཞིག་ཀྱང་ཡོད།དེ་ནི་སློབ་གཉེར་བའི་ནང་དུ་དཔེ་ཆ་བ་ཞིག་ལ་གཞན་ལ་ཟུར་ཁྲིད་བྱེད་དུ་བཅུག་པ་ཞིག་ཡིན། ཁག་འཁྱེར་དགེ་རྒན་ནི་གྲྭ་བ་དེའི་འགྲོ་འདུག་སྤྱོད་གསུམ་ལ་ཁག་ཐེག་བྱེད་མཁན་ཡིན་ལ།དཔེ་ཁྲིད་ཀྱི་དགེ་རྒན་ནི་ཆེད་དུ་དཔེ་ཁྲིད་བྱེད་པའི་དགེ་རྒན་ཡིན། དཔེ་ཁྲིད་ཀྱི་དགེ་རྒན་ལ་རང་གི་མོས་པ་བཞིན་མང་བོ་བསྟེན་པ་ཡང་ཡོད།མང་བོ་མི་བསྟེན་མཁན་ཡང་ཡོད། དགེ་རྒན་དེའི་དཔེ་ཁྲིད་དང་དོགས་གཅོད་བཅས་བྱ་དགོས་པ་མ་ཟད།མི་ཚེའི་འགྲོ་འདུག་སྤྱོད་གསུམ་དང་འབྱུང་འགྱུར་གྱི་བྱ་བ་སོགས་ཐམས་ཅད་ཀྱང་དགེ་རྒན་གྱིས་དེ་དག་ལ་བསྟན་ནས་ཐག་གཅོད་པ་ཡིན།

2、 ཆོས་གྲྭའི་སྤྱོད་ལམ། ཆོས་གྲྭར་ཞུགས་ནས་སྤྱོད་ལམ་ཡང་དག་པ་ཞིག་དགོས་ཏེ། སློབ་གཉེར་བསླབ་བྱ་ལས།ཀུན་སྤྱོད་གཙང་བས་གཞན་གྱི་ཡིད་དུ་འཐད། །སྨྲ་བ་ཉུང་བས་ཕོག་ཐུག་གཡེང་བ་མེད། །དད་བརྩོན་དྲན་ཤེས་བརྟན་པོས་ཉིན་རེ་བཞིན།།ཡོན་ཏན་ཡར་ཚེས་ཟླ་ལྟར་འཕེལ་འགྱུར་བས། །སྒོ་གསུམ་བག་དང་ལྡན་པར་གྱིས་ཤིག་ཨང་། །ཞེས་གསུངས་པ་ལྟར་དགེ་ལུགས་པའི་སློབ་གཉེར་བ་ཞིག་ཡིན་ན་ཚུལ་ཁྲིམས་རྣམ་པར་དག་པའི་ངོས་ནས་འདོད་ཆུང་ཆོག་ཤེས་བསྟེན་དགོས་ཤིང་།སྐབས་དེའི་སྤྱོད་ལམ་ནི་ཀུན་གཟིགས་ལྔ་བ་ཆེན་པོས། ལར་མཚན་ཉིད་པའི་སྐབས་འདིར་བླ་ཆེན་གྱི་བཟང་རྫུ།མི་ཆེན་གྱི་སྒྲིག་མ། སྒོམ་ཆེན་གྱི་སྦུབས་ལྡིར། སྔགས་པའི་བརྟུལ་ཞུགས། བླ་ཆུང་གི་མི་ཆོས་སོགས་གང་ཡང་མི་དགོས།དགེ་འདུན་གྱི་ཁྲིམས་དང་མ་འགལ་ཞིང་། དཔེ་ཆ་ལུང་རིགས་ནུས་ཕྱིན། རྣམ་གྲངས་མང་བོའི་གཡེང་བའི་རྡོ་ཞྭ་དང་།སོ་ཕག་གི་ཁྲེས་པོ་ནི་མེད། སྣང་བ་གདོང་གཏད་ཀྱི་ཉམས་འཆར། འཕྲལ་བློ་བདེ། ཕུགས་ཞེ་གཙང་།ཆོས་སྤྱོད་ཀྱི་གདངས་དང་། ཆོས་ཀྱི་སྒྲ་ཐོས་ཚེ་སྙིང་ཁོང་བདེ་སང་སང་ཡོང་བས་ཆོས་པའི་ཡང་རྩེར་ཡོད་དེ་ཞེས་གསུངས་པ་ལྟར་ལགས་སོ།།

3、 སློབ་གཉེར་བྱེད་ཚུལ། དེ་ཡང་སློབ་གཉེར་བསླབ་བྱ་ལས། ཟབ་ཟབ་མན་ངག་ཟེར་དགུ་ཚོལ་བ་དང་།།ཐོབ་ཐོབ་མང་བོའི་རྣམ་གྲངས་གསོག་བྱེད་ཅིང་། །སྒྲ་སྙན་སྨན་རྩིས་སོགས་ལ་མགོ་འཁོར་བ། །གཞུང་ལུགས་ཐོས་བསམ་རྣལ་མའི་གེགས་ཡིན་པས།།རྩ་བ་བོར་ནས་ཡལ་ག་མ་འཛིན་ཨང་། །ཞེས་གསུངས་པ་ལྟར་སློབ་གཉེར་བྱེད་སྐབས་སུ་གཞུང་གང་ལ་སློབ་གཉེར་བྱེད་དུས་དེ་གནད་དུ་འཛིན་པ་ལས་གཞན་པའི་ཐུན་མོང་རིག་གནས་སོགས་ལ་ཡང་ངལ་བ་མི་བརྟེན་ཅིང་སྦྱང་བྱའི་གཞུང་ནི་དེ་ཉིད་ཀྱི་གསུང་ལས།དབུ་ཚད་ཟུང་དུ་འཇུག་པའི་ལྟ་བ་དང་། །ཆོས་མངོན་མཛོད་དང་ཕ་རོལ་ཕྱིན་པའི་སྒོམ། །བསྟན་པའི་ནང་མཛོད་འདུལ་བའི་སྤྱོད་པ་རྣམས།།མ་ཚང་བསླབ་གསུམ་ཡ་བྲལ་འགྱུར་བའི་ཕྱིར། །བཀའ་པོད་ལྔ་ལ་ཚང་བར་སྦྱོངས་ཤིག་ཨང་། །ཞེས་གསུངས་པ་ལྟར་གཞུང་བཀའ་འཛིན་པ་ལས་བཀའ་ཆོས་གསན་པ་དང་ཕྱག་སྐོར་དང་མཆོད་འབུལ།གནས་སྐོར་སོགས་ཀྱང་བཀག་བྱར་འཛིན་པ་ཡིན།

(1)དཔེ་ཁྲིད། དཔེ་ཁྲིད་ལ་འགྲོ་བ་ནི་ཆེས་ཤིན་ཏུ་གལ་ཆེ་སྟེ་དེ་ཡང་དཔེ་ཁྲིད་ལ་འགྲོ་བའི་ཐོག་མར་འཁྲིད་བྱའི་གཞུང་བློར་འཛིན་དགོས།དགེ་ལུགས་པའི་བྱེད་སྟངས་ལ། བཤད་ཁྲིད་དང་དམར་ཁྲིད། མྱོང་ཁྲིད་ཟེར་བ་གསུམ་ཡོད་ཅིང་། ལམ་རིམ་སྐབས་དུ་མྱོང་ཁྲིད་གཙོ་བོར་འཛིན་ལ།ཆོས་གྲྭའི་སྐབས་སུ་བཤད་ཁྲིད་དང་རྩོད་པ་གཉིས་སྦྲགས་ནས་ཁྲིད་པ་དར་ཆེ། དཔེ་ཁྲིད་ལ་མ་སོང་བའི་སྔོན་རང་གིས་འཁྲིད་བྱའི་གཞུང་དེ་ཁ་ཚང་ལ་བཀླགས་ནས་ངེས་ཆ་གཏོང་བའམ།ཡང་ན་རང་ལས་བློ་ཁ་ཅུང་མཐོ་བའི་འཕྲོས་པའི་དགེ་རྒན་ལས་ཚིག་དོན་ལ་ངེས་ཆ་བྱུང་རྗེས་དཔེ་ཁྲིད་ལ་འགྲོ།དེ་ལྟར་བྱས་ན་དགེ་རྒན་གྱིས་དཀའ་གནད་ཁྲིད་པ་ཧ་གོ་ལ། གཞུང་གི་མཚམས་འབྱེད་སྟངས་དང་ཁས་ལེན་གྱི་རྒྱུན་བཅས་ཀྱང་གསལ་བོར་ངེས་པར་ཕན་པ་མ་ཟད།རྟགས་གསལ་འཕེན་ནང་ཁས་ལེན་ཅུང་འཛིན་ཤེས་པས་ཁོང་གིས་བཏང་བའི་ལུང་རིགས་སོང་ནས་བློ་བསྐྱེད་ཆེན་པོ་བསྟེར་ཐུབ།དེ་མིན་ན་དགེ་ལུགས་པའི་དཔེ་ཁྲིད་མཐའ་དག་རྩོད་པ་དང་དཔྱོད་པ་དང་འབྲེལ་དགོས་པས་གོ་བ་ཆགས་པ་ཤིན་ཏུ་དཀའ།

(2)བློ་འཛིན། གཞུང་ཆེན་པོ་ལ་སྦྱོང་དུས་བློར་འཛིན་པ་ཤིན་ཏུ་གལ་ཆེ་སྟེ། སློབ་གཉེར་བསླབ་བྱ་ལས།དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ། །བརྟེན་ཕྱིར་གཞུང་ཚིག་བློ་འཛིན་མི་བྱེད་པར། །དཔེ་ཀློག་ཙམ་དང་ངག་སྒྲོས་ཐན་ཐུན་གྱིས།།ཉིན་རེ་འགྲོ་ཐབས་དེས་ཀྱང་མི་ཕན་པས། །དཔེ་འཛིན་སྐྱོར་སྦྱོང་ཡུན་དུ་གྱིས་ཤིག་ཨང་། །ཞེས་གསུངས་པ་ལྟར་གཞུང་གང་ཡིན་ཡང་དེའི་རྩ་བ་དང་མཐའ་དཔྱོད་སོགས་བློར་འཛིན་དགོས་པ་ཡིན།རྗེ་ཙོང་ཁ་བ་ཆེན་པོས་ཉིན་རེ་བཞིན་ལྡེབ་རིང་བཅུ་བདུན་བློར་བཟུང་བ་དང་། དགེ་བཤེས་གང་མང་ཞིག་གིས་ལེགས་བཤད་གསེར་ཕྲེང་དང་རྣམ་བཤད་དགོངས་པ་རབ་གསལ་སོགས་རྗེ་ཡབ་སྲས་ཀྱི་གཞུང་ཡང་གང་མང་ཞིག་བློར་འཛིན་པ་ཡིན།

