ང་ལ་ཏུན་ཧོང་གཏེར་ཕུག་གི་རིག་དངོས་ཇི་ལྟར་ཐོབ་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »ང་ལ་ཏུན་ཧོང་གཏེར་ཕུག་གི་རིག་དངོས་ཇི་ལྟར་ཐོབ་པ།
ང་ལ་ཏུན་ཧོང་གཏེར་ཕུག་གི་རིག་དངོས་ཇི་ལྟར་ཐོབ་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2021-01-13ལྟ་ཀློག (12562)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ང་ལ་ཏུན་ཧོང་གཏེར་ཕུག་གི་རིག་དངོས་ཇི་ལྟར་ཐོབ་པ།

我是如何获得藏经洞文物的----文/斯坦因

སི་ཐེ་ཨིན། ༼ཧང་ག་རི་ནས་ཡིན་པའི་དབྱིན་ཇི་བ།Aurel Stein.1862-1943༽

སྤྲེལ་ཉི་མ་རྒྱལ་མཚན་གྱིས་བསྒྱུར།

རྩོམ་པ་པོ་ངོ་སྤྲོད། 

      མ་འར་ཁུ•ཨོ་ལེ་འར•སི་ཐེ་ཨིན།  བསྡུས་མིང་ལ་སི་ཐེ་ཨིན་ཟེར།   དབྱིན་ཇིའི་སྐད་གྲགས་ཅན་གྱི་མཁས་པ། སྐྱེ་ཡུལ་ཧང་ག་རི་ཡིན་ཞིང་ཡ་ཧུ་ཏོའི་མི་རིགས་ཡིན།

    ༡༩༠༤ལོར་དབྱིན་ཇིའི་རྒྱལ་ཁོངས་སུ་ཞུགས། འཛམ་གླིང་གི་མང་དུ་གྲགས་པའི་གནའ་རྫས་རྟོག་ཞིབ་པ་དང་སྒྱུ་རྩལ་ལོ་རྒྱུས་མཁས་པ། སྐད་བརྡ་རིག་པ་བ། ས་ཁམས་རིག་པ་བ། མྱུལ་ཞིབ་པ།   རྒྱལ་སྤྱིའི་ཏུང་ཧོང་རིག་པའི་མེས་པོའི་ཡ་གྱལ། ཁོ་ནི་དེང་གི་དབྱིན་ཇི་དང་རྒྱ་གར་དུ་ཉར་བའི་ཏུན་ཧོང་དང་ཨེ་དབུས་ཀྱི་རིག་དངོས་འཚོལ་སྡུད་བྱེད་མཁན་གཙོ་བོ་ཡིན་ལ། ཞིབ་འཇུག་བྱེད་མཁན་དང་སྤྱི་བསྒྲགས་བྱེད་མཁན་སྔ་ཤོས་ཀྱི་གྲས་ཀྱང་ཡིན། ཁོའི་གསུང་རྩོམ་མང་པོ་ཞིག་ད་བར་དུ་སྔར་བཞིན་ཏུན་ཧོང་དང་ཐུའུ་ལུའུ་ཧྥན་རིག་པའི་ཞིབ་འཇུག་མཁན་གྱི་མེད་དུ་མི་རུང་བའི་རྒྱུ་ཆ་ཡིན་ལ། དེ་སྔོན་སྤྱི་ལོ་༡༩༠༠ནས་༡༩༠༡བར་དང་། ༡༩༠༦ནས་༡༩༠༨བར། ༡༩༡༣ནས་༡༩༡༦བར། ༡༠༣༠ནའ་༡༩༣༡ལོའི་བར་རིམ་བཞིན་ཨེ་དབུས་ལ་སྐད་གྲགས་ཡོད་པའི་རྟོག་ཞིབ་ཐེངས་བཞི་བྱས་མྱོང་ལ། རྟོག་ཞིབ་བྱེད་ཡུལ་གཙོ་བོ་ནི་ཀྲུང་གོའི་ཞིན་ཅང་དང་ཀན་སུའུ་ཡིན་ཞིང་། སི་ཐེ་ཨིན་ལ་སྤྱི་ལོ་༡༩༠༧ལོར་ཏུན་ཧོང་མའོ་ཀའོ་བྲག་ཕུག་ཏུ་ཝང་ཡོན་ལུའུའི་ལག་ནས་ཏུན་ཧོང་ཡིག་རྙིང་མི་ཉུང་བ་ཐོབ་བོ།།

མྱུལ་ཞིབ་པ་ཏུན་ཧོང་དུ་སླེབས་པ།

     ཟླ་བ་གསུམ་པར་ང་བྲེལ་བྲེལ་ངང་སྟོང་སྐུའི་ལྷ་ཁང་ལ་མཇལ་བས་གནས་འདིའི་ཕུན་སུམ་ཚོགས་པའི་ནང་བའི་སྒྱུ་རྩལ་གྱིས་བག་ཆགས་ཟབ་མོ་ཞིག་བཞག་སོང་། འོན་ཀྱང་ངའི་མཐའ་ཐུག་གི་དམིགས་ཡུལ་ནི་དེ་ཙམ་མིན། ཀྲ་ཞིས་ཏི་པའོ་ཁུ་ནི་འཇོན་ཐང་ལྡན་པའི་ཐུར་ཁེ་ཡི་ཚོང་པ་ཞིག་ཡིན་ལ། སྐབས་དེར་ཁོ་ཞིན་ཅང་ནས་ཏུན་ཧོང་དུ་མཐར་སྐྲོད་བཏང་རྗེས་ས་དེའི་མུའུ་སི་ལིན་གྱི་ཚོང་བ་སྐོར་ཞིག་གི་འགོ་བདག་ཏུ་གྱུར་ཡོད།

1907ལོའི་ཏུན་ཧོང་མའོ་ཀའོ་བྲག་དགོན།

       ངས་ཀྱང་ཏག་ཏག་ཀྲ་ཞིས་ཏི་པའོ་ཁུ་ནས་གཏེར་ཕུག་ལས་གློ་བུར་དུ་གནའ་བོའི་ཡིག་རྙིང་ཤོག་དྲིལ་འབོར་ཆེན་རྙེད་པའི་གནས་ཚུལ་ཐོས། གོ་ཐོས་སུ་རིན་ཐང་བྲལ་བའི་ནོར་བུ་འདི་དག་བར་སྐབས་དེར་དཔོན་གཞུང་གིས་བཀག་སྡོམ་ཉར་ཚགས་བྱ་དགོས་པའི་བཀའ་ཕབ་ཡོད་ལ།     ཏའོ་ལུགས་པ་ཞིག་གིས་དོ་དམ་གྱི་འགན་ཁུར་ཡོད་སྐད།     ཀྲ་ཞིས་ཏི་པའོ་ཁུ་ཡིས་གནའ་བོའི་ཤོག་དྲིལ་འདི་དག་གི་ཁྲོད་ན་རྒྱ་ཡིག་མིན་པའི་རྒྱུ་ཆའང་ཡོད་པར་བཤད་འདུག་པས་དེ་ཡིས་ང་ལ་འཚོལ་ཞིབ་མཐར་ཐུག་པ་ཞིག་བྱེད་འདོད་སྐྱེས། སྐུ་ངོ་ཅང་ལ་༼དཔོན་རོགས་ཅང་༽ལ་འདྲི་ལུང་འདྲི་བྱས་རྗེས་གཏམ་དེ་ཁུངས་ལུང་ཡོད་པ་བདེན་དཔང་བྱས་ཤིང་། དེའི་ཕྱིར་ངེད་གཉིས་ཀྱིས་ཞིབ་ཚགས་དང་མགོ་རྔ་ཡོད་པའི་འཆར་གཞི་ཞིག་བཟོས་ཏེ་ཧ་ཅང་འོས་འཚམས་ཀྱི་ཐབས་ཤེས་བཀོལ་ནས་གནའ་བོའི་ཤོག་དྲིལ་འདི་དག་ཐོབ་རྩིས་བྱས། 