(3)སྐྱོར་སྦྱོང་། དེ་ཡང་དགེ་ལུགས་པའི་སྐྱོར་སྦྱོང་ལ་ཕྱོགས་གཉིས་ཡོད་དེ།གཅིག་ནི་གཞུང་ཚིག་བློར་བཟུང་ཏེ་སྐྱོར་སྦྱོང་བྱེད་པ་དེ་ཡིན་ལ།གཅིག་ནི་དོན་མི་བརྗེད་པའི་ཆེད་དུ་སྐྱོར་སྦྱོང་བྱེད་པ་དེ་ཡིན་ཏེ། དང་བོ་ནི་སློབ་གཉེར་བསླབ་བྱ་ལས།དཔེ་འཛིན་སྐྱོར་སྦྱོང་ཡུན་དུ་གྱིས་ཤིག་ཨང་།།ཞེས་གསུངས་པ་ལྟར་རང་གིས་བཟུང་བའི་གཞུང་དེ་དག་ལ་སྐྱོར་སྦྱོང་རྒྱུན་དུ་བྱས་ནས་གཞུང་དེ་དག་ཚིག་ལ་བྱང་ཆ་འགྲོ་བ་དང་།གཉིས་པ་ཡང་སློབ་གཉེར་བསླབ་བྱ་ལས། དཀའ་བས་བསགས་པའི་མང་ཐོས་ནོར་བུ་ཡང་། །བརྗེད་ངེས་རྐུན་པོས་དལ་གྱིས་འཇོམས་བྱས་ཏེ།།རིན་ཆེན་གླིང་ནས་སྟོང་བར་ལྡོག་སྲིད་པས།།རྒྱུན་དུ་གོམས་འདྲིས་དྲན་ཤེས་བརྟན་པོ་ཡིས། །གང་ཤེས་བརྗེད་པ་མེད་པར་སོགས་ཤིག་ཨང་། །ཞེས་གསུངས་པ་ལྟར་སྦྱངས་ཟིན་པའི་གཞུང་གི་ཚིག་དོན་མཐའ་དག་མི་བརྗེད་པ་སྟེ།ཡང་ཡང་གཞུང་དོན་དག་ལ་འདྲིས་པར་བྱེད་པ་དེ་ཡིན།

(4)རྒྱུགས་འཕྲོད། དེ་ཡང་སློབ་གཉེར་བསླབ་བྱ་ལས། དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ།།བརྟེན་ཕྱིར་གཞུང་ཚིག་བློ་འཛིན་མི་བྱེད་པར། །དཔེ་ཀློག་ཙམ་དང་ངག་སྒྲོས་ཐན་ཐུན་གྱིས།།ཉིན་རེ་འགྲོ་ཐབས་དེས་ཀྱང་མི་ཕན་པས། །དཔེ་འཛིན་སྐྱོར་སྦྱོང་ཡུན་དུ་གྱིས་ཤིག་ཨང་། །ཞེས་གསུངས་པ་ལྟར་སློབ་གཉེར་བྱེད་པའི་དུས་སུ་དབྱར་དགུན་སྟོན་དཔྱིད་ཀྱི་ཆོས་ཐོག་སྐབས་སུ་ངེས་པར་བརྩི་བཞག་རྒྱུགས་སུ་སྤྲད་དགོས།མ་མཐའ་ཡང་བརྩི་བཞག་ཁ་ཚང་རྒྱུགས་སུ་སྤྲོད་དགོས་ལ། དེ་ལས་གཞན་རང་གི་བློ་ཁ་དང་མཐུན་པར་རྒྱུགས་དབུལ་དགོས་ཤིང་ཤོག་བུ་ལྡེབ་རིང་ལྔ་བཅུ་ནས་བརྒྱའི་བར་རྒྱུགས་སྤྲོད་དགོས་ཤིང་།བློར་འཛིན་ལེགས་ཤོས་རྣམས་ཀྱིས་ལྡེབ་ཉིས་བརྒྱ་སུམ་བརྒྱ་རྒྱུགས་སྤྲོད་མཁན་ཡང་ཡོད།

དེ་ཡང་བློ་རྒྱུགས་ལ་མཚོན་ན"ཤོག་གྲངས་མདའ་ཚད་མ་ལྔ་བཅུ་ལོན་ན་རྒྱུགས་འཕྲོད་ཙམ་དང་།ལྔ་བཅུ་ཐམ་པ་ནས་བརྒྱ་ཐམ་པའི་བར་ཨང་བདུན་པ། བརྒྱ་ཐམ་པ་ནས་བརྒྱ་དང་ལྔ་བཅུའི་བར་ཨང་དྲུག་པ། བརྒྱ་དང་ལྔ་བཅུ་ནས་ཉིས་བརྒྱའི་བར་ཨང་ལྔ་བ།ཉིས་བརྒྱ་ནས་ཉིས་བརྒྱ་དང་ལྔ་བཅུའི་བར་ཨང་བཞི་བ། ཉིས་བརྒྱ་ལྔ་བཅུ་ནས་སུམ་བརྒྱའི་བར་ཨང་གསུམ་པ།སུམ་བརྒྱ་ནས་སུམ་བརྒྱ་ལྔ་བཅུའི་བར་ཨང་གཉིས་པ། སུམ་བརྒྱ་ལྔ་བཅུ་ནས་བཞི་བརྒྱའི་བར་ཨང་དང་བོར་བརྩིས།" "དོན་རྒྱུགས་ཀྱི་ཨང་ཀི་ནི།གདན་ས་ཆེན་པོ་རྣམས་སུ་དགེ་བཤེས་ལྷ་རམས་པ་དང་།རྒྱུད་གྲྭ་སྟོད་སྨད་གཉིས་ཀྱི་དགེ་བཤེས་སྔགས་རམས་པ་བཅས་ལ་ཨང་གྲངས་རིམ་པ་བདུན་གྱི་བར་དུ་ཡོད།"དེའི་རིམ་པ་ནི་དྲིས་ལན་འདེབས་ཐུབ་མིན་དང་།ལན་བཏབ་པ་གནད་དུ་འབྱོར་མིན་གྱིས་འཇོག

(5)དཔེ་ཀློག དེ་ཡང་སློབ་གཉེར་བསླབ་བྱ་ལས། གཞུང་ཚིག་མང་དུ་བཟུང་སྟེ་བསྐྱར་ན་ཡང་།།དོན་ལ་མི་སེམས་རིམ་གྲོའི་ཆོས་ཀློག་དང་། །ནེ་ཙོའི་འདོན་པ་ལྟ་བུ་བརྒྱ་ཚར་གྱིས། །བརྗོད་བྱའི་གནད་ལ་སྒྲོ་འདོགས་མི་ཆོད་པས།།དོན་ལ་བརྟག་དཔྱད་ཞིབ་མོ་གྱིས་ཤིག་ཨང་། །ཞེས་གསུངས་པ་ལྟར་གཞུང་ཆེན་མོ་ལ་སློབ་པ་ལ་དཔེ་ཁྲིད་ཉན་པ་དང་གཞུང་ཚིག་སྐྱོར་བ་ཙམ་གྱིས་མི་ཆོག་པར་དོན་ལ་བརྟག་དཔྱོད་ནན་མོ་བཏང་ནས་བརྡར་ཤ་ཆོད་པར་བྱ་དགོས་ཏེ།དགེ་བཤེས་དག་གིས་རང་རང་གི་ཡིག་ཆ་ལ་ངེས་ཆ་འགྲོ་དགོས་པ་རྒྱ་བོད་ཀྱི་གཞུང་ལུགས་མཐའ་དག་ལ་གཟིགས་ཤིང་དེ་དག་གཞུང་གི་ཞིབ་ཆ་དང་བཅས་པ་ངེས་པར་བྱ་དགོས་ཤིང་།ལྷག་པར་རྗེ་ཙོང་ཁ་བའི་གཞུང་དང་མཁས་གྲུབ་དང་རྒྱལ་ཚབ་གཉིས་ཀྱི་གཞུང་དག་ལ་ཞིབ་ཏུ་སྦྱངས་ནས།དེ་དག་གི་ཚིག་ཟིན་མི་མཐུན་པ་དང་གཞུང་གི་དཀའ་གནད་དག་ལ་བརྡར་ཤ་ཆོད་དགོས་པ་ཡིན།

(6)རྩོད་པ། དེ་ཡང་རྒྱལ་དབང་ལྔ་བ་ཆེན་པོས། རིགས་པས་བརྡར་ཤ་མ་བཅད་གཞུང་དོན་ལ།།ཚིག་སྤྱིའི་གོ་བ་ལམ་ཙམ་ཡོད་ན་ཡང་། །བརྒལ་ཞིང་བརྟག་ཚེ་བྱེ་མའི་འཆིང་བུ་ལྟར། །འགྱུར་ཕྱིར་རིགས་པའི་གསང་གནད་ཞིབ་ཏུ་སློབས།།ཞེས་གསུངས་པ་ལྟར། དགེ་ལུགས་པས་བསྡུས་གྲྭ་ནས་སྔགས་ཀྱི་བར་གྱི་ལྟ་སྒོམ་སྤྱོད་གསུམ་དང་གཞུང་ལུགས་ཐམས་ཅད་བརྒལ་བརྟགས་ཀྱིས་གཏན་ལ་འབེབ་པ་ཡིན་ཏེ།དེ་ལྟར་རིགས་པས་དཔྱད་དེ་གཏན་ལ་ཕབ་ན་གོ་བའི་གནད་རྙེད་པར་འགྱུར་ཏེ། རྗེ་དོན་ཡོད་མཁས་གྲུབ་པས།རིགས་པ་ལ་མ་སྦྱངས་པའི་འཇིག་རྟེན་སོགས་ཀྱི་ཡོན་ཏན་དེ་ཅི་ཙམ་བཟང་ཡང་སོབ་སོབ་ཅིག་ཡོང་ཞེས་པ་ལྟར་ལགས་སོ།།

རྩོད་པ་བྱེད་དུས་རྒྱུན་དུ་སྔ་རྒོལ་དང་ཕྱི་རྒོལ་གྱི་ཚུལ་དུ་རིགས་ལུང་བ་དང་དམ་བཅའ་བ་གཉིས་ཟླ་བོ་ཉིས་ཆའི་ཚུལ་དུ་རྩོད་པ་དང་།འཛིན་གྲྭ་གཏུགས་རེས་བྱེད་པ།འཛིན་གྲྭ་གོང་ཞོལ་དུ་དམ་བཅར་སོང་ནས་བགྲོ་གླེང་བྱེད་པ། ཚོགས་གླེང་སོགས་སློབ་གཉེར་ཡར་རྒྱས་སུ་ཐབས་གང་ལེགས་བྱེད་ཅིང་།ཁྱད་པར་དགེ་ལུགས་པའི་སློབ་གཉེར་བ་རྣམས་ལ་ཡོངས་སུ་གྲགས་པའི་རྩོད་པ་བྱེད་པ་ནི་འཇང་དགུན་ཆོས་ཏེ་དེ་ནི་ལོ་རེ་བཞིན་འཇང་སྨད་སྐྱིད་ཕུ་དགོན་དུ་བོད་ཟླ་བཅུ་གཅིག་པའི་ཚེས་གཅིག་ནས་བོད་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔའི་བར་ཟླ་བ་ཕྱེད་དང་གཉིས་ཀྱི་རིང་དགེ་འདུན་ལྔ་སྟོང་ཙམ་གནས་དེར་འཛོམས་ནས་གཞུང་བཀའ་པོད་ལྔ་ལས་རྣམ་འགྲེལ་གཙོ་བོར་འཆད་རྩོད་གནང་།རྣམ་འགྲེལ་གྱི་གསང་ཚིག་མཐའ་དག་ལ་གནས་དེ་ནས་བརྡར་ཤ་ཆོད་པར་བྱེད།

(7)རྩོད་པའི་རྣམ་འགྱུར་གྱི་མཚོན་དོན། རྩོད་པ་ཇི་ལྟར་བྱེད་པའི་ཉམས་འགྱུར་མཚོན་དོན་དང་བཅས་པ་ནི་སྔོན་བླ་མ་དག་གི་ངག་རྒྱུན་ལ་བརྟེན་པ་ཡིན་ཡང་རྗེས་སུ་དཔལ་མང་པནྜིཏ་ཡིག་འཇོག་བྱས་ཏེ། 《བླ་མའི་གསུང་རྒྱུན་ཟིན་བྲིས་སུ་བཀོད་པ་བརྒལ་བརྟག་རྒྱན་མང་གསལ་བའི་མེ་ལོང》ཞེས་པ་ཡོད། དེ་ལས་རྟགས་གསལ་འཕེན་ཚུལ།ཁས་ལེན་འདྲི་སྟངས།འཁོར་གསུམ་སྐོར་ཚུལ། ཧབ་ཆ་རྒྱག་སྟངས། གཟན་སྐེད་པར་དཀྲིས་ཚུལ། རྩོད་གཞི་དང་སྦྱོར་བ་ཇི་ལྟར་འགོད་པའི་ཚུལ།ལུང་འདྲེན་སྟངས། རྩོད་པའི་སྐབས་ཀྱི་རྣམ་འགྱུར། ཐལ་སྐད་གཏོང་ཚུལ་སོགས་ཀྱི་རྣམ་འགྱུར་བཅས་གསལ་བོར་བཤད་ཡོད།

དེ་བཞིན་རིགས་ལུང་གཏོང་ཚུལ་གྱི་མཚོན་དོན་ཅུང་བཤད་ན་ངྷཱིཿཞེས་པ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ས་བོན་ཡིན་ལ་ས་བོན་དེ་ལས་དྲངས་ཏེ་ཆོས་ཇི་ལྟར་འཆད་པ་དང་ཆོས་འཆད་ཅེས་པའི་དོན་ཡིན།དང་བོར་ངྷཱིཿསྐད་གཏོང་བའི་ཚེ། ཕྲེང་བ་སྙིང་ག་ནས་སྤྲོ་བས་འཇམ་པའི་དབྱངས་ཀྱི་ས་བོན་སྙིང་ག་ནས་སྤྲོ་བ་དང་ཐལ་མོ་བརྡེབས་པ་ཐབས་ཤེས་ཟུང་དུ་འབྲེལ་བ།ལག་པ་ཡར་བཏེགས་པས་ངན་སོང་རྣམས་ཐར་བའི་གནས་སུ་འདྲེན་པ་དང་གཡོན་པ་ཁ་ཐུར་དུ་བསྟན་པས་ངན་སོང་གི་སྐྱེ་སྒོ་གཅོད་པ་མཚོན།རྣམ་འགྱུར་གྱི་སྐབས"དམ་བཅའ་བས་ལན་ངར་བོ་བྱེད་ཚེ་བགྲོ་གླེང་བས་གཡས་གཡོན་གྱི་ལག་པ་རེ་རེ་སྐེད་པར་བཙུགས་ནས་ཐར་གཅོད་པའམ།གཡས་པས་ཕྲེང་བ་ནས་འཐེན་ཞིང་གཡོན་པ་ཐུར་དུ་བསྟན་ནས་འདུག་པ་འདི་ཕས་རྒོལ་ཟིལ་གྱིས་མནོན་པའི་རྣམ་འགྱུར་ཡིན།ལག་གཡས་གྱེན་དུ་འཕྱར་བས་འཇམ་པའི་དབྱངས་ཀྱི་རལ་གྲི་མཚོན། གཡོན་གྱེན་དུ་འཕྱར་བས་པད་སྡོང་སྟེང་གི་གླེགས་བམ་མཚོན།ལག་པ་གཉིས་དང་ཕྲེང་བས་ཤེས་རབ་ཀྱི་སྒོ་གཞུང་ཤེར་ཕྱིན་ལ་ཐོས་བསམ་བྱེད་པ"མཚོན་ལ་"ཞབས་གཡས་ས་ལ་བསྣུན་ཅིང་བཞག་པས་ངན་སོང་གི་སྒོ་གཅོད་པ་དང་། ཞབས་གཡོན་པ་བཏེགས་པས་ཐམས་ཅད་ཐར་བར་མཚོན་ཞིང་སྨོན་པ།ཕྱག་རྒྱ་ཕྱོགས་སུ་བསྐྱོད་པས་བཀྲ་ཤིས་ཕྱོགས་སུ་རྒྱས་པ། ཕྱག་རྒྱ་ནང་དུ་བསྡུས་པས་དཔལ་འབྱོར་གཡང་དུ་འདུ་པའི་སྙན་གྲགས་ཀྱི་བརྡ"ཡིན། འདི་ཡང་རི་བོ་དགེ་ལུགས་པའི་ཆོས་གྲྭ་ཉམས་ལེན་དང་འབྲེལ་བའི་རྟགས་ཡིན།

(8)ཉམས་ལེན། དགེ་ལུགས་པའི་སློབ་གཉེར་གནང་བའི་དུས་སུ་སློབ་གཉེར་བསླབ་བྱ་ལས།སྙིགས་དུས་བློ་དང་བསོད་ནམས་དམན་པའི་ཕྱིར། །ལྷག་པའི་ལྷ་དང་ཡི་དམ་ཆོས་སྲུང་ལ། །རྩེ་གཅིག་གསོལ་འདེབས་ཕྱག་མཆོད་མཎྜལ་སོགས།།ཚོགས་བསགས་སྒྲིབ་སྦྱོང་འབད་པ་དྲག་པོ་ཡིས། །ཞིང་གི་མཐུ་ལ་རྒྱབ་རྟེན་གྱིས་ཤིག་ཨང་། །ཞེས་གསུངས་པ་ལྟར་ཚོགས་བསགས་སྒྲིབ་སྦྱོང་ལ་འབད་པ་ནི་ཆེས་གལ་ཆེ་བར་འཛིན་ཏེ།(1)ཤེས་རབ་རྒྱས་པའི་ཆེད་དུ་རྒྱུན་དུ་འཇམ་དབྱངས་གང་བློ་མ་དང་ཨ་ར་པ་ཙ་ཞལ་འདོན་གནང་ཞིང་།ཆོས་མཚམས་སུ་འཇམ་པའི་དབྱངས་སོགས་ཤེས་རབ་སྒྲུབ་ཀྱིན་ཡོད།      (2)ནད་དང་བར་ཆད་མི་འབྱུང་བའི་ཆེད་དུ་རྒྱུན་ཕྱག་འཚལ་ཞིང་དགའ་ལྡན་ལྷ་བརྒྱ་མ་དང་མྱུར་མཛད་མ་བླ་མགོན་དབྱེར་མེད་ཁ་བཏོན་བྱེད་པ།ཁྱད་པར་རི་བོ་དགེ་ལུགས་པ་ཞིག་ཡིན་ན་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པ་རྒྱུན་དུ་ཆད་མེད་དུ་ཁ་བཏོན་བྱ་དགོས་པ་ཡིན།(3)ཁྱད་པར་དགེ་ལུགས་པས་སློབ་གཉེར་དང་རིགས་པས་བརྒལ་བརྟག་བྱེད་པ་ཡང་ཚོགས་བསགས་སྒྲིབ་སྦྱོང་ཡིན་པས་དེ་ནི་ཆེས་གནད་དུ་གཟུང་དགོས་པ་ཞིག་ཡིན།

དགེ་ལུགས་པའི་རྩོད་གྲྭའི་ཀུན་སློང་ནི"ཇི་སྐད་དུ་རྩོད་པའི་བསྟན་བཅོས་ལས།རང་ཉིད་རྒྱལ་བར་འདོད་པའི་ཆགས་པ་དང་།གཞན་དག་ཕམ་པར་འདོད་པའི་ཞེ་སྡང་དང་། རང་གཞན་གྲུབ་མཐའི་གཞུང་ལ་སྨོད་པ་གསུམ། །རྩོད་པའི་བསམ་པ་དུག་ཅན་ལགས་པས་སྤོངས།།ཞེས་གསུངས་པའི་སྐྱོན་དང་བྲལ་ཞིང་རང་གིས་དོན་དེ་རྟོགས་པར་འདོད་པའི་གུས་པ། གཞན་གྱི་ལོག་རྟོག་བསལ་བར་འདོད་པའི་སྙིང་རྗེ།ཆོས་ཟབ་མོ་སྟོན་འདོད་ཀྱི་བྱམས་པ་བཅས་གཏི་མུག་གི་དྲ་བ་གཅོད་པའི་འཁོར་ལོ་ལྟ་བུ། སུན་འབྱིན་རླུང་གིས་མི་གཡོ་བའི་ལྷུན་པོ་ལྟ་བུ།ཚིག་དོན་ལ་མི་རྨོངས་པ་ཐུབ་པའི་སྲས་ལྟར་མཛད་ཅིང་དེ་མིན་པའི་རྩོད་པ་ནི་ང་རྒྱལ་དང་ཞེ་སྡང་། འདོད་ཆགས་འཕེལ་བའི་རྩོད་པ་སྟེ་ཀུན་སློང་མ་དག་པའི་རྩོད་པའི་འུར་ཇི་འདྲ་ཆེ་ཡང་མི་ཕན"པ་དམིགས་སུ་འཛིན།

དེ་ལྟར་རྩོད་པ་བྱེད་པའི་དམིགས་ཡུལ་ནི། "རང་གཞན་གྱི་གཏི་མུག་གཅོད་པ་འཁོར་ལོ་ལྟ་བུ་དང་། སུན་འབྱིན་པའི་རླུང་གིས་མི་གཡོ་བ་འཁོར་ལོ་ལྟ་བུ།ཚིག་དང་དོན་ལ་མ་རྨོངས་པ་ཐུབ་པའི་དབང་བོ་ལྟ་བུའི"སྒོ་ནས"ཕ་རོལ་ལ་དམའ་བར་འདོད་པའི་ཞེ་སྡང་དང་། རང་ཉིད་མཐོ་བར་འདོད་པའི་འདོད་ཆགས།རིགས་ལམ་འདོར་བར་འདོད་པའི་གཡོ་སྒྱུ་རྣམས་སྤངས་ཏེ་རང་གིས་དོན་དེ་རྟོགས་པར་འདོད་པའི་གུས་པ་དང་།གཞན་གྱི་ལོག་རྟོགས་བསལ་བར་འདོད་པའི་སྙིང་རྗེ། ཕ་རོལ་ལ་ཆོས་ཟབ་མོ་བསྟན་པར་འདོད་པའི་བྱམས་པ"དང་བཅས། རྟོགས་པ་འཕེལ་བས་རང་རྒྱུད་ཚིམ་པ་དང་། སྙན་པའི་གྲགས་པས་ཕྱོགས་ཀུན་ཏུ་ཁྱབ་པ་དང་།བསྟན་པ་སྲུང་བའི་ཆོས་ཀྱི་རྒྱལ་བོར་འགྱུར་བ་དམིགས་སུ་འཛིན་པ་ཡིན་ནོ། །