མའོ་ཀའོ་བྲག་ཕུག་ལྷོ་ཁུལ།

    ང་རང་སླེབས་པའི་སྐབས་སུ་ཏའོ་ལུགས་པ་ཝང་ཏག་ཏག་ལག་རོགས་པ་གཉིས་དང་མཉམ་དུ་ཕྱི་རོལ་ལ་ཞལ་འདེབས་བསྡུ་རུ་ཕེབས་སོང་།  གལ་ཏེ་སྐབས་འདིར་ང་ཚོའི་འཆར་གཞི་ཡོད་ཚད་གསལ་བོར་བཤད་པ་ཡིན་ན་དེ་ནི་ཐབས་མཆོག་ཅིག་མིན། སྟབས་ལེགས་པ་ཞིག་ལ་ཤུལ་དུ་བསྡད་ནས་ལྟ་སྲུང་བྱེད་མཁན་བོད་ཀྱི་གྲྭ་བ་དེས་གནས་ཚུལ་རེ་འགའ་ཤེས་པས་སྐུ་ངོ་ཅང་གིས་ལས་སླ་མོའི་ངང་ཁོའི་ཁ་ནས་རིན་ཐང་མཆིས་པའི་ནང་གི་གནས་ཚུལ་འགའ་ལོན་སོང་།    ཁོས་བཤད་པ་ལྟར་ན་གཏེར་ཆོས་ནི་བྲག་ཕུག་ཆེ་བ་ཞིག་ལས་རྙེད་པ་ཡིན་ལ་བྲག་ཕུག་དེ་བྱང་ཕྱོགས་སུ་གཏད་ཡོད་ཅིང་།༼ལྷ་ཁང་གཙོ་བོ།༽འཛུགས་སྐྲུན་གྱི་ཕྱི་རོལ་ལ་གསར་དུ་དཀར་རྩི་བྱུགས་འདུག་པས་ཏའོ་ལུགས་པ་ཝང་གིས་ཉེ་དུས་ཡོངས་སུ་ཉམས་གསོ་ཐེངས་གཅིག་བྱས་པ་གསལ་བོ་ཤེས། ཁོ་འདིར་སླེབས་ཏེ་ཧ་ལམ་ལོ་ངོ་བདུན་ལྷག་འགོར་ཡོད། བྲག་ཕུག་ཏུ་འགྲོ་སའི་ལམ་ཁ་བྱེ་རྡོ་ཉིལ་ནས་ཁེགས་འདུག་ལ་དེ་ནི་ལྷོ་ཕྱོགས་སུ་གཏད་པའི་བྲག་ཕུག་གི་གནས་ཚུལ་དང་འདྲ་བོ་རེད།  དེ་དུས་བྲག་ཕུག་དང་དེའི་མདུན་ཐང་ལ་ཉམས་གསོ་བྱེད་སྐབས་ལག་ཤེས་པས་བྲག་ཕུག་གཉིས་མཐུད་གནས་ཀྱི་ཁྱམས་ལྡེབས་སུ་གས་སྲུབས་ཞིག་མཐོང་བ་མ་ཟད་སོ་ཕག་བརྩིགས་པའི་གྱང་སྲུབས་ལས་བྲག་རྡོའི་ནང་དུ་གནས་པའི་གསང་ཁང་ཞིག་རྙེད་པ་རེད།        གོ་ཐོས་སུ་གསང་ཁང་གི་སྒོ་ཕྱེ་སྐབས་ནང་དུ་རྒྱ་ཡིག་གིས་བྲིས་ཤིང་ཀློག་དཀའ་བའི་ཤོག་དྲིལ་འབོར་ཆེན་གྱིས་ཁེངས་འདུག་ཅིང་དེའི་གྲངས་ཀ་ཧ་ཅང་མང་ལ་བཤད་པ་ལྟར་ན་ཤིང་རྟ་འགའ་བཀང་ཆོག་ཟེར། བྲག་ཕུག་ལས་ཤོག་དྲིལ་རྙེད་པའི་གནས་ཚུལ་དེ་ཏུན་ཧོང་དང་རྒྱང་ཐག་རིང་བའི་ལན་ཀྲུའུ་ལ་འབྱོར། དེ་སྔ་ས་གནས་དེ་གའི་དཔོན་པོས་མ་དཔེ་འགའ་བསྐྱལ་ཡོང་རྒྱུའི་བཀའ་ཕབ་ཀྱང་མཐར་ཀན་སུའུ་ཞིང་ཆེན་སྲིད་གཞུང་གིས་བཀའ་བརྡ་བཏང་ནས་ཤོག་དྲིལ་མཐའ་དག་ཏུན་ཧོང་ས་གནས་རང་ནས་བཀག་སྡོམ་ཉར་ཚགས་བྱེད་དགོས་པ་བཤད། དེའི་ཕྱིར་དེ་སྔ་ནང་དོན་མ་རྟོགས་པའི་གཏེར་ཡིག་འདི་དག་ཡང་བསྐྱར་རྙེད་སའི་བྲག་ཕུག་ཏུ་བཀག་སྡོམ་ཉར་ཚགས་བྱས་ཏེ་ཏའོ་ལུགས་པ་ཝང་ནས་དོ་དམ་གྱི་འགན་ཁུར།        ཏའོ་ལུགས་པ་ཝང་མི་འདུག་པས་གཏེར་ཕུག་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་ང་ཚོས་ཤེས་ཐབས་བྲལ། འོན་ཀྱང་ཁོ་བོས་གཏེར་ཕུག་གནས་སར་ལྟ་ཞིབ་བྱས། གྲྭ་བ་ལོ་ཆུང་དེའི་དགེ་རྒན་ནི་བོད་ནས་ཡིན་ལ་ཁོ་ཡང་ཕྱི་ལ་ཞལ་འདེབས་བསྡུ་རུ་ཕེབས་འདུག་ལ། ཁོའི་གནས་སྐབས་ཀྱི་ཤག་ནི་རྙིང་རལ་དུ་གྱུར་བའི་ཁང་མིག་ཆུང་བ་ཞིག་ཡིན་ཞིང་དེ་ནི་མ་གཞིར་གནས་མཇལ་བ་འདུག་ས་ཡིན།  ཁོས་དེ་སྔ་ཤོག་དྲིལ་ཞིག་གཡར་ནས་ཁང་མིག་རྙིང་བ་དེའི་ནང་ལ་བཞག་ཡོད་པས་ཁང་པར་མཛེས་ཉམས་འགའ་བསྣན་འདུག