4、སློབ་གཉེར་བའི་འཚོ་བ། སྔོན་ཆད་སློབ་གཉེར་བའི་འཚོ་བའི་ཐད་ལ་དཀའ་ངལ་ཤིན་ཏུ་ཆེ་སྟེ། ཁྲི་ཐོག་ང་ལྔ་བ་ཤར་རྩེ་ངག་དབང་ནམ་མཁའ་བཟང་བོའི་རྣམ་ཐར་ལས།"རྒྱུན་པར་གྲ་ཇ། མང་ཇ། ཚོམ་ཇ་ཙམ་ལས་གཟིམས་ཤག་ཏུ་ཇ་བསྐོལ་བ་སོགས་ཀྱི་རྩོལ་བ་ནི་རྣམ་པ་ཀུན་ནས་མེད་པར་ཆུ་རྐྱང་ཙམ་ལ་བརྟེན་ནས་འཚོ་བར་མཛད།ཚོགས་ལ་ཕེབས་དུས་ཀྱང་ཕལ་ཆེར་གསོལ་ཞིབ་རིགས་བསྣམས་རྒྱུ་མེད་པ་མང་བ"ཞེས་དང"མི་ཚེའི་རྐང་ཐོས་བསམ་དང་ཆོས་གྲྭར་ཕེབས་ནས།ཞལ་འདོན་དང་། རྩོད་གྲྭ་སོགས་ཀྱིས་འཁྱོལ་བ་མཛད་པ་ལས། ཚེ་འདིའི་སྣང་ཤས་ཆེ་བའི་མི་དང་ནམ་ཡང་མི་བསྟུན་པར།མཐོ་མཐོ་རླུང་ལ་བསྐུར། དམའ་དམའ་ཆུ་ལ་སྐྱུར། འོག་ནས་འགྲོ་བ་ཆུ་ལས་མེད་པ་ཞིག་མཛད་དེ།ད་ལྟ་ཐོས་བསམ་པའི་སྐབས་ཡིན་ཟེར་ནས་བཅས་མཚམས་ལས་འདའ་བ་ལ་ཇི་མི་སྙམ་ཤིང་། ནམ་ཕུགས་བསྒོམས་ལ་དྲིལ་ནས་རྣམ་པར་དག་པ་བྱེད་རྒྱུའི་ཁུལ་གྱི་རྟག་འཛིན་གྱི་བློ་དེས།རང་བཞིན་ཐམས་ཅད་བསླུས་པར་གཟིགས་ཏེ། ཐོས་བསམ་སྒོམ་གསུམ་སྟབས་གཅིག་ཏུ་མཛད་པའི་མཐུ་ལས། ཐ་ན་སོ་ཐར་གྱི་བཅས་པ་རགས་པ་རྣམས་ལྟ་ཞོག་ཕྲ་མོ་ཕྱི་དྲོའི་ཁ་ཟས་གཅོད་པ་དང་།ཕལ་ཆེར་འོད་དམར་གཅོད་པ། སྟན་གཅིག་པ་སོགས་ཀྱི་ཕྱག་ལེན་རྣམས་ཀྱི་སྒོ་ནས། འབྲེལ་ཚད་དོན་ལྡན་དུ་མཛད"ཅེས་གསུངས་ཤིང་། ཁྲི་ཐོག་ང་དགུ་པ་ཤར་རྩེ་ངག་དབང་ཆོས་གྲགས་ཀྱི་རྣམ་ཐར་ལས་ཀྱང་།"ཕྱག་དཔེ་སྐྱོར་སྦྱོངས་ཀྱིས་མཚན་མོ་ཕལ་ཆེར་དུས་འདའ་བར་གྱུར་ཀྱང་།སྐུ་ངལ་བའི་རྣམ་པ་ཡེ་ནས་མེད་པར་བཞུགས་ས་གཅིག་རང་དུ་ཚ་གྲང་ཁྱད་དུ་བསད་དེ། ཙོག་བུར་བཞུགས་པ་ན།གྲྭ་ཐོག་གཅིག་པ་གཞན་དག་གི་ཉམས་མཚར་གྱི་ཚུལ་དུ་དེ་ནི་ཞིང་གི་དཀྱིལ་གྱི་ལྷ་ཐོ་དང་འདྲ་ཞེས་སྨྲ་བའང་བྱུང་བས་དུས་ཕྱིས་ཀྱང་ཁྲི་ཆེན་ལྷ་ཐོ་བར་གྲགས"ཞེས་དང་། ཡང་ཁྲི་ཐོག་དྲུག་ཅུ་རེ་གཅིག་པ་ངག་དབང་ཚུལ་ཁྲིམས་ཀྱི་རྣམ་ཐར་ལས།"གྲྭ་སར་ཆོས་འགྲིམས་ཀྱི་སྐབས་སུ་ཡང་། ཕྱུག་པོ་གཞན་གྱི་ཇ་རོ་དང་།རུས་པ་སོགས་སློང་བར་མཛད་ནས། དེའི་བསྡུ་ཐང་ཙམ་གྱིས་ཆོག་ཤེས་པ་དང་། ཇ་རོ་ཡང་ཚར་གཉིས་གསུམ་གྱི་བར་བསྡུས་ཏེ་ཆུ་མདོག་འགྱུར་ཙམ་དང་། སྤྱི་སོ་དང་ཆོས་གྲྭའི་ཕོགས་སོགས་ལ་རྩམ་པ་བཟོ་བ་ཡང་གཡེང་བ་ཆེ་བར་གཟིགས་ནས།ཕོགས་འབྲུའི་ནང་གི་སྲན་མ་དབྱེ་ནས། ཕོར་ཕྱེད་ཙམ་ཆུ་ནང་སྦངས་ཏེ་གུང་ཚིགས་ཆོས་གྲྭ་གྲོལ་བ་དང་སྲན་མ་དེ་བཞེས་ཏེ་གསོལ་ཆས་ཀྱི་གོ་ཆོད་པ་མཛད་ཅེས་འཁོད་ཡོད་པ་རེད།"ཡང་དེ་ཉིད་ལས། "སློབ་གཉེར་གྱི་སྐབས་སུ་ཡང་། དུས་རྒྱུན་དུ་ལྟོ་གོས་ལ་གྱོང་བསྐུར།དགུན་རིགས་ལུང་བྱེད་དུས་སུ་ལག་པ་སེར་གར་སོང་ཡང་མ་ཚོར་བར། སྔོན་གྱི་དགེ་འདུན་རྣམས་དང་། རྒྱལ་བ་གོང་མ་རྣམས་ཀྱིས་དཀའ་བ་སྤྱད་ཚུལ་བསམ་ནས།སེམས་ཀྱིས་གཟེངས་བསྟོད་དེ་སྤྲོ་བའི་ངང་ནས། མིག་ཡར་ལྟས་ཀྱིས་ཐོས་པ་བཙལ་པ་ཡིན། ལུས་ཀྱི་ཕྱི་དར་གོས་དང་སྣམ་ཕྲུག་གང་ལེགས་ཀྱིས་དྲིལ་ཏེ་ཆང་བཞིན་དུ་ཉལ།ནང་དུ་བཟའ་བཏུང་གང་བྱུང་གིས་རྩོལ་བས་ཕག་བཞིན་དུ་གསོས། སློབ་གཉེར་ནི་ཁ་ངོམ་དྲོད་འགྲངས་ཀྱི་སྟབས་ཡག་དུས་སུ་བྱས།   ཉེས་དུས་འཇོག་པའི་དབྱར་ཤི་དགུན་ལངས་རྩྭའི་འབུ་བཞིན་བྱས་ན། ཐ་མལ་པ་ལ་ཐོས་བསམ་སྒོམ་གསུམ་ལེགས་པོ་བྱུང་བའི་དཔེ་མི་འདུག་པས། མིག་མར་བལྟ་མ་བྱས་པར་དཀའ་སྤྱད་དང་དུ་བླངས།"ཞེས་དང་། གཞན་ཡང་ཁྲི་ཐོག་དོན་བཞི་པ་བྱང་རྩེ་བློ་བཟང་ལྷུན་གྲུབ་ཀྱི་རྣམ་ཐར་ལས། "གྲྭ་ཇ་མང་ཇ་སོགས་བཟའ་བཏུང་གང་ལ་ལོངས་སྤྱོད་ནའང་། རྩ་བའི་ཕོར་པ་ལས་སྤྲོས་པའི་ཀུན་བཟང་མཆོད་པའི་སྤྲིན་གྱིས།ཞིང་མཆོག་དམ་པ་རྣམས་ལ་ཕུལ་ཞིང་། དེ་དག་གི་གནས་གསུམ་ནས། བདུད་རྩི་དམར་སེར་གྱི་རྣམ་པ་ཅན་དཔག་ཏུ་མེད་པ་སྤྲོས་བྱུང་ནས།རིམ་གྱིས་རྩ་བའི་ཕོར་བ་ལ་བསྡུས་པར། བྱིན་རླབས་ཀྱི་ཚུལ་དུ་ལོངས་སྤྱོད་པའི་ཚུལ་དུ་བྱ་གིན་ཡོད་མོད"ཅེས་གསུངས་པ་དག་ལ་གཟིགས་ན་གསལ་བོར་ཤེས་ཐུབ།

 

གསུམ་པ། དགེ་ལུགས་པའི་སློབ་གཉེར་གྱི་རིམ་པ།

 

སློབ་པའི་རིམ་པ། དགེ་ལུགས་པའི་སློབ་གཉེར་བ་ཞིག་ཡིན་ན། སློབ་གཉེར་བྱེད་པའི་རིམ་པ་བཞིན་སློབ་གཉེར་བྱ་དགོས་ཏེ།དེ་ཡང་སློབ་གཉེར་བསླབ་བྱ་ལས། དབུ་ཚད་ཟུང་དུ་འཇུག་པའི་ལྟ་བ་དང་། །ཆོས་མངོན་མཛོད་དང་ཕ་རོལ་ཕྱིན་པའི་སྒོམ།།བསྟན་པའི་ནང་མཛོད་འདུལ་བའི་སྤྱོད་པ་རྣམས། །མ་ཚང་བསླབ་གསུམ་ཡ་བྲལ་འགྱུར་བའི་ཕྱིར། །བཀའ་པོད་ལྔ་ལ་ཚང་བར་སྦྱོངས་ཤིག་ཨང་།།ཞེས་དང་། ཐུན་མོང་ལམ་སྦྱངས་སྔོན་དུ་མ་སོང་ཞིང་། །གཞུང་དོན་ལྟ་བའི་བློ་མིག་མ་ཕྱེ་བར།།ཆོ་གའི་ངག་འདོན་བྱང་བ་ཙམ་ཞིག་གིས། །གསང་སྔགས་འཆང་བའི་གྲལ་དུ་མི་ཚུད་པས། །བསྟན་ལ་རིམ་པ་བཞིན་དུ་སློབས་ཤིག་ཨང་།།གསུངས་པ་ལྟར་མདོ་ཕྱོགས་ཀྱི་གཞུང་པོ་ཏི་ལྔ་དང་སྔགས་ཕྱོགས་ཀྱི་རྒྱུད་སྡེ་བཞི་ལ་སྦྱང་དགོས་པ་ཡིན།

གཞུང་བཀའ་པོད་ལྔ་ལ་སྦྱང་དགོས་པ་ནི་གཞུང་དོན་འབྱེད་པའི་རིགས་པ་ལ་སྦྱང་བའི་ཆེད་དུ་ཚད་མ་དང་།ཐེག་པ་ཆེན་པོའི་སྤྱོད་ཚུལ་ཤེས་པའི་ཆེད་དུ་ཕར་ཕྱིན།ཐེག་པ་ཆེན་པོའི་ལྟ་བ་ཤེས་པའི་ཆེད་དུ་དབུ་མ།ཐེག་དམན་གྱི་ལྟ་བ་དང་སྤྱོད་པ་ཤེས་པའི་ཆེད་དུ་མངོན་པ། ཐེག་པ་དམན་པའི་སྤྱོད་པ་ཤེས་པའི་ཆེད་དུ་འདུལ་བ་ལ་སྦྱང་དགོས་པ་རེད།དེ་ལྟར་གཞུང་བཀའ་པོད་ལྔ་ལ་སྦྱངས་ན་ཐེག་པ་ཆེ་ཆུང་གི་གཞུང་ཁ་ཚང་ལ་སྦྱོང་ཐུབ་པ་མ་ཟད། ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གི་སྙིང་བོ་ལ་ཡང་སྦྱངས་ཡོད་པ་རེད།དེ་བས་དགེ་ལུགས་པས་གཞུང་དཀའ་པོད་ལྔའི་ནང་དུ་བྱམས་ཆོས་སྡེ་ལྔ་དང་། དབུ་མ་རིགས་ཚོགས་ཐམས་ཅད་བསྡུས་ནས་སློབ་གཉེར་བྱེད་པ་ཡིན།

དེ་ཡང་ཐོག་མར་བསྡུས་གྲྭ་སྦྱངས་དགོས་ཤིང་། དེ་ཡང་གདན་ས་ཆེན་པོ་ཁག་ཏུ་གཞུང་ཆེན་པོ་ལྔར་སློབ་སྦྱོང་བྱེད་རྒྱུའི་ལོ་ཚད་ཐད་གྲྭ་ཚང་ཁག་སོ་སོར་ཕྲན་བུའི་མི་འདྲ་བ་ཡོད་ཅིང་།སེ་ར་དགོན་པར། བསྡུས་གྲྭ་འཛིན་གྲྭ་གསུམ་ལ་ལོ་གསུམ། ཕར་ཕྱིན་འཛིན་གྲྭ་ལྔ་ལ་ལོ་ལྔ། དབུ་མ་འཛིན་གྲྭ་གཉིས་སོ་སོར་ལོ་གཉིས་རེ་སྟེ་ལོ་བཞི།མཛོད་འཛིན་གྲྭ་གཉིས་ལ་ལོ་བཞི་བཅས་ཁྱོན་བསྡོམས་དགེ་བཤེས་ལྷ་རམས་པ་མ་ཐོན་བར་ལོ་ཉི་ཤུ་འགོར།