མའོ་ཀའོ་བྲག་ཕུག་ཨང་དྲུག་ཅུ་རེ་གཅིག་པ། ༼འཇམ་དབྱངས་ཁང་ཡང་ཟེར།༽

    སྐུ་ངོ་ཅང་གིས་གྲྭ་བ་ལོ་ཆུང་དེ་ལ་བཤད་མཐར་དགེ་རྒན་གྱི་ཁང་བའི་ནང་གི་ཤོག་དྲིལ་ཁྱེར་འོང་ནས་བལྟས།  འདི་ནི་ཉར་ཚགས་བྱས་པ་ཤིན་ཏུ་ལེགས་པའི་ཤོག་དྲིལ་ཞིག་ཡིན་ཞིང་ཚངས་ཐིག་ལ་དབྱིན་ཁྲེ་༡༠ཡོད་ཅིང་རིང་ཚད་ལ་དབྱིན་ཁྲེ་༡༥འདང་ངེས། ཤོལ་དྲིལ་ནི་སེར་སྐྱ་ཡིན་ལ་བལྟས་ཚུལ་གྱིས་ཧ་ཅང་གསར་བ་དང་སྲ་བརྟན་ཡིན། གནས་འདིའི་མཁའ་དབུགས་སྐམ་ཤས་ཆེ་བས་ཤོག་དྲིལ་ཆེད་དུ་གསང་ཁང་འདིར་ཉར་ཚགས་བྱས་པ་ཞིག་ཡིན། དེའི་ཕྱིར་ཤོག་བུའི་ཕྱི་ནས་དེ་ལོ་ག་ཚོད་འགོར་ཡོད་པ་བརྡར་ཤ་གཅོད་དཀའ་མོད།   འོན་ཏེ་ཞིབ་ཚགས་ཀྱི་ཤོག་རིས་དང་བརྡར་ནས་འཇམ་ཐིང་ཐིང་དུ་གྱུར་བའི་ཤོག་ངོས་ལས་དེའི་ལོ་རབས་ཤིན་ཏུ་འགོར་ཡོད་པ་མཐོང་ཐུབ་ལ།    ཤོག་དྲིལ་འདིའི་ཡིག་གཟུགས་གསལ་ཞིང་མཛེས་པོ་འདུག་ཅེས་པ་ནི་ང་དང་སྐུ་ངོ་ཅང་གི་ཐུན་མོང་གི་ལྟ་ཚུལ་ཡིན། ཤོག་དྲིལ་སྟེང་གི་ཡི་གེ་ནི་དངོས་གནས་རྒྱ་ཡིག་ཡིན་ཞིང་སྐུ་ངོ་ཅང་ལ་ཤེས་ཡོན་ཆེན་པོ་ལྡན་མོད་ཁོས་ཀྱང་ཚིག་དུམ་གཅོད་མི་ཐུབ་པ་སྦ་གསང་མེད་པར་ཁས་མི་ལེན་ཐབས་མེད་བྱུང་། འོན་ཀྱང་ཅུང་མ་འགོར་བར་ངས་ཅི་ཡིན་པ་གསལ་བོར་གོ་སོང་ཞིང་།   སྐུ་ངོ་ཅང་གིས་མུ་མཐུད་ནས་བྱང་ཆུབ་སེམས་དཔའ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་གཏན་ཁེལ་ཐ་སྙད་འགའ་ཀློག་པས་ངས་དེ་ནི་ཀྲུང་གོའི་ནང་བསྟན་ལས་རིགས་ཁག་ལ་རྒྱུས་ཆེ་བ་དང་ལེགས་སྦྱར་ནས་བསྒྱུར་ཡོང་བའི་༼བྱང་ཆུབ་སེམས་མདོ་༽དང་༼ཤེར་མདོ་༽ཡིན་པ་ཧ་གོ་སོང་།  ནང་པའི་ཆོས་གཞུང་གི་ཡི་གེའི་ནང་དོན་ཧ་ཅང་གོ་དཀའ་བའི་སྟབས་ཀྱིས་སྐུ་ངོ་ཅང་དང་བཅས་པ་སུ་ཡིན་ཡང་ང་ཚོའི་མདུན་གྱི་ཤོག་དྲིལ་འདི་ད་སྔ་ཚུན་ཆད་ལ་ཆོས་གཞུང་ཡིན་པ་ངོས་ཟིན་མེད། ཤོག་དྲིལ་འདི་ལ་ཐོག་མའི་གསལ་འབྱེད་བྱས་རྗེས་གཏེར་ཕུག་ཏུ་ཉར་བའི་ཡི་གེ་དག་ལས་གཙོ་བོ་ནི་སངས་རྒྱས་ཀྱི་ཆོས་དཔེ་ཡིན་པ་ངོས་འཛིན་བྱེད་ཆོག

མའོ་ཀའོ་བྲག་ཕུག་གི་གཏེར་ཕུག་ནས་ཐོན་པའི་ཤོག་དྲིལ།

      སུང་རྒྱལ་རབས་ཀྱི་༼སྤྱི་ལོ་960རྒྱལ་ཁབ་ཚུགས།༽ཡིག་སྒྲིག་པར་འདེབས་ལག་རྩལ་བྱུང་རྗེས་ཀྲུང་གོའི་དཔེ་ཆ་མང་པོ་དཔེ་དེབ་ཏུ་བཟོས་ཏེ་ད་ལྟའི་དེབ་དང་འདྲ་བོ་ཡིན། དཔེ་ཆ་འདི་ཤོག་དྲིལ་རིང་པོ་ཞིག་གི་སྟེང་དུ་བྲིས་

ཡོད་ཕྱིར་འདིའི་དུས་རབས་ནི་དུས་ཡུན་ཧ་ཅང་རིང་པོ་འགོར་ཡོད་པ་གསལ་བཤད་བྱེད་ཐུབ། གནའ་བོའི་ཤོག་དྲིལ་མང་པོ་ཞིག་རྙེད་འདོད་ཡོད་པས་དེ་དག་རྡོ་ཁབ་ལེན་ཆེན་པོ་ཞིག་དང་འདྲ་བར་ང་རང་བཀུག་ནས་སླར་ཡང་སངས་རྒྱས་སྟོང་སྐུའི་བྲག་ཕུག་ཏུ་སླེབས་པ་ཡིན། དངོས་གནས་འདི་རུ་ཐོན་དུས་ངས་རང་ཉིད་ཀྱི་འཆར་གཞི་ལ་སེམས་ཁུར་མི་བྱེད་ག་མེད་བྱུང་། རྒྱུ་མཚན་ནི་ང་ལ་ས་དེ་ནས་གནས་ཚུལ་གསལ་བོ་འབྱོར་བར་གཞིགས་ན་གཏེར་ཕུག་ལ་སྲུང་སྐྱོབ་བྱེད་བཞིན་པའི་ཏའོ་ལུགས་པ་ཝང་ནི་རང་འགན་ནན་སྒྲུབ་དང་སེམས་གནད་པའི་མི་ཞིག་ཡིན་ཟེར།     

མའོ་ཀའོ་བྲག་ཕུག་གི་གཏེར་ཕུག་ནས་ཐོན་པའི་ཤོག་དྲིལ།

     གཏེར་ཕུག་གནས་སའི་དགོན་པ་དེ་བལྟོས་ཚོད་ཀྱིས་རྙིང་རུལ་དུ་གྱུར་ཡོད་ནའང་སྔར་བཞིན་ས་གནས་མིས་དད་མོས་བྱེད་སའི་གནས་མཆོག་ཅིག་ཡིན་པས་གཏན་ནས་གུས་མེད་རྩུབ་སྤྱོད་གང་ཡང་བྱེད་མི་འོས། འདིས་ཀྱང་ངའི་གནའ་རྫས་རྟོག་ཞིབ་ཀྱི་ལས་ཀར་དཀའ་ལས་བཟོས། འཇོན་ཐང་ལྡན་པའི་སྐུ་ངོ་ཅང་གིས་གཏེར་ཕུག་གི་སྒོ་སྲུང་གྲྭ་བའི་གཤིས་ཀ་དང་སྤྱོད་ཚུལ་ལ་འབྲེལ་བ་ཡོད་པའི་གནས་ཚུལ་དག་འཚོལ་སྡུད་བྱས་ཡོད་པས་འདིས་ང་ལ་དགོས་ངེས་ཀྱི་དུས་སུ་གཟབ་ནན་དང་དལ་ལྷོད་ངང་འགུལ་སྐྱོད་བྱེད་དགོས་པའི་བསམ་བློ་ཞིག་སྐྱེས་ཡོང་། སྐུ་ངོ་ཅང་གིས་ཐབས་ཤེས་ཡོད་དགུ་བཏོན་ནས་ཏའོ་ལུགས་པ་ཝང་བློ་འགུག་བྱས་ཏེ་ང་རང་སླེབས་པར་སྒུག་ནས་ཡོད།   ལོ་རེ་ཐེངས་རེའི་གནས་མཇལ་སྦྱོར་བ་མཇུག་བསྒྲིལ་མ་ཐག་ནས་ལྷ་ཁང་བཞེངས་པའི་ཞལ་འདེབས་བསྡུ་འགོ་བརྩམས་པ་མིན། སྟབས་ལེགས་པ་ཞིག་ལ་ཏུན་ཧོང་གི་རྫོང་དཔོན་གཞོན་པ་ཝང་ལགས་ཁོ་བོའི་གནའ་རྫས་རྟོག་ཞིབ་བྱ་བར་སྤྲོ་བ་ཡོད་སྟབས་ང་ལ་རིམ་བཞིན་ས་གནས་དེའི་མིས་དགའ་བསུ་ཐོབ་ཅིང་ངས་རང་ཉིད་ཀྱི་མཁས་པའི་ཐོབ་ཐང་སྤྱད་ཆོག་ལ། ས་གནས་མིས་ངའི་ཞིབ་འཇུག་གི་དམིགས་ཡུལ་དང་ཁ་ཕྱོགས་ལ་ལྟ་ཚུལ་འདྲ་མིན་འདོན་མི་སྲིད་དོ།། ཟླ་༥ཚེས༢༡ཉིན་ང་ཡང་བསྐྱར་ཏུན་