འཛིན་གྲྭ་གྲྭ་ས་མང་ཆེ་བར་བཅུ་གསུམ་ཡོད་ཅིང་། རྗེས་སུ་གདན་ས་ཆེན་པོ་ཁག་ལ་འཛིན་གྲྭ་ཕྱེ་ཚུལ་མང་ཉུང་སྣ་ཚོགས་བྱུང་སྟེ་གཅིག་ཏུ་མ་ངེས་པ་དཔེར་ན།འབྲས་སྤུངས་སྒོ་མང་གྲྭ་ཚང་ལ་བསྡུས་གྲྭ་བློ་རྟགས་བཅས་ལ་འཛིན་གྲྭ་ལྔ། ཕར་ཕྱིན་འཛིན་གྲྭ་བཞི།དབུ་མ་འཛིན་གྲྭ་གཉིས། འདུལ་བ་འཛིན་གྲྭ་གཅིག མཛོད་ལ་འཛིན་གྲྭ་གཅིག་བཅས་ཡོད་པ་དང་། གདན་ས་ཆེན་པོ་སེ་ར་སྨད་གྲྭ་ཚང་ལ་ཁྱོན་བསྡོམས་འཛིན་གྲྭ་བཅུ་གསུམ་སྟེ།བསྡུས་གྲྭ་བློ་རྟགས་བཅས་བསྡོམས་པའི་འཛིན་གྲྭ་གཅིག ཕར་ཕྱིན་འཛིན་གྲྭ་དྲུག དབུ་མ་འཛིན་གྲྭ་གཉིས།  འདུལ་བ་འཛིན་གྲྭ་གཉིས། མཛོད་ལ་འཛིན་གྲྭ་གཉིས་བཅས་ཡོད།

གོང་གསལ་འཛིན་གྲྭ་དེར་རྣམ་འགྲེལ་འཛིན་གྲྭ་ཟུར་དུ་མ་ཕྱེ་བ་ནི་བསྡུས་གྲྭ་བློ་རྟགས་བཅས་ལ་སྦྱངས་པ་མཐར་ཕྱིན་པ་བྱུང་ན་རྣམ་འགྲེལ་ཡང་དེའི་ཞར་ལ་སློབ་སྦྱོང་བྱེད་ཐུབ་པའི་དབང་གིས་ཡིན།

 

བཞི་བ། དགེ་ལུགས་པའི་སློབ་གཉེར་བས་དམ་བཅའ་འཇོག་པའི་ཚུལ།

 

1、 དམ་བཅའ། དེ་སྔོན་གདན་ས་ཆེན་པོ་གསུམ་མ་བྱུང་གོང་དུ་རབ་འབྱམས་པ་དང་། དཀའ་བཞི་པ། དཀའ་བཅུ་པ་ཞེས་པའི་མཚན་གནས་སྤྲད་དེ་གྲྭ་སྐོར་དམ་བཅའ་འཇོག་སྲོལ་ཡོད་ཅིང་།རྗེས་སུ་ད་དུང་རབ་འབྱམས་པ་དང་རྡོ་རམས་པ། སྨོན་རམས་པ། གླེང་བསྲེས་དགེ་བཤེསསོགས་ཡོད།

2、རིགས་ཆུང་ཚོགས་ལངས་ནི། བྱེས་གྲྭ་ཚང་དུ་གཞུང་གསར་པའི་སྐབས་མིང་ཐོ་སྤྲད་པ་བཞིན། ཁང་ཚན་སོ་སོར་དམ་བཅའ་འཇོག་པར་འགྲོ་དགོས་པ་དང་།ཚོགས་ལངས་མི་བཅུ་དྲུག་ལོ་ལྟར་ཐོན་ཏེ། རྒོལ་བ་སྔ་རྒོལ་ཕྱིར་རྒོལ་ཆ་བརྒྱད་ཀྱིས་གཞུང་བརྒྱད་ལ་བརྒལ་ལེན་བྱ་དགོས་ལ།ཚོགས་ཀྱི་བཤད་པ་ཞུ་དགོས་པ་ཡིན་ཏེ། གཞུང་བརྒྱད་ནི།ཆོས་འཁོར། སེམས་སྐྱེད། བཀའ་བསྟན། ཡང་དག་མཐའ།བྱམས་གཞུང་། སྐྱབས་གསུམ། རིགས། སྦྱོར་ལམ་བཅས་ཡིན་པ་རེད།

3、རིགས་ཆེན་ནི་ལོ་རེའི་བོད་ཟླ7པའི་ཚེས་གཅིག་ནས་བཅོ་ལྔའི་བར་གྱི་ཚོགས་ཆེན་རིགས་གྲྭའི་སྐབས་ཚོགས་ལངས་དགོས་པ་ཡིན་ཏེ།བྱེས་སྨད་གཉིས་ལོ་རེས་མོས་ཀྱིས་རྩོད་པ་དང་ལན་བྱེད་པ་ཡིན་པས། རིགས་ཆེན་ཚོགས་ལངས་འདིའི་ཐོག་དགེ་བཤེས་གང་འདྲ་ཞིག་བཏང་ན་རན་མིན་སྐུ་ཞབས་མཁན་པོས་གཟིགས་ནས།རང་རང་སོ་སོའི་གྲྭ་ཚང་གི་ཚོགས་ལངས་པ་དེ་ཚོ་དགེ་བཤེས་ལྷ་རམས་སོགས་གང་གཏོང་ཐག་ཧ་ལམ་དེ་ནས་ཆོད་པ་རེད།རིགས་ཆེན་གྱི་སྐབས་གོང་གསལ་ཆོས་འཁོར་གཞུང་བརྒྱད་ཀྱི་སྟེང་ལ། སྙིང་རྗེ། བདེན་གཉིས། ཐལ་ཟློག་རིང་སོང་།ཚད་འགོག་ཆུ་འབབ། འདུལ་བ་གནས་བླ་མ།དུས་ཚིགས། གཞི་མེད། རྣམ་འགྲེལ། ཕར་ཕྱིན་སྐབས་བཞི་པ། བསམ་གཟུགས། དགེ་འདུན་ཉི་ཤུ། དྲང་ངེས།རྟེན་འབྲེལ། མཛོད་གནས་གསུམ་པ། དང་བོ། ཕྲ་རྒྱས་སོགས་གྲྭ་ཚང་གཅིག་གི་རྩོད་ལངས་ཁ་གཏད་ནས།རང་ལ་གཞུང་གང་ཁེལ་ཤེས་པར་བྱས་ཏེ་གྲྭ་སྒྲིག་གང་ཡག་དགོས་པ་དང་།ཚོགས་ཆེན་དུ་ལུང་འདྲེན་པའི་ཚེ། གཞུང་ཆེན་དང་རྗེ་ཡབ་སྲས་སོགས་ཀྱི་གསུང་ལས་དྲངས་ན་ཁས་ལེན་གྱི་དེ་མིན་རང་རང་གི་གྲྭ་ཚང་ཡིག་ཆའི་སྟེང་ནས་དྲང་ན།ཁ་གཏད་ཀྱིས་ཁས་མི་ལེན་པར་མ་ཟད། རང་ཕྱོགས་ཀྱི་གྲྭ་ཚང་སྡོད་གྲལ་ནས་ཧབ་ཆ་བརྒྱབ་ནས་འཕྱ་བ་ཡིན་པས་གཞུང་ཆེན་ཐད་ནས་བརྒལ་རྟགས་བྱེད་པ་ཡིན།

4、རབ་འབྱམས་པ་ནི་གཞུང་ཆེན་པོ་ལྔའི་ནང་ནས་ཕར་ཕྱིན་ཙམ་སྦྱངས་མྱོང་ཞིང་།དབུ་མ་དང་འདུལ་བ་མཛོད་བཅས་ལ་སྦྱངས་པ་བྱེད་མ་མྱོང་མཁན་གྱི་དགེ་བཤེས་རིགས་ཡིན།

5、དཀའ་བཞི་པ་ནི།དབུ་མ། ཕར་ཕྱིན། འདུལ་བ། མཛོད་བཅས་དཀའ་ཆེན་བཞི་ལ་སློབ་གཉེར་ཐོན་པའི་དགེ་བཤེས་ཡིན།

6、དཀའ་བཅུ་པ་ནི།གཞུང་ཆེན་པོ་ལྔ་ཀར་སློབ་གཉེར་ཐོན་པའི་དགེ་བཤེས་ཤིག་སྟེ། དེང་སང་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་དཀའ་ཆེན་དང་སེ་འབྲས་དགའ་གསུམ་གྱི་དགེ་བཤེས་ལྷ་རམས་པ་ལྟ་བུ་ཡིན།

7、གླིང་བསྲེ་ནི་གདན་ས་གསུམ་ཆགས་རྗེས་གསང་ཕུའི་ཕྱག་སྲོལ་ལྟར་གླིང་ཡོངས་ཀྱི་གྲྭ་ཚང་ཕན་ཚུན་བསྲེས་ཏེ་གཞུང་ཆེན་པོ་ལྔའི་དམ་བཅའ་འཇོག་མཁན་གྱི་དགེ་བཤེས་རྣམས་ལ་གླིང་བསྲེ་ཟེར།བྱང་རྩེ་ཁྲི་ཆེན་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་ལས། "སེ་རའི་གླིང་བསྲེའི་དཀའ་བཅུ་གྲྭ་སྐོར་མཛད། དེའི་ཚུལ་ཡང་།དབུ་ཕར་སོ་སོ་ནས་བཤད་པ་བཅུ་དྲུག་རེ་དང་། གླིང་བསྲེ་བ་བཞི་བཅས་ཀྱིས་ཉིན་བཞིའི་རིང་ཚོགས་པའི་ཚེ།དབུས་སུ་བླ་མ་རྣམས་ཚོགས་ཞིང་གི་གཙོ་བོ། གཡས་སུ་རྒྱ་ཆེན་སྤྱོད་རྒྱུད་མཚོན་བྱེད་ཕར་ཕྱིན་གྱི་བཤད་པ་བ་དགེ་བཤེས་བཅུ་དྲུགགླིང་བསྲེ་བ་གཉིས། གཡོན་དུ་ཟབ་མོ་ལྟ་བརྒྱུད་མཚོན་བྱེད་དབུ་མའི་བཤད་པ་བ་དགེ་བཤེས་བཅུ་དྲུག་གླིང་བསྲེ་བ་གཉིས།གཤམ་དུ་ཚངས་པ་བརྒྱ་སྦྱིན་མཚོན་བྱེད་དགེ་བསྐོས་གཉིས།ཕྱོགས་རྣམས་སུ་རྒྱལ་ཆེན་བཞི་བར་ཆད་སྲུང་མི་ཚུལ་དུ་ཆབ་རིལ་གཉིས་སོགས་འཁོད་ནས། ཉིན་རེ་བཞིན་དབུ་ཕར་གྱི་བཤད་རིང་སོ་སོ་ནས་ཤོག་གྲངས་བརྒྱ་ལྷག་ཙམ་རེ་ཚོགས་ཐེངས་གཅིག་རང་ལ་སྤོས་ཚད་བཞག་སྟེ་རྫོགས་པར་བྱ་དགོས་ཤིང་།"

 8、སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྲིད་དབང་བཟུང་སྐབས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བ་སྐུ་འདས་པའི་དགོངས་རྫོགས་སུ་ཚོགས་མཆོད་དུས་སྟོན་བཙུགས་པ་དང་ཆབས་ཅིག་ཚོགས་མཆོད་ཉིན་བཅུའི་རིང་སྨོན་ལམ་ཆེན་མོའི་སྐབས་དང་འདྲ་བར་གདན་ས་གསུམ་གྱི་དགེ་བཤེས་ཁག་གཅིག་གྲྭ་སྐོར་དམ་བཅའ་འཇོག་ཏུ་བཅུག་པ་ནས་ཚོགས་རམས་པ་ཟེར་བ་བྱུང་།

9、དགེ་བཤེས་ལྷ་རམས་དམ་བཅའ་དངོས་གཞི་ནི།ལོ་རེ་ལྷ་ས་སྨོན་ལམ་ཆེན་མོའི་སྐབས་གདན་ས་གསུམ་གྱི་གྲྭ་ཚང་བདུན(འབྲས་སྤུངས་སྒོ་མང་དང་།བློ་གསལ་གླིང་།བདེ་ཡངས། སེ་ར་བྱེས་དང་། སྨད་པ། དགའ་ལྡན་ཤར་རྩེ་དང་བྱང་རྩེ་བཅས་ནས་དགེ་བཤེས་ལྷ་རམས་པ་མི་གཉིས་རེ་བསྡོམས་མི་གྲངས་བཅུ་བཞིའི་ཐོག་གྲྭ་ཚང་བདུན་རེས་འཁོར་གྱིས་འཕར་མ་མི་རེ་བཅས་མི་གྲངས་བཅོ་ལྔ།ར་བ་སྟོད་གྲྭ་ཚང་ནས་དགེ་བཤེས་རེ་བཅས་ཁྱོན་བསྡོམས་ལོ་ལྟར་དགེ་བཤེས་ལྷ་རམས་པ་མི་བཅུ་དྲུག་ཡོད་པ་དེ་ཚོས་ཞོགས་པ་གསུང་ཆོས་ར་བར་ཆུ་ཚོད་གཉིས་གསུམ་རིང་ཚད་མ་རྣམ་འགྲེལ།ཉིན་དགུང་ཁྱམས་རའི་ནང་ཆུ་ཚོད་གཉིས་ཡས་མས་བར་ཕར་ཕྱིན་དང་དབུ་མ། དགོང་མོ་ཁྱམས་ར་ཆེན་མོར་ཆུ་ཚོད་བཞི་ནས་དྲུག་བར་མཛོད་དང་འདུལ་བ་བཅས་ཀྱི་བགྲོ་གླེང་གཏོང་གི་ཡོད།

དགེ་བཤེས་གོ་མིང་དེ་དག་ལས་དགའ་ལྡན་གསེར་ཁྲིའི་ཐོབ་ཆ་ཡོད་པ་ནི་ལྷ་རམས་པ་ཨང་རིམ་བདུན་ཡོད་ལ་དེའི་ཞོལ་དུ་ཨང་རིམ་བརྩི་རྒྱུ་མེད།ཨང་རིམ་དང་བོ་ནས་བདུན་པའི་བར་དུ་གཞུང་ནས་བྱ་དགའ་ཡང་རིམ་པ་བཞིན་དུ་ཡོད་ཅིང་། "ཨང་རིམ་གྱི་གྲས་སུ་མ་སོན་པའི་ལྷ་རམས་པ་དག་དགའ་ལྡན་གསེར་ཁྲི་ལ་བཞུགས་པར་ཐོབ་ཐང་མེད།"

སྔོན་ཆད་ལོ་རེ་རེར་སེ་འབྲས་དགའ་གསུམ་དུ་དམ་བཅའ་འཇོག་པའི་དགེ་བཤེས་ཁ་གྲངས་རེ་གསུམ་ལས་མི་བརྒལ་བར་གཏན་ཁེལ་བྱས་ཡོད།དེ་ལས་ལྷ་རམས་པ་བཅུ་དྲུག་དང་། ཚོགས་རམས་པ་བཅུ་གཉིས། གླིང་བསྲེ་སོ་ལྔ་ཡོད། ཡིན་ནའང་།རྒྱལ་བའི་སྤྲུལ་སྐུ་ངོས་འཛིན་དང་ཁྲི་འདོན། དམ་བཅའ་འཇོག་པ། སྲིད་ཁྲིར་འགོད་པའི་དུས་སུ་གྲངས་ཀ་ཇེ་མང་དུ་གཏོང་ཆོག

སེ་རར་མཚོན་ན་ལོ་གཅིག་ལ་ལྷ་རམས་པ་བཞི་དང་། ཚོགས་རམས་པ་བཞི།རིགས་རམས་པ་བཞི་བཅས་དགེ་བཤེས་མིང་བཏགས་བཅུ་གཉིས་ཡོད།

 

ལྔ་བ། རྒྱུད་སྟོད་སྨད་དུ་ཞུགས་ནས་གསང་སྔགས་ལ་སྦྱོང་ཚུལ།

 

དགེ་བཤེས་ལྷ་རམས་པ་ཐོན་པ་ནས་དགེ་བཤེས་རེ་ཟུང་མ་གཏོགས་ཕལ་ཆེ་བ་རྒྱུད་གྲྭ་སྟོད་སྨད་གཉིས་གང་རིགས་ལ་སོ་སོའི་ཐོབ་ཁུངས་ལྟར་ཚོགས་ཞུགས་གནང་སྟེ་ལོ་ཤས་རིང་གཙོ་བོར་གསང་སྔགས་ལ་སྦྱང་དགོས།གསང་སྔགས་གྲྭ་ཚང་ལ་རྒྱུད་སྟོད་སྨད་གཉིས་ཡོད། དེ་གཉིས་ནི་དགའ་ལྡན་དགོན་པའི་ཁོངས་སུ་གཏོགས་ཤིང་།གཉིས་ཀ་ལྷ་སར་ཡོད། རྒྱུད་སྟོད་ལ་རྒྱུན་བཞུགས་གྲྭ་བ་ལྔ་བརྒྱའི་ཡན་ཡོད་ཆོག་མོད། རྒྱུད་སྨད་ལ་ལྔ་བརྒྱའི་ཡན་ཡོད་མི་ཆོག

རྒྱུད་སྟོད་སྨད་དུ་བསྐྱེད་རིམ་འཛིན་གྲྭ་གཉིས་དང་སྔགས་རིམ་གྱི་འཛིན་གྲྭ་གཅིག་བཅས་གསུམ་ཡོད།གདན་ས་གསུམ་དུ་དགེ་བཤེས་ཀྱི་མིང་བཏགས་བླངས་ནས་སློབ་གཉེར་དུ་ཡོང་བ་ཡིན་ན་ཐད་ཀར་སྔགས་རིམ་འཛིན་གྲྭ་ལ་འཇུག་དགོས་ཤིང་གཞན་རྣམས་ངེས་པར་བསྐྱེད་རིམ་འཛིན་གྲྭ་ནས་འཇུག་དགོས།ཞུགས་ནས་གསང་སྔགས་ཀྱི་བསྐྱེད་རྫོགས་ལ་སྦྱང་དགོས་ཤིང་། སློབ་ཡུན་ལོ་གཅིག་ཡིན། རྒྱུད་སྨད་དུ་ཞུགས་ནས་བདེ་གསང་འཇིགས་གསུམ་གྱི་བསྐྱེད་རྫོགས་དང་དཔལ་གསང་བ་འདུས་པའི་འགྲེལ་བ་བཞི་སྦྲགས་ལ་སྦྱང་དགོས།ཞོར་ལ་དབྱངས་དང་། རོལ་མོ། དཀྱིལ་འཁོར་བྲིས་ཐིག་སོགས་མཐོང་རྒྱུད་ལག་ལེན་ཁག་རང་མོས་ཀྱིས་སློབ་སྦྱོང་གནང་དགོས་པ་རེད།

དགེ་བཤེས་ཚོས་རྒྱུད་ལ་ཞུགས་པའི་རྗེས་སུ་ནོར་གླིང་དུ་དབྱར་དགུན་གཉིས་སུ་མདོ་སྔགས་ཀྱི་རྒྱུགས་ཐེངས་གཉིས་ལ་སྤྲད་དགོས།རྒྱུགས་ཐེངས་རེའི་དུས་ཡུན་ཉིན་གསུམ་ཡིན་ལ་ཐེངས་རེར་སྐྱོར་དཔོན་གྱི་སྐལ་གྲངས་གཅིག་ལས་མེད་ཅིང་།རྒྱུགས་འབྲས་ལ་བལྟས་ནས་ལེགས་པ་རྣམས་ཀྱིས་སྐྱོར་དཔོན་ལེན་ཐུབ་པ་རེད། ལོ་གཅིག་གི་ནང་དུ་གྲྭ་ཚང་རེར་སྐྱོར་དཔོན་མི་གཉིས་རེ་ཡོད་ཅིང་།དེ་གཉིས་ཀྱིས་ལོ་རྗེས་མར་སྔགས་ཀྱི་དམ་བཅའ་བཞག་ནས་དགེ་བསྐོས་ཟླ་བཞིའི་རིང་དུ་བྱེད་པ་ཡིན།དེའི་རྗེས་སྔགས་རམས་པའི་དགེ་བཤེས་དམ་བཅའ་ཉིན་མཚན་བདུན་གྱི་རིང་འཇོག་དགོས།     དེའི་རིང་སྔགས་རམས་ཐོན་ཟིན་པའི་དགེ་བཤེས་རྣམས་ཀྱིས་གསང་སྔགས་ཀྱི་རིགས་པའི་གཞུང་ལུགས་ཐོག་ནས་བགྲོ་གླེང་གཏོང་གི་ཡོད།སྔགས་རམས་པ་ཡང་ཁས་ལེན་འཛིན་སྟངས་གནད་དུ་སོང་མིན་གྱིས་ཨང་རིམ་བདུན་བར་དུ་འབྱེད།

དེའི་རྗེས་སུ་དགེ་བསྐོས་རྣམས་ནོར་གླིང་དུ་ཕེབས་ནས་མདོ་སྔགས་གཉིས་ཀྱི་རྒྱུགས་སྤྲད་ནས་ཨང་དང་བོའི་རིགས་ལ་བླ་མ་དབུ་མཛད་ཀྱི་གོ་གནས་གནང་།བླ་མ་དབུ་མཛད་ཀྱི་གོ་མིང་འདི་ནི་དགའ་ལྡན་བྱང་ཤར་གྱི་མཁན་པོ་དང་དགའ་ལྡན་གསེར་ཁྲིའི་འགག་སྒོ་གལ་ཆེ་བ་ཞིག་སྟེ།འདི་ལས་བརྒལ་ན་གཞན་རྣམས་བསྟུན་མར་བདེ་བླག་ཏུ་ཡོང་ངེས་རེད། བླ་མ་དབུ་མཛད་ཀྱི་འགན་འཁུར་ཡུན་ལོ་གསུམ་ཡིན།

རྒྱུད་པའི་མཁན་པོ་ལོ་གསུམ་ལ་བཞུགས་རྗེས་མཁན་པོའི་ཁྲི་ལས་གཟུར་ནས་མཁན་ཟུར་བྱས་ཏེ་ལོ་ལ་ངེས་པ་མེད་པར་ཉམས་ལེན་དང་དགོན་པ་གཞན་པའི་མཁན་པོར་བཞུགས་ཏེ་ཆོས་འཆད་ཉན་གྱི་མཛད་པ་ཁུར་དུ་བཞེས་ཤིང་།མང་ཆེ་བ་དབེན་པའི་རི་ཁྲོད་འགྲིམ་ནས་གཅིག་ཏུ་སྒྲུབ་པ་ལ་གཞོལ་བར་བྱེད།

 

དྲུག་པ། དགའ་ལྡན་བྱང་ཤར་གྱི་ཆོས་རྗེ་དང་དགའ་ལྡན་གསེར་ཁྲི་ལ་བཞུགས་པའི་རིམ་པ།

 