ཧོང་བྲག་ཕུག་ལ་སླེབས་ཏེ་ངས་སྔོན་ནས་བཀོད་པའི་འཆར་གཞི་ལག་སྟར་བྱེད་པར་གྲ་སྒྲིག་བྱས།   དགའ་འོས་པ་ཞིག་ལ་ཏའོ་ལུགས་པ་ཝང་དང་ཁོའི་ལག་རོགས་གཉིས། ད་དུང་ཐོབ་ཐང་དམའ་བའི་བོད་ཀྱི་གྲྭ་བ་༼ཁོས་རྒྱ་སྐད་མི་ཤེས་པས་ངའི་འཆར་གཞི་ལ་ཉེན་ཁ་ཅི་ཡང་མེད་༽བཅས་ལས་གནའ་ཤུལ་དུ་མི་གཞན་པ་གཅིག་ཀྱང་མེད་ལ། ས་སྟོང་ལུང་སྟོང་དུ་གནས་པས་མི་རྣམས་ཀྱིས་བརྗེད་ཟིན་པའི་གནས་ཤིག་དང་འདྲ་ཞིང་། ཏའོ་ལུགས་པ་ཝང་གིས་དེར་ང་སླེབས་པར་སྒུག་ནས་བསྡད་འདུག་ལ།   ལོ་ཟླ་འདི་དག་གི་དུས་ཚོད་མང་ཆེ་བའི་ནང་ཁོ་ནི་རང་རློམ་ཁེངས་དྲེགས་དང་རང་འགན་ལ་ལྷག་བསམ་རྣམ་དག་ཡིན་པའི་མི་ཞིག་རེད་ཅེས་བརྗོད་ཆོག

ཁོ་བལྟས་ཚོད་ཀྱིས་ཡ་མཚན་ཞིག་སྟེ། མི་ཆ་མེད་མཐོང་ཙམ་གྱིས་ངོ་ཚ་བ་དང་འཚུབ་ཆ་ཆེ་བ་ཞིག་ཡིན་ཞིང་། འོན་ཀྱང་གདོང་ལ་གཡོ་སྒྱུ་ཆེ་བའི་རྣམ་འགྱུར་ཞིག་བསྟན་ནས་མི་རྣམས་ཀྱིས་ཚོད་དཔག་བྱེད་དཀའ་བ་ཞིག་ཀྱང་རེད། ངས་ཐོག་མ་ཉིད་ནས་ཁོ་ནི་ངོ་ཡ་བྱེད་དཀའ་བའི་མི་ཞིག་ཡིན་པ་ཚོར་བྱུང་།  

སྐད་གྲགས་ལྡན་པའི་བྲག་ཕུག་ཨང་བཅུ་བདུན་པ།

ཁོ་དང་མཉམ་དུ་བསྡད་པའི་དུས་ཚོད་རིང་དྲགས་པར་གཡོལ་ཆེད་ཉིན་གཉིས་པའི་ཞོགས་པར། ངས་བྲག་ཕུག་གཙོ་བོ་འགའ་ལ་རྟོག་ཞིབ་བྱེད་འགོ་བརྩམས་པ་དང་ཅུང་གལ་ཆེ་བའི་ལྡེབས་རིས་འགའ་ལ་པར་བརྒྱབ། འདི་ལ་བརྟེན་ནས་ངའི་ཐེངས་འདིའི་དམིགས་ཡུལ་གཙོ་བོ་དེ་གཡོ་འགེབས་བྱེད་དགོས། ང་རང་ཆེས་བྱང་སྣེ་ཡི་བྲག་ཕུག་ཏུ་སླེབས་སྐབས་ངས་གཏེར་ཕུག་གི་འཛུལ་སྒོར་གཅིག་བལྟས་པ་ཡིན།       དེ་ནི་གཏེར་ཡིག་འབོར་ཆེན་རྙེད་སའི་གནས་ཡིན་ལ། གཏེར་ཡིག་ཤོག་དྲིལ་དག་ད་ལྟའི་བར་བཀག་སྡོམ་ཉར་ཚགས་བྱས་ཡོད། གཏེར་ཕུག་ཏག་ཏག་ཏའོ་ལུགས་པ་ཝང་གིས་ཉམས་གསོ་བྱས་པའི་བྲག་ཕུག་གི་འགྲམ་དུ་གནས་ཤིང་།   གཏེར་ཕུག་གི་གསང་སྒོ་བར་ཁྱམས་ཀྱི་མཐིལ་ལས་དབྱིན་ཁྲུ་ལྔ་ཙམ་གྱིས་མཐོ་ལ།   ང་སེམས་མི་བདེ་བ་ཞིག་ནི་གུ་དོག་པའི་གསང་སྒོ་སོ་ཕག་གིས་བཅད་ཟིན་པ་དེ་ཡིན་ཞིང་ཕར་ཆེར་བསམ་བཞིན་དུ་ང་ལ་དཀའ་ལས་གཏོད་པ་དང་འདྲ། འདིས་ཁོ་བོར་རང་དབང་མེད་པར་Jesalmirཡི་གྲྭ་བ་ཚོས་གནའ་བོའི་ཏ་ལེ་ལོ་མའི་ཆོས་དཔེ་དགོན་པའི་ནང་དུ་སྦས་ཏེ་མཁས་པ་ཚོར་བསམ་བཞིན་ཞིབ་འཇུག་བྱེད་དུ་མ་བཅུག་པ་དེ་དྲན། ངའི་འཆར་གཞིའི་གཙོ་བོའི་གོམ་པ་དང་པོ་ནི་ཤོག་དྲིལ་ཆ་ཚང་བརྩིགས་པའི་ཐོག་མའི་རྣམ་པ་དང་ཉར་ཚགས་ཀྱི་གནས་ཚུལ་ལ་བལྟ་རྒྱུ་དེ་ཡིན། ཏའོ་ལུགས་པ་ཝང་ཉམས་གསོ་ཅུང་ཙམ་བྱས་པའི་བྲག་ཕུག་ཅིག་ཏུ་བསྡད་ཡོད་ལ། ང་ཚོའི་རེ་འདོད་ལ་ཁོ་འཐད་པ་བྱུང་ཆེད་ཁོ་བོས་སྐུ་ངོ་ཅང་ཁོའི་སྡོད་གནས་སུ་ཆེད་མངགས་ཀྱིས་འབྲེལ་འདྲིས་བྱས་ཏེ་ཐབས་ཤེས་གང་ཡོད་བཏོན་ཡང་གྲོས་མོལ་ཀྱི་འཕེལ་ཚད་ཧ་ཅང་དལ། ང་ཚོས་ཏའོ་ལུགས་པ་ཝང་ལ་ལྷ་ཁང་ཉམས་གསོ་རུ་ཞལ་འདེབས་བྱེད་རྒྱུ་ཁས་བླངས་རྗེས་ཁོས་གཞི་ནས་གཏེར་ཕུག་གི་འཛུལ་སྒོ་བཀག་སྡོམ་བྱེད་དོན་ནི་མཇལ་བ་རྣམས་ཀྱི་མཚར་སྣང་ལ་དོགས་ཟོན་ཆེད་ཡིན་ཞེས་བཤད། ཉེ་བའི་ལོ་འདི་དག་གི་རིང་མཆོད་མཇལ་དུས་ཆེན་ལ་སླེབས་དུས་གནས་མཇལ་དུ་ཡོང་བའི་མཇལ་བ་སྟོང་ཕྲག་དུ་མ་བརྒལ་ནས་གནས་ཡོངས་སུ་འཚང་ཁ་ཤིག་ཤིག་ཡིན། འོན་ཀྱང་ཁོ་ང་ཚོར་བློ་དོགས་སྐྱེས་ནས་ཤོག་དྲིལ་ཚ་ཚང་ལ་བལྟ་རྒྱུའི་རེ་བ་གཏན་ནས་ཁས་མ་བླངས་ཤིང་ཁོས་ང་ཚོར་ཁས་བླངས་པ་ཉག་གཅིག་ནི་རང་ཉིད་ཀྱི་ལག་ཏུ་ཉར་བའི་ཤོག་དྲིལ་འགའ་ལ་བལྟ་རུ་འཇུག་རྒྱུ་དེ་ཡིན་ལ་ད་དུང་ཆ་རྐྱེན་མང་པོ་བཏོན་སོང་། སྐུ་ངོ་ཅང་བྲེལ་བ་ཆེ་དྲགས་པས་ཏའོ་ལུགས་པ་ཝང་ལ་སུན་པོ་བཟོས་ཏེ་ང་ཚོའི་ཁྱོན་ཡོངས་ཀྱི་འཆར་གཞི་དེ་མ་ཐག་ལེགས་འགྲུབ་མི་ཡོང་བའི་ཉེན་ཁར་འཕྲད། ཡིན་ཡང་གྲོས་མོལ་ལ་མཇུག་འབྲས་འགའ་ཤས་ཐོབ་པ་སྟེ་ང་ཚོས་ཏུན་ཧོང་དུ་གནས་ཚུལ་འགའ་རེ་ཐོས་པ་དེ་གྲོས་མོལ་གྱི་གོ་རིམ་ཁྲོད་བདེན་དཔང་བྱས། གཏེར་ཕུག་ནས་ཤོག་དྲིལ་རྙེད་པའི་གནས་ཚུལ་དེ་སུའུ་ཀྲིག་ས་གནས་དཔོན་གྱིས་ཀན་སུའུ་ཞིང་ཆེན་གཞུང་ལ་སྙན་ཞུ་ཕུལ་སྐབས་སྲིད་གཞུང་ཡ་མིན་ནས་ཤོག་དྲིལ་སྐོར་ཞིག་ཞིང་ཆེན་སྲིད་གཞུང་ལ་བསྐྱལ་དགོས་པའི་བཀའ་ཕབ་ཀྱང་རྗེས་སུ་ཡང་བསྐྱར་བཀའ་བརྡ་བཏང་སྟེ་ཤོག་དྲིལ་ཡོད་ཚད་ཉར་ཚགས་གང་ལེགས་གནང་དགོས་ཞེས་བཤད། ཏའོ་ལུགས་པ་ཝང་གིས་དཔོན་གཞུང་གི་བྱེད་ཕྱོགས་ལ་ཡིད་མ་ཚིམ་པའི་བཤད་སྟངས་ཀྱིས་སྐུ་ངོ་ཅང་གིས་སེམས་ཁུར་བྱེད་བཞིན་པའི་དོན་དག་ཅིག་སྟེ་ཏའོ་ལུགས་པ་ཝང་གིས་གྲོས་མོལ་མཚམས་འཇོག་སྲིད་པ་དེ་སེལ་བར་བྱས། ཏའོ་ལུགས་པ་ཝང་གིས་བཤད་པ་ལྟར་ན་ཁོས་དེ་སྔ་ལན་ཀྲོའུ་ཡི་ཞིང་ཆེན་སྲིད་གཞུང་ཡ་མིན་ལ་ནང་བའི་ཆོས་དཔེའི་ཤོག་དྲིལ་སྐོར་ཞིག་བསྐྱལ་ནའང་དཔོན་གཞུང་དེ་ལ་སྤྲོ་བ་མེད་ཅིང་ཐ་ན་དཔོན་གཞུང་གིས་ཤོག་དྲིལ་འདི་དག་ཇི་ལྟར་ཉར་ཚགས་བྱ་རྒྱུའི་ཐད་བཀོད་སྒྲིག་གང་ཡང་མ་བྱས་པ་མ་ཟད་ཁོས་དཀའ་སྡུག་གང་མང་བརྒྱུད་དེ་ལྷ་ཁང་ཉམས་གསོ་བྱས་ནས་ཤོག་དྲིལ་འདི་དག་རྙེད་པའི་བྱས་རྗེས་ལའང་བྱ་དགའ་གཅིག་ཀྱང་མ་གནང་བ་འདིས་ཏའོ་ལུགས་པ་ཝང་ཁོང་ཁྲོ་ལངས་སུ་བཅུག་ཡོད་ཅིང་ཁོས་སྦ་གསང་ཅི་ཡང་མེད་པར་ང་ཚོ་ལ་སྐབས་དེའི་སྡུག་སྣང་ཚང་མ་བརྗོད། སྐབས་དེར་དཔོན་གཞུང་གིས་ཤོག་དྲིལ་འདི་དག་རང་སོར་གནས་པའི་སྒོ་ནས་ཤིང་རྟ་བདུན་གྱི་ནང་བརྩིགས་ཏེ་སྐྱེལ་འདྲེན་བྱེད་དགོས་ཞེས་རྩིབ་གཅོད་ཀྱི་བཀའ་ཞིག་བཏང་ཡང་རྗེས་སུ་དབོར་གླ་མི་འདང་བ་དང་ཉར་ཚགས་བྱེད་རྒྱུ་དཀའ་ལས་ཆེ་བས་མཚམས་བཞག་སོང་། དེ་བས་ཤོག་དྲིལ་རང་སར་གནས་པའི་ངང་ནས་ཏའོ་ལུགས་པ་ཝང་ལ་སྤྲད་དེ་བདག་ཉར་བྱེད་དགོས་པའི་བཀའ་ཕབ། 

སྐུ་ངོ་ཅང་གི་སྐད་ཆས་ཏའོ་ལུགས་པ་ཝང་གི་ཡ་མཚན་པའི་གཤིས་ཀ་ངའི་འཆར་གཞི་མངོན་གྱུར་ཡོང་བའི་བར་ཆད་ཆེ་ཤོས་ཡིན་པ་ཤེས་སོང་ལ།  དངུལ་བཀོལ་ནས་ཚུར་འགུག་མི་ཐུབ་པ་གསལ་པོ་ཡིན་ཞིང་འདིས་ཁོའི་ཆོས་ལུགས་ཀྱི་དད་སེམས་ལ་གནོད་ངེས་པའམ་ཡང་ན་དད་ལྡན་མི་སེར་ལ་ཕོག་ཐུག་བསླང་སྲིད་པས་ཡང་གཅིག་བཤད་ན་ཉེན་ཁ་གཉིས་འཛོམས་ཀྱང་སྲིད།         ཁོ་བོས་བསམ་ན་ཐབས་ལེགས་ཤོས་ནི་སྔོན་དུ་ཏའོ་ལུགས་པ་ཝང་གི་གཤིས་སྤྱོད་ལ་རྒྱུས་ལོན་གསལ་བོ་བྱེད་རྒྱུ་རེད།  དེ་བས་སྐུ་ངོ་ཅང་གི་འགྲོ་རོགས་འོག་ཁོ་བོ་ཆེད་དུ་ཁོ་ལ་འཚམས་འདྲི་བྱེད་དུ་སོང་སྟེ་ཁོས་ཉམས་གསོ་བྱས་པའི་གཙུག་ལག་ཁང་ཚང་མ་ལྟ་སྐོར་བྱེད་འདོད་པའི་རེ་བ་བཏོན། ལོ་བརྒྱད་ཀྱི་སྔོན་ཁོ་ཏུན་ཧོང་ལ་སླེབས་པ་ནས་བཟུང་འདི་དག་ཁོའི་འགན་ཁུར་གཙོ་བོ་དང་བསམ་པའི་བཅོལ་ས་དེ་ཡིན། དེའི་ཕྱིར་ངའི་རེ་བ་ཏའོ་ལུགས་པ་ཝང་གིས་དགའ་སྤྲོའི་ངང་ནས་ཁས་བླངས་ལ། ཁོས་ང་ཚོ་ཁྲིད་དེ་བྲག་ཕུག་གི་མདུན་ཁྱམས་དང་མཐོ་ཞིང་བརྗིད་པའི་སོ་ཕག་དང་ཤིང་གིས་བསྐྲུན་པའི་ཚོམས་ཆེན་དུ་སླེབས། འདིའི་འཛུགས་སྐྲུན་གྱི་གདུང་མ་རྐོས་རིས་མ་དང་ཚོན་མདངས་རྣམ་པར་བཀྲ་བར་ངས་སྔོན་ནས་བསམ་བློ་བཏང་ཟིན་པའི་ཐ་སྙད་སྤྱད་ནས་བསྟོད་སྔགས་བྱས། ང་ཚོ་གཏེར་ཕུག་གི་མདུན་གྱི་བར་ཁྱམས་བརྒྱུད་ནས་འགྲོ་སྐབས་གཏེར་ཕུག་གི་བསླུ་བྲིད་ཁོ་བོས་དངོས་གནས་འགོག་ཐབས་བྲལ་ལ། དེ་གཡོན་ཕྱོགས་ཀྱི་ཕྱི་ལོགས་ན་གནས་ཡོད་ཅིང་། འཛུལ་སྒོ་ནི་ཐབས་ཆག་གིས་སོ་ཕག་བརྩིགས་ཏེ་བཅད་འདུག་ཅིང་།   