དགའ་ལྡན་ཤར་བྱང་གི་ཆོས་རྗེར་ཕེབས་ཚུལ།མཚམས་རེར་དགའ་ལྡན་བྱང་ཤར་གྱི་ཆོས་རྗེ་གོང་མ་གཉིས་ཁྲི་ཐོག་ནས་ཕེབས་ན་དགའ་ལྡན་གྱི་ཆོས་རྗེའི་ཁྲིར་ཕེབས་དགོས་ཤིང་།མཁན་ཟུར་དེ་ཉིད་རྒྱུད་སྟོད་ནས་ཡིན་ན་ཤར་རྩེའི་ཆོས་རྗེ་དང་། རྒྱུད་སྨད་ནས་ཡིན་ན་བྱང་རྩེའི་ཆོས་རྗེར་ཕེབས་ཀྱི་ཡོད་པ་རེད།ཆོས་རྗེའི་ཁྲིར་བཞུགས་པའི་ཡུན་ལོ་ངོ་བཅུ་བཞི་ཡིན་པར་བཤད།

དེ་ནས་ཆོས་རྗེ་གཉིས་ཀྱིས་ཆོས་རྗེའི་ཁྲི་ལོ་འདས་ན་རེས་མོས་ཀྱིས་དགའ་ལྡན་གསེར་ཁྲི་ལ་ཕེབས་ནས་བསྟན་འགྲོའི་དོན་མཛད་དགོས་པ་ཡིན་ཏེ།དེ་བས་དགའ་ལྡན་ཁྲི་བ་མང་ཆེ་བ་དགུང་ལོ་དྲུག་ཅུ་ནས་བདུན་ཅུའི་བར་དུ་སླེབས་པའི་བགྲེས་པོ་ཡིན་པས་ལ་ལ་གསེར་ཁྲིར་བཞུགས་པའི་བར་དུ་གྲོངས་ཤིང་།ལ་ལ་བཞུགས་ནས་ཅུང་མ་འགོར་བར་གྲོངས་པ་ཡོད། ངག་རྒྱུན་ལ་དགའ་ལྡན་ཁྲི་བ་དང་དགའ་ལྡན་བྱང་ཤར་གྱི་ཆོས་རྗེ་གསུམ་གྱིས་རྗེ་ཡབ་སྲས་གསུམ་མཚོན་པ་ཡིན་སྐད།

ཏཱ་ལའི་བླ་མས་དགའ་ལྡན་གསེར་ཁྲིའི་སྟེང་བཞུགས་ནས་མཛད་སྒོ་གནང་དགོས་ཚེ་མགྲོན་གཉེར་ཆེན་མོ་བས་དགའ་ལྡན་ཁྲི་བར་གནང་བ་ཞུ་དགོས་པ་ཡིན།ཏཱ་ལའི་བླ་མའི་མཛད་སྒོ་ཆེ་ཁག་ལ་དགའ་ལྡན་ཁྲི་བས་མནྜལ་བཤད་པ་གནང་ཚེ་ཁྲི་སྟེང་དུ་བཞུགས་ནས་གསུངས་པ་ལས་བཞེངས་སྲོལ་མེད་ཐོག་ལྷ་སར་ཡང་དགའ་ལྡན་ཁྲི་བའི་མཛད་སྒོ་ཁག་དང་།ཆིབས་ཧྲག་དང་བཅས་ཕེབས་ཐོན་སྐབས་གདུགས་ཕུབ་ནས་ཕེབས་ཀྱི་ཡོད།

དགའ་ལྡན་གསེར་ཁྲིར་བཞུགས་ཡུན་ལོ་བདུན་ཡིན་ཞིང་ཁོང་ཁྲི་ལ་བཞུགས་པ་ནས་མདོ་སྔགས་གཞུང་ལུགས་ཡོངས་རྫོགས་འཛིན་སྐྱོང་སྤེལ་བའི་ཐུགས་འགན་བཞེས་དགོས་པ་དང་།ལོ་ལྟར་རྨེ་རུའི་དབྱར་ཆོས་རིང་ལམ་རིམ་འཆད་ཉན་དང་དགེ་ཚུལ་དང་བསྙེན་རྫོགས་ཀྱི་སྡོམ་པ་འབོགས་པ།གཞུང་ས་དགའ་ལྡན་ཕོ་བྲང་གི་ཞབས་རིམ་གྱི་དབུ་གཙོ་གནང་བ། ཁྱད་པར་ལྷ་སའི་སྨོན་ལམ་ཆེན་མོ་དང་ཚོགས་མཆོད་ཆེན་མོའི་སྐབས་སེ་འབྲས་དགེ་གསུམ་གྱི་འདུས་ཚོགས་ལ་ཉིན་རེ་བཞིན་གསུང་ཆོས་སྐྱེས་རབས་སོ་བཞི་བ་སོགས་གནང་བ་བཅས་རྗེའི་ཙོང་ཁ་བ་ཆེན་པོའི་རྣམ་ཐར་བདག་གིར་བཞེས་ནས་དགེ་ལུགས་པའི་བསྟན་པ་འཛིན་སྐྱོང་སྤེལ་བའི་ཁུར་ཆེན་ཕྲག་ཏུ་བཞེས་དགོས་པ་ཡིན་ནོ།།

 

བདུན་པ། དགའ་ལྡན་གསེར་ཁྲི་རིམ་བྱོན་དང་དེ་དག་ཁྲི་ལ་བཞུགས་པའི་ལོ་ཚིགས།

 

རྗེ་ཙོང་ཁ་ཆེན་པོས1409ལོར་དགའ་ལྡན་དགོན་པ་ཕྱག་འདེབས་གནང་བ་ནས་ད་ལྟའི་བར་དུ་དགའ་ལྡན་གསེར་ཁྲི་བརྒྱ་དང་གཉིས་བྱོན་ཡོད་ཅིང་།དེ་དག་ཁྲི་ལ་བཞུགས་པའི་དུས་ཡུན་ཡང་ངེས་པ་མེད་པར་སྣ་ཚོགས་བྱུང་ཡོད།