སི་ཐེ་ཨིན་གྱིས་གདན་འདྲེན་ཞུས་པའི་དཔོན་རོགས་པ་ཅང་ཞའོ་བན། སྐུ་ངོ་ཅང་།

    ཁོ་བོས་ཐད་ཀར་དུ་ང་ཚོའི་ལྷག་བསམ་རྣམ་པར་དག་པའི་ལམ་ཁྲིད་པ་འདི་ལ་གཏེར་ཕུག་གི་ནང་དུ་ཅི་ཡོད་པ་དྲིས་མ་བྱུང་ལ་བྲག་ཕུག་འདི་ཇི་ལྟར་ཆ་ཚང་བར་ཉམས་གསོ་གནང་བའི་སྐོར་འདྲི་རྩད་བྱས། ངས་བསམ་ན་ཁོས་དེ་སྔ་ལྷག་བསམ་གྱིས་བྱ་བ་འདི་དག་བསྒྲུབས་པས་རང་ཉིད་ལ་དགའ་སྣང་ཐོབ་ཡོད།

བྲག་ཕུག་འདི་དག་ལས་གཅིག་གི་མཐོ་ཚད་ལ་ཕལ་ཆེར་དབྱིན་ཁྲེ་༥༦དང་ཞེང་ལ་དབྱིན་ཁྲེ་༤༦ལྡན་ཞིང་རྟ་རྨིག་གི་དབྱིབས་ཀྱི་དཀྱིལ་ཁྲི་ཞིག་འདུག་ལ་དེ་ཧ་ཅང་རྙིང་བ་ཡིན་ཡང་བསྐྱར་དུ་ཚོན་རྒྱན་བྱུགས་ཟིན་པའི་སྟེང་ན་གསར་དུ་བཞེངས་པའི་འཇིམ་སྐུ་འགའ་གྲལ་བསྒྲིགས་ནས་བཞུགས་ཡོད་ཅིང་ཁོ་བོས་བལྟས་ན་དེ་དག་བྲག་ཕུག་གི་འདྲ་སྐུ་གཞན་པ་དང་བསྡུར་ན་ཧ་ཅང་ཞན་པ་ཆགས་འདུག་གོ། 

བྲག་ཕུག་འདིའི་ནང་གི་ལྡེབས་རིས་བལྟོས་བཅས་ཀྱིས་བཤད་ན་མཛེས་པོ་འདུག་པ་མ་ཟད་མང་ཆེ་བ་ཉར་ཚགས་བྱས་པའང་ཅུང་ལེགས། རྩིག་ལྡེབས་སྟེང་བྲིས་ཡོད་པ་དག་གཙོ་བོ་དྲ་མིག་ཆེ་བའི་ནང་གི་བཞུགས་སྐུའི་རྣམ་པ་དང་བྲག་ཕུག་གི་ཀླད་ནི་འདྲ་དཔར་བྱེད་སྟངས་ཡིན། འདིའི་ལྡེབས་རིས་དག་གཞན་པའི་བྲག་ཕུག་ཆེ་རིགས་ཀྱི་ལེགས་པར་མཛེས་པའི་ལྡེབས་རིས་དང་མི་དོ་ནའང་དེའི་ནང་གི་འཇིམ་བརྙན་དང་རྗེས་སུ་ཉམས་གསོ་བྱས་པའམ་གསབ་སྣོན་བྱས་པའི་དངོས་པོ་དག་ལས་བརྗིད་ཉམས་ལྡན་ནོ།།

   འོན་ཀྱང་ཏའོ་ལུགས་པ་ཝང་གིས་འདིའི་ཆེད་དུ་ཕུལ་བའི་སྙིང་རུས་དང་འབད་བརྩོན་གྱིས་ང་ལ་བག་ཆགས་ཟབ་མོ་ཞིག་བཞག་སོང་། ཁོས་བྲག་ཕུག་འདིའི་ཉམས་གསོའི་བྱ་བཞག་དང་ཆོས་ལུགས་ཀྱི་དད་མོས་ལ་སེམས་ཤུགས་ཡོད་ཚད་བཏོན་ཡོད་ཅེས་བཤད་ཆོག      ལོ་བརྒྱད་ཀྱི་སྔོན་ལ་ཁོ་ཧྲའན་ཞི་ནས་གཅིག་པུར་འདིར་སླེབས་དུས་གཉེན་ཉེ་ཅི་ཡང་མེད་ལ། ཁོས་སེམས་ཤུགས་ཡོད་ཚད་ཉམ་ཉེས་སུ་ཕྱིན་ཟིན་པའི་གཙུག་ལག་ཁང་འདི་དག་གི་ཉམས་གསོའི་སྟེང་བཏོན་ནས་རང་ཉིད་ཀྱི་སེམས་ནང་ན་བརྗིད་པའི་ལྷ་ཁང་ཆེན་པོ་དེ་སྔར་བཞིན་འོད་སྟོང་འཕྲོ་བའི་རྣམ་པ་སླར་གསོ་བྱེད་པར་འབད་བཞིན་མཆིས། སྐབས་དེར་རྡིབ་སྐྱོན་བྱུང་བའི་དངོས་པོ་ས་ངོས་སུ་ཡོངས་སུ་ཁེངས་ནས་ཧ་ལམ་བྲག་ཕུག་ཏུ་འགྲོ་བའི་ལམ་ཁའང་བཀག་ཡོད་ལ།  ས་ངོས་ཡོངས་སུ་བྱེ་མ་མཐུག་པོས་བཀབ་ཡོད་པ་དང་བྲག་ཕུག་ཕལ་ཆེ་བའང་བྱེ་མས་གཡོག་འདུག་ཅིང་། བྱེ་བཞུར་གཙང་སེལ་དང་ལྷ་ཁང་ཉམས་གསོ་བྱེད་པ་ལ་སྤྲོ་སེམས་དང་ཧུར་བརྩོན། དཀའ་སྤྱད་བཅས་ཀྱི་བསམ་བློ་གཏོང་དགོས་ལ། འོན་ཀྱང་དེ་དག་ཡོད་ཚད་ཁོ་བོའིའགྲམ་གྱི་ངང་རྒྱུད་འཇམ་ཞིང་གཟུགས་པོ་ཞན་པའི་ཏའོ་ལུགས་པ་ཁོས་ཕྱོགས་བཞིར་ཞལ་འདེབས་བསྡུས་ཏེ་ཐག་བཅད་པ་ཡིན་ཞིང་།  འདིའི་ཁྲོད་ཀྱི་དཀའ་ ཚེགས་ནི་སྨྲས་མ་དགོས་པ་ཡིན་ལ། འདི་དག་སེམས་ལ་ཤར་ཡོང་དུས་རང་དབང་མེད་པར་ཡིད་འགུལ་ཐེབས་བྱུང་།

ཏུན་ཧོང་གཏེར་ཕུག་རྙེད་མཁན་ཏའོ་ལུགས་ཝང་ཡོན་ལུའུ ། སྤྱི་ལོ་༡༩༠༧ལོར་སི་ཐེ་ཨིན་གྱིས་པར་བླངས།

    ལྷ་ཁང་འདིའི་ཉེ་ལོགས་ན་ད་དུང་སོ་ཕག་དང་ཤིང་གིས་བསྐྲུན་པའི་ལྷ་ཁང་ཐོག་བརྩེགས་འགའ་གནས་ཤིང་ཡར་འཕགས་ཏེ་བྲག་རིའི་ཀླད་དུ་སླེབས་ཡོད།  རྗེས་སུ་ཁོས་སྤོབས་སེམས་དང་བཅས་སྐུ་ངོ་ཅང་ལ་ལོ་འདི་དག་རིང་ཕྱོགས་བཞི་མཚམས་བརྒྱད་ནས་བསྡུས་པའི་ཞལ་འདེབས་ཀྱི་རྩིས་ཐོ་འགྲེམ་སྟོན་བྱས་མྱོང་ལ་རེ་རེ་བཞིན་བྲིས་པ་གསལ་བོ་དང་ཞིབ་ཕྲ་ལྡན།   ཁོས་ཞལ་འདེབས་ནས་ཐོབ་པའི་རྒྱུ་ནོར་ཡོད་ཚད་བྲག་ཕུག་ཉམས་གསོའི་སྟེང་བཀོལ་རྩིས་ཡོད་ཅིང་། དེ་ནི་ཁོ་དང་ཁོའི་བློ་དཀར་བའི་ལག་རོགས་པ་གཉིས་ཀྱི་འཚོ་བའི་ཆ་རྐྱེན་ལས་ཀྱང་ཤེས་ཐུབ་ལ།  ཁོ་སྒེར་གྱི་ངོས་ནས་ཞལ་འདེབས་ནང་གི་དངུལ་སྲང་གཅིག་ཀྱང་བཀོལ་མྱོང་མེད་པ་དེ་སྐུ་ངོ་ཅང་གིས་ཏུན་ཧོང་ནས་གོ་བའི་གནས་ཚུལ་དང་ཧ་ཅང་མཐུན་ནོ། །

སྐུ་ངོ་ཅང་གིས་ཏའོ་ལུགས་པ་ཝང་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཕྱོགས་ལ་རྨོངས་པ་རྩ་བ་ནས་ཧ་གོ་སོང་། ངས་ཀྲུང་གོའི་དཔོན་རིགས་དང་གླེང་མོལ་བྱེད་སྐབས་ཏག་ཏག་ཁོ་ཚོའི་རྒྱབ་སྐྱོར་དང་དགའ་སྣང་ཐོབ་ཀྱིན་ཡོད། འོན་ཀྱང་ཏའོ་ལུགས་པ་ཝང་ལ་རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་དཔྱད་གཞི་བྱས་ནས་གནའ་རྫས་རྟོག་ཞིབ་རིག་པའི་ཞིབ་འཇུག་རིན་ཐང་དང་ལོ་རྒྱུས་རིག་པའི་ཞིབ་འཇུག་གི་དོན་སྙིང་སོགས་གླེང་དགོས་དོན་མེད་པར་བསམ། ཡིན་ཡང་དོན་དག་ཅིག་ཁོ་དང་གླེང་མོལ་བྱེད་རིན་འདུག་སྟེ།  དེ་ནི་སློབ་དཔོན་སན་ཙང་ཡིན། 

ཐང་སན་ཙང་གིས་ཆོས་དཔེ་ཞུས་ནས་ཕེབས་པའི་ལྡེབས་རིས།

     ཀྲུང་གོ་རུ་སན་ཙང་གླེང་བ་ཙམ་གྱིས་ཕ་རོལ་བོ་མཁས་པ་དང་མི་སེར་དཀྱུས་མ་གང་ཡིན་ཡང་གླེང་མོལ་ཧ་ཅང་བདེ་བླག་ཡོང་། ཡ་མཚན་ཅན་གྱི་ཏའོ་ལུགས་པ་ཝང་ནི་རྙོག་འཛིང་ལྡན་པའི་མི་ཞིག་སྟེ།   ཟོལ་མེད་ཀྱི་གཤིས་རྒྱུད་ལྡན་ཡང་རྨོངས་ལ་ཨུ་ཚུགས་ཤིན་ཏུ་ཆེ། ཁོས་ང་ལ་དཀའ་བ་ཁྲི་ཕྲག་ཁྱད་དུ་བསད་ནས་རྒྱ་གར་ལ་དམ་པའི་ཆོས་ལེན་དུ་ཕེབས་པའི་གནའ་བོའི་ཀྲུང་གོའི་གནས་མཇལ་བ་ཞིག་མི་དྲན་རང་དྲན་བྱེད་དུ་བཅུག་ལ།  ཏའོ་ལུགས་པ་ཝང་གི་བསམ་རྒྱ་ཆུང་ཡང་དད་པ་ཧ་ཅང་བརྟན་ལ་རྨོངས་དད་ཅུང་ཙམ་ཡང་འདྲེས། ཐང་སན་ཙང་ནི་ཐོག་མཐའ་བར་གསུམ་དུ་ཁོ་བོའི་ཀྲུང་གོའི་སྲུང་མ་རུ་བྱས་ཡོད། ཏའོ་ལུགས་པ་ཝང་ཡང་ཁོང་གླེང་ན་དགའ་བ་མངོན་གསལ་དོད་པོ་རེད་འདུག དེ་བས་ངས་ཉེ་འཁོར་གྱི་སྐུ་བརྙན་ལས་ཏའོ་ལུགས་པ་ཝང་ལ་རང་ཉིད་སན་ཙང་ལ་དད་གུས་ཡོད་པ་གླེང་འགོ་བརྩམས་པ་སྟེ། ངས་ཇི་ལྟར་སན་ཙང་གི་རྐང་རྗེས་བསྙེགས་ནས་བྱེ་ཐང་དང་རི་ལུང་བརྒལ་བ་དང་། ངས་ཇི་ལྟར་རྩད་གཅོད་བྱས་ནས་དེ་སྔ་སན་ཙང་སླེབས་ས་དང་ཁོང་གིས་ཞིབ་པར་བཀོད་ཡོད་པའི་གནས་མཆོག་སོགས་གླེང་། ཁོ་བོའི་རྒྱ་སྐད་ཀྱི་ཆུ་ཚོད་ཞན་ནའང་འདི་ནི་རང་ཉིད་ལ་ཆ་རྒྱུས་ཡོད་པའི་གཏམ་བཤད་བརྗོད་གཞི་ཡིན་པ་མ་ཟད་སྐུ་ངོ་ཅང་གིས་སྐབས་དང་བསྟུན་ནས་ཁོ་བའི་སྐད་ཆ་ལ་ཁ་གསབ་གནང་བས་ན་ངས་ནམ་ཡང་རང་ཉིད་ཀྱིས་ཤེས་ཚད་མཐའ་དག་སྟེ་སན་ཙང་དང་འབྲེལ་བའི་ཟིན་འགོད་ངོ་མ་དང་། ཁོང་གི་དུས་ཡུན་རིང་པོའི་ཡུལ་སྐོར་ཁྲོད་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱི་ཞིབ་བརྗོད་ཕྲ་ཞིང་ཞིབ་པ་དག་ཁོ་ལ་གླེང་ཐུབ། ཏའོ་ལུགས་པ་ཝང་གི་རྣམ་འགྱུར་དེ་འདྲའི་རྒྱུན་ལྡན་ཞིག་མིན་ནའང་ཁོའི་རྣམ་འགྱུར་ལས་ངས་རང་ཉིད་ལ་མཁོ་བའི་དངོས་པོ་དེ་མཐོང་ཐུབ་ལ། མཐར་ཡིད་འཁྲེངས་པའི་ཉམས་འགྱུར་དེ་མངོན་ཡོང་། ཏའོ་ལུགས་པ་ཝང་ལ་ནང་བསྟན་གྱི་གོ་རྟོགས་དམན་ནའང་ང་དང་འདྲ་བར་ཐང་སན་ཙང་ལ་དད་གུས་བླ་མེད་ལྡན་ཕྱིར་ཐུན་མོང་གི་ལྟ་བ་མཆིས་པས་ང་རང་ཉིད་ཀྱི་འཆར་གཞི་ལ་སྔར་ལས་ཡིད་ཆེས་ཡོད་པར་གྱུར།  ཁོས་ང་ཚོ་ཁྲིད་ནས་ཚོམས་ཆེན་མདུན་གྱི་བསིལ་ཁྱམས་སུ་སླེབས་ཏེ་ང་ཚོ་ལ་སན་ཙང་ནུབ་ཕྱོགས་སུ་སྐྱོད་པའི་སྣང་བརྙན་བྲིས་པའི་ལྡེབས་རིས་དེ་དག་ངོམ་སོང་ལ། རི་མོ་དེ་དག་ནི་ཁོས་ཡུལ་དེ་གའི་རི་མོ་མཁན་ཞིག་ལ་བྲིས་སུ་བཅུག་པ་ཡིན་ཞིང་། ལྡེབས་རིས་སྟེང་བྲིས་པའི་ངོ་མཚར་ཆེ་བའི་གཏམ་རྒྱུད་ནི་ཏག་ཏག་ཐང་སན་ཙང་ལྷ་སྒྲུང་དུ་བསྒྱུར་བའི་ནང་དོན་ཡིན་ལ། གཏམ་རྒྱུད་འདི་དག་དེ་སྔའི་༼ཆེན་པོ་ཐང་གི་ནུབ་ཡུལ་ཟིན་ཐོ་༽རུ་མཐོང་རྒྱུ་མེད་ནའང་ང་ལ་ཡུལ་སྐོར་སྣེ་ཤན་པ་འདིས་ཆུ་ཡི་ཝུ་བ་ལྟར་གླེང་བའི་ལྡེབས་རིས་སྟེང་གི་ལྷ་སྒྲུང་དེ་དག་ལ་ཉན་འདོད་ཀྱི་སྤྲོ་བ་ཆེན་པོ་ལྡན་ལ། དེའི་ཁྲོད་ཀྱི་རི་མོ་ཞིག་གི་ནང་དོན་ཧ་ཅང་གཏིང་ཟབ་སྟེ་ངས་དུས་ཚོད་ཡུན་རིང་ཞིག་སྤྱད་ནས་ད་བཟོད་ཧ་གོ་བ་ཡིན་ཞིང་། རི་མོའི་ངོས་སུ་བྲིས་པའི་ནང་དོན་དང་སྐབས་དེའི་ཁོ་བོའི་གནས་བབ་གཉིས་ཏག་ཏག་འདྲ་བ་སྟེ། རི་མོའི་སྟེང་དུ་སན་ཙང་དྲག་ཏུ་བཞུར་བའི་ཆུ་བོ་ཞིག་གི་ཁ་རུ་གནས་ཤིང་ལོགས་སུ་ཁོང་གི་བློ་དཀར་གྱི་ཆིབས་རྟར་ཆོས་དཔེ་ཁལ་བྱུར་བུར་གང་བ་ཞིག་བཀལ་འདུག་ཅིང་། རུས་སྦལ་ཆེན་པོ་ཞིག་ཁོང་གི་ཕྱོགས་སུ་སྐྱལ་ནས་ཡོང་བཞིན་ཡོད་ཅིང་། མཐར་རྒྱབ་ལ་ཁུར་ཏེ་འགག་སྒོ་འདི་ལས་ཐར་བར་གྲ་སྒྲིག་གནང་བཞིན་མཆིས། འདིར་བྲིས་ཡོད་པ་ནི་གནས་མཇལ་བ་འདིས་ནང་པའི་ཆོས་དཔེ་སྡམ་པོ་ཉི་ཤུ་ལྷག་ཁྱེར་ཏེ་རྒྱ་གར་ནས་ཕྱིར་ ཀྲུང་གོར་ལོག་པའི་རྣམ་པ་ཡིན་ཞིང་། ཁོང་གི་མདུན་དུ་ལྷག་པ་ནི་དཀའ་སྡུག་གི་རི་ཆུ་ལུང་གསུམ་བརྒལ་རྒྱུ་དེ་ཡིན་ལ། འདི་དག་ནི་ཁོང་གི་ཡུལ་སྐོར་ཟིན་ཐོ་རུ་བྲིས་འདུག་ཅིང་།  ཁོ་བོའི་ལོགས་ཀྱི་ཏའོ་ལུགས་པ་ཝང་གིས་རི་མོ་འདིའི་ཁྲོད་ཀྱི་བྱུང་རིམ་ལ་གོ་བ་ལེན་ཐུབ་བམ། ཡང་ན་གནའ་བོའི་ཤོག་དྲིལ་འདི་དག་ཁོ་བོར་ཡང་བསྐྱར་ཕྱིར་རྒྱ་གར་ལ་ཁྱེར་དུ་འཇུག་གམ། ཤོག་དྲིལ་འདི་དག་ཁོ་ལ་ལས་དབང་གི་ལྷས་སྤྲད་དེ་ཉར་ཚགས་བྱས་པ་ཡིན་ནོ། །