(l)རྗེ་ཙོང་ཁ་བ། (1409-1419)བར་ལོ།10(2)རྒྱལ་ཚབ་དར་མ་རིན་ཆེན། (1419-1431)བར་ལོ།l3(3)མཁས་གྲུབ་དགེ་ལེཊ་དཔལ་བཟང་། (1431-1438)བར་ལོ།8(4)ཞྭ་ལུ་བ་ལེཊ་པའི་རྒྱལ་མཚན། (1438-1450)བར་ལོ།l3 (5)རྗེ་བློ་གྲོས་ཆོས་སྐྱོང་། (1450-1463)བར་ལོ14(6)བ་སོ་ཆོས་ཀྱི་རྒྱལ་མཚན། (1463-1473)བར་ལོ། 10 (7)དྭགས་པོ་བློ་གྲོས་བརྟན་པ། (1473-1479)བར་ལོ།7(8)རྗེ་སྨོན་ལམ་དཔལ་བ། (1480-1489)བར་ལོ།10 (9)རྗེ་དབོན་བློ་བཟང་ཉི་མ། (1490-1492)བར་ལོ།3(10)ཤར་རྩེ་ཡེ་ཤེས་བཟང་བོ། (1493-1498)བར་ལོ།7(ll)ཤར་རྩེ་བློ་བཟང་གྲཊ་པ། (1499-1511)བར་ལོ།13(12)བྱང་རྩེ་འཇམ་དབྱངས་ལེཊ་པའི་བློ་གྲོས  (1511-1516)བར་ལོ།6 (l3)ཤར་རྩེ་ཆོས་ཀྱི་བཤེས་གཉེན། (1516-1521)བར་ལོ།6(14)བྱང་རྩེ་རིན་ཆེན་འོད་ཟེར། (1522-1528)བར་ལོ།7(15)པཎ་ཆེན་བསོད་ནམས་གྲཊ་པ། (1529-1535)བར་ལོ།7(16) བྱང་རྩེ་རྒྱ་ར་ཆོས་སྐྱོང་རྒྱ་མཚོ། (1535-1539)བར་ལོ།5 (17)ཤར་རྩེ་མི་ཉག་རྡོ་རྗེ་བཟང་བོ། (1539-1546)བར་ལོ།8(18)བྱང་རྩེ་ཆོས་རྗེ་རྒྱལ་མཚན་བཟང་བོ། (1546-1548)བར་ལོ།3(19)   ཤར་རྩེ་ཆོས་རྗེ་ངག་དབང་ཆོས་གྲཊ(1548-1552)བར་ལོ།5(20)བྱང་རྩེ་སྟག་ཕུ་ཆོས་གྲགས་བཟང་བོ། (1552-1559)བར་ལོ།8 (21)ཤར་རྩེ་ཆོས་རྗེ་དགེ་ལེགས་དཔལ་བཟང་། (1559-1565)བར་ལོ།7(22)བྱང་རྩེ་དགེ་འདུན་བསྟན་པ་དར་རྒྱས། (1565-1568)བར་ལོ།4(23)ཤར་རྩེ་ཆོས་རྗེ་ཚེ་བརྟན་རྒྱ་མཚོ། (1568-1575)བར་ལོ།8(24)བྱང་རྩེ་ཆོས་རྗེ་བྱམས་པ་རྒྱ་མཚོ། (1575-1582)བར་ལོ།8(25)ཤར་རྩེ་རྒྱལ་ཁང་རྩེ་དཔལ་འབྱོར་རྒྱ་མཚོ།(1582-1589)བར་ལོ།8 (26)བྱང་རྩེ་ཆོས་རྗེ་དམ་ཆོས་དཔལ་བ། (1589-1596)བར་ལོ།8 (27)ཤར་རྩེ་ཆོས་རྗེ་སངས་རྒྱས་རིན་ཆེན། (1596-1602)བར་ལོ།7(28)བྱང་རྩེ་ཆོས་རྗེ་དགེ་འདུན་རྒྱལ་མཚན། (l603-1607)བར་ལོ། 5 (29) ཤར་རྩེ་ཆོས་རྗེ་བཤེས་གཉེན་གྲཊ་པ། (1608-1614)བར་ལོ། 7(30)བྱང་རྩེ་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོ། (1615-1618) བར་ལོ།4 (31)ཤར་རྩེ་དམ་ཆོས་དཔལ་བཟང་། (1618-1620) བར་ལོ།3(32)བྱང་རྩེ་ཚུལ་ཁྲིམས་ཆོས་འཕེལ། (1620-1623)བར་ལོ།4 (33)ཤར་རྩེ་གྲགས་པ་རྒྱ་མཚོ། (1623-)ལོ། 1 (34)བྱང་རྩེ་གསལ་ཁང་སྐུ་སྐྱེ། (1623--1626)བར་ལོ།4(35)ཤར་རྩེ་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ། (1626-1632)བར་ལོ།7 (36)བྱང་རྩེ་ཆོས་རྗེ་བསྟན་འཛིན་ལེགས་བཤད། (I632-1636)བར་ལོ།5 (37)ཤར་རྩེ་དགེ་འདུན་རིན་ཆེན། (1637-1643)བར་ལོ། 7 (38)བྱང་རྩེ་དྭགས་པོ་ཆོས་ཀྱི་རྒྱལ་མཚན། (1643-1648)བར་ལོ།6 (39)ཤར་རྩེ་དཀོན་མཆོག་ཆོས་བཟང་། (1648-1654)བར་ལོ།7 (40)བྱང་རྩེ་བསྟན་པ་རྒྱལ་མཚན།(1655-1661)བར་ལོ།7  (4l)ཤར་རྩེ་བློ་བཟང་རྒྱལ་མཚན། (1662-1668)བར་ལོ།7 (42)བྱང་རྩེ་བློ་བཟང་དོན་ཡོད། (1668-1674) བར་ལོ།7 (43)ཤར་རྩེ་བྱམས་པ་བཀྲ་ཤིས། (1675-1681)བར་ལོ།7 (44)བྱང་རྩེ་རྒྱ་ནག་པ་བློ་གྲོས་རྒྱ་མཚོ།(1682-1685)བར་ལོ།4(45)ཤར་རྩེ་ཚུལ་ཁྲིམས་དར་རྒྱས། (1685-1691)བར་ལོ།7 (46)བྱང་རྩེ་བསམ་བློ་སྦྱིན་པ་རྒྱ་མཚོ།T(1692-1694) བར་ལོ། 3 ཤར་རྩེ་ཚུལ་ཁྲིམས་དར་རྒྱས།(ཚབ)(1695-1698)བར་ལོ། 4(47)ཤར་རྩེ་ཡང་སྟེང་བ་བློ་བཟང་ཆོས་འཕེལ།( 1699-1700)2 (48)བྱང་རྩེ་དོན་ཡོད་རྒྱ་མཚོ། (1701-1707)བར་ལོ།7(49)ཤར་རྩེ་བློ་བཟང་དར་རྒྱས། (1708-1711)བར་ལོ།4(50)བྱང་རྩེ་དགེ་འདུན་ཕུན་ཚོགས།(1712-1718)བར་ལོ།7(5l)ཤར་རྩེ་དཔལ་ལྡན་གྲགས་པ། (1719-1725)བར་ལོ།7(52)བྱང་རྩེ་དྭགས་པོ་ཚེ་འཕེལ།(1725-1731)བར་ལོ།7(53)ཤར་རྩེ་རྒྱལ་མཚན་སེང་གེ(1732-1738)བར་ལོ།7(54)བྱང་རྩེ་ངག་དབང་མཆོག་ལྡན། (1739-1745)བར་ལོ།7(55)ཤར་རྩེ་ནམ་མཁའ་བཟང་བོ། (1746-1750)བར་ལོ།4(56)བྱང་རྩེ་བློ་བཟང་དྲི་མེད། (1750-1756)བར་ལོ།7(57)ཤར་རྩེ་བསམ་གཏན་ཕུན་ཚོཊ། (1757-1763)བར་ལོ།7(58)བྱང་རྩེ་ངག་དབང་ཆོས་གྲཊ།(1764-1770)བར་ལོ།7(59)ཤར་རྩེ་ངག་དབང་ཆོས་གྲཊ།(1771-)ལོ། 1 (6O)བྱང་རྩེ་བློ་བཟང་བསྟན་པ། (1772-1777)བར་ལོ།6(61)ཤར་རྩེ་ངག་དབང་ཚུལ་ཁྲིམས། (1778-1784)བར་ལོ།7(62)བྱང་རྩེ་བློ་བཟང་སྨོན་ལམ། (1785-1788)བར་ལོ།4(63)ཤར་རྩེ་བློ་བཟང་མཁས་མཆོག(1789--1793)བར་ལོ།5 (64)བྱང་རྩེ་བློ་བཟང་བཀྲ་ཤིས། (1794-1800)བར་ལོ།7(65)ཤར་རྩེ་དགེ་འདུན་ཚུལ་ཁྲིམས། (1801-1807)   བར་ལོ7(66)བྱང་རྩེ་ངག་དབང་སྙན་གྲགས། (1808-1814)བར་ལོ།7 (67)ཤར་རྩེ་འཇམ་དབྱངས་སྨོན་ལམ། (1814)ལོ།1 (68)བྱང་རྩེ་བློ་བཟང་དགེ་ལེགས། (1815)ལོ། (69)ཤར་རྩེ་བྱང་ཆུབ་ཆོས་འཕེལ། (1816-1822)བར་ལོ།7(70)བྱང་རྩེ་ངག་དབང་ཆོས་འཕེལ། (1823-1829)   བར་ལོ།7 (71)ཤར་རྩེ་ཡེ་ཤེས་ཐར་འདོད། (1830-1833)བར་ལོ། 4 (72)བྱང་རྩེ་འཇམ་དཔལ་ཚུལ་ཁྲིམས། (1834-1836)བར་ལོ། 3(73)ཤར་རྩེ་འཇམ་དཔལ་ཚུལ་ཁྲིམས(1837-1843)བར་ལོ།7(74)བྱང་རྩེ་བློ་བཟང་ལྷུན་གྲུབ། (1843-1846)བར་ལོ།4(75)ཤར་རྩེ་གླིང་སྤྲུལ་ངག་དབང་ལུང་རྟོགས(1847--1853) བར་ལོ།7 (76)བྱང་རྩེ་མཁྱེན་རབ་དབང་ཕྱུག(1853-1859)བར་ལོ།7(77)ཤར་རྩེ་ཚུལ་ཁྲིམས་དར་རྒྱས། (1859-1860)བར་ལོ། 2(78)བྱང་རྩེ་འཇམ་དབྱངས་དམ་ཆོས། (1860、  1866)བར་ལོ།7(79)ཤར་རྩེ་བློ་བཟང་སྦྱིན་པ། (1867-1870)བར་ལོ།4(80)བྱང་རྩེ་གྲགས་པ་དོན་གྲུབ། (1871-1877)བར་ལོ།7(81)ཤར་རྩེ་ངག་དབང་ནོར་བུ། (1878-1882)བར་ལོ།5(82)བྱང་རྩེ་ཡེ་ཤེས་ཆོས་འཕེལ། (1883-1889)བར་ལོ།7(83)ཤར་རྩེ་བྱང་ཆུབ་ནམ་མཁའ། (1889-1891)བར་ལོ།3 (84)བྱང་རྩེ་བློ་བཟང་ཚུལ་ཁྲིམས། (1891-1893)བར་ལོ།3(85)ཤར་རྩེ་བློ་བཟང་ཚུལ་ཁྲིམས་དཔལ་ལྡན། (1894-1896) བར་ལོ།3(86)བྱང་རྩེ་བློ་བཟང་རྒྱལ་མཚན།(1896-1899)བར། ལོ།4(87)ཤར་རྩེ་བསྟན་པའི་རྒྱལ་མཚན། (1900-]906)བར།ལོ།7 (88)བྱང་རྩེ་མཁྱེན་རབ་ཡོན་ཏན་རྒྱ་མཚོ། (1907-1914)བར་ལོ།8(89)ཤར་རྩེ་སྙན་གྲགས་རྒྱ་མཚོ། (1915-1920)བར་ལོ།6(90)བྱང་རྩེ་བྱམས་པ་ཆོས་གྲགས། (1920-1926)བར་ལོ།7(91)ཤར་རྩེ་བློ་བཟང་རྒྱལ་མཚན། (1927-1932)བར་ལོ། 6 (92)བྱང་རྩེ་ཐུབ་བསྟན་ཉིན་བྱེད། (1932-)ལོ། l (93) ཤར་རྩེ་ཡེ་ཤེས་དབང་ལྡན། (1933-1939)བར་ལོ། 7 (94)བྱང་རྩེ་ལྷུན་གྲུབ་བརྩོན་འགྲུས། (1940-1946)བར་ལོ།7 (95)ཤར་རྩེ་བཀྲ་ཤིས་སྟོང་འདུས། (1947-1953)བར་ལོ།7 (96)བྱང་རྩེ་ཐུབ་བསྟན་ཀུན་དགའ། (1954-1960)བར་ལོ།7(97)ཤར་རྩེ་ཐུབ་བསྟན་ལུང་རྟོགས།(1960-?)ལོ།1(98)འབྲོག་མི་བྱམས་པ་བློ་གྲོས།འཇམ་དཔལ་གཞན་ཕན། (1984-1990)བར་ལོ།7(99)ཡེ་ཤེས་དོན་འགྲུབ། (1990-1995) བར་ལོ། 5 (100)བློ་བཟང་ཉི་མ།(1995-2002)7(101)ལུང་རིགས་རྣམ་རྒྱལ། (2002-)(102)རི་རྫོང་རིན་པོ་ཆེ་བཅས་བྱོན།ཡིན་ནའང་ཕྱི་མ་གཉིས་ཀྱི་ཁྲི་བཞུགས་པའི་ལོ་ཚིགས་བཀོད་པ་མ་མཐོང་བས་རེ་ཞིག་སྟོང་བར་མི་བསྐྱུར་ཀ་མེད་བྱུང་།

 

མཇུག་གི་གཏམ།

 

རབ་ཏུ་བྱུང་བ་ནས་དགའ་ལྡན་གསེར་ཁྲིའི་བར་ལོ་ངོ་མང་བོ་འགོར་འགྲོ་བ་ཡིན་ཏེ།བསྡུས་གྲྭ་འཛིན་གྲྭ་གསུམ་ལ་ལོ་གསུམ། ཕར་ཕྱིན་འཛིན་གྲྭ་ལྔ་ལ་ལོ་ལྔ། དབུ་མ་འཛིན་གྲྭ་གཉིས་སོ་སོར་ལོ་གཉིས་རེ་སྟེ་ལོ་བཞི།མཛོད་འཛིན་གྲྭ་གཉིས་ལ་ལོ་བཞི་བཅས་ཁྱོན་བསྡོམས་དགེ་བཤེས་ལྷ་རམས་པ་མ་ཐོན་བར་ལོ་ཉི་ཤུ་འགོར།དེའི་སྟེང་དུ་ལྷ་རམས་པའི་དམ་བཅའ་ལོ་གཅིག་ནས་བཅུ་གཉིས་བར་དུ་སྒུག་དགོས་ཤིང་། ལྷ་རམས་པའི་དམ་བཅའ་བཞེས་ནས་རྒྱུད་སྨད་དུ་ཞུགས་ནས་སྔགས་རམས་པའི་དམ་བཅའ་འཇོག་བར་ལོ་ལྔ།དགེ་བསྐོས་ཟླ་བ་བཞི། དབུ་མཛད་ལོ་གསུམ། མཁན་པོ་ལོ་གསུམ། མཁན་ཟུར་བྱས་ནས་ལོ་དུ་བཞུགས་ངེས་པ་མེད་ཅིང་།དགའ་ལྡན་བྱང་ཤར་གྱི་ཆོས་རྗེ་ལོ་བཅུ་བཞི་ཡིན་པས་དགའ་ལྡན་གསེར་ཁྲི་ཐོབ་པ་ལ་མ་མཐའ་ཡང་ལོ་ལྔ་བཅུ་དགོས་པ་རེད།དེའི་རིང་དུ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་བྱ་དགོས་པས་ཁོང་རྣམ་པའི་སྙིང་སྟོབས་དང་སྐུ་ཡོན་ལ་བསམ་ན་ངོ་མ་ཧ་ལས་པ་ཞིག་ཡིན།

དེ་བས་དགེ་ལུགས་པའི་སློབ་གསོ་ལས་རབ་ཏུ་བྱུང་བ་ནས་དགའ་ལྡན་གསེར་ཁྲིའི་བར་གྱི་སློབ་གཉེར་ལམ་ལུགས་ཁ་ཚང་བ་རེ་བརྗོད་པ་ནི་ཆེས་དོན་དང་ལྡན་པ་ཞིག་ལགས་ཀྱང་དཔྱད་གཞིའི་རྒྱུ་ཆའི་དབང་གིས་འཐུས་ཚང་བ་ཞིག་བརྗོད་པ་ལ་དཀའ་ངལ་ངེས་ཅན་ཞིག་ཡོད་འདུགཡིན་ནའང་། བདག་གིས་ངལ་བ་ཁྱད་དུ་བསད་ནས་རྒྱ་བོད་ཡིག་རིགས་གཉིས་ཀྱི་དཔྱད་གཞི་བཀླགས་ནས་མཛུབ་མོ་རི་སྟོན་ཙམ་ཞིག་བརྗོད་པ་འདི་ལ་ཡང་འདི་ལས་ནོར་འཛོལ་དང་ཆད་ལྷག་གང་མང་ཞིག་བྱུང་ཡོད་པར་ངེས་པས་ན་ཚུལ་འདིར་རྒྱུས་ཆ་ཡོད་པ་དག་གིས་སློབ་སྟོན་དང་ནོར་བཅོས་ཡོད་པར་ཞུ།

རྩོམ་ཁུངས།   ཤེས་རབ་གཡང་དཔེ་མཛོད་ཁང་། 

གསར་འགོད་པ།  ལོ་མ་དཀར་པོ།  



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། db3h བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23570183
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།