མའོ་ཀའོ་བྲག་ཕུག་ཨང་བཅུ་དྲུག་པའི་ནང་གི་གཏེར་ཕུག་གི་སྒོ་ཁ

གཏེར་ཕུག་རྙེད་པ།

     ངས་སྔོན་ལ་བཤད་པ་ནང་བཞིན་གལ་ཏེ་སྐབས་དེར་ལམ་སང་གཏེར་ཕུག་ནང་འཛུལ་བ་ཡིན་ན་འོས་འཚམས་མིན་པ་མངོན་གསལ་ཡིན་ལ། དེའི་ཕྱིར་སྐུ་ངོ་ཅང་སོང་ནས་ཏའོ་ལུགས་པ་ཝང་ལ་དེ་སྔ་ཁོས་ང་ཚོར་ཁས་ལེན་བྱས་པའི་ཤོག་དྲིལ་སློང་དུ་བཅུག་མོད། འོན་ཀྱང་སྐབས་ཐོག་འདིར་ཁོ་རང་ཡང་བསྐྱར་དཔའ་ཞུམ་ཏེ་ཐེ་ཚོམ་གྱི་གནས་སུ་ལྷུང་ཡོད། སྐུ་ངོ་ཅང་གི་ཚ་འདེད་ལ་གྲུབ་འབྲས་ཅི་ཡང་མེད་ལ། ཁོ་བོས་ཡང་བསྐྱར་སེམས་ཁྲལ་བྱེད་འགོ་བརྩམས། མཚན་གུང་ལ་སླེབས་སྐབས་སྐུ་ངོ་ཅང་གིས་བློ་ཡིད་ཚིམས་པའི་ཚུལ་གྱིས་ཁ་རོག་གེར་ཤོག་དྲིལ་ཆུང་ངུ་ཞིག་ཁྱེར་ནས་ང་ལ་ཐུག་ཏུ་ཡོང་།  འདི་ནི་ཏའོ་ལུགས་པ་ཝང་གིས་དེ་སྔ་ང་ཚོར་ཁས་ལེན་བྱས་པའི་ཤོག་དྲིལ་ཐོག་མ་དེ་ཡིན་ལ། ཤོག་དྲིལ་འདི་དག་ཁོས་སྐུ་ངོ་ཅང་ལ་སྤྲད་མ་ཐག་ཡིན་ཞིང་། 

ཁོས་ཕྱི་ལྭ་ནག་པོ་དེའི་ཐུ་འོག་ལ་བཟུང་ནས་ཁ་རོ་གེར་སླེབས་པ་ཡིན་ཏེ། ཤོག་དྲིལ་འདི་དག་ནི་དེ་སྔོན་ཟླ་བ་གསུམ་པར་ངེད་ཚོས་གྲྭ་ཆུང་ཡོད་སར་མཐོང་བ་འདྲ་ལ། ཕར་བལྟས་ཚོད་ཀྱིས་གནའ་རྙིང་ཡིན་ཞིང་སྟེང་གི་ནང་དོན་ནི་ནང་ཆོས་ཡིན་སྲིད།   སྐུ་ངོ་ཅང་ནི་རིག་གཞུང་ལ་བརྩོན་ཞིབ་ཕོད་པའི་མི་ཞིག་ཡིན་པས་ཁོར་དུས་ཚོད་ཅིག་བྱིན་ནས་ནང་དོན་ལ་ཞིབ་འཇུག་བྱས་པས། ཉིན་གཉིས་པའི་ཞོགས་པར་ཁོ་སྤྲོ་སྣང་དང་རྒྱལ་ཁའི་རྣམ་འགྱུར་ངང་ཤོག་དྲིལ་འདི་དག་ནི་སན་ཙང་གིས་རྒྱ་གར་ནས་ཁྱེར་ཡོང་སྟེ་ཡིག་བསྒྱུར་གནང་བའི་རྒྱ་ནག་སྐད་ཀྱི་ཆོས་དཔེ་ཡིན་ལ་ཤོག་དྲིལ་ཀྱི་ཤོག་ལྷེ་ན་སན་ཙང་གི་མཚན་ཡང་བཀོད་ཡོད་ཅེས་ལབ་སོང་ལ།

མའོ་ཀའོ་བྲག་ཕུག་གི་གཏེར་ཕུག་ལས་བཏོན་པའི་ནང་པའི་ཆོས་དཔེ་དང་རིག་དངོས།

     སྐུ་ངོ་ཅང་ཡ་མཚན་པར་གྱུར། ཤོག་དྲིལ་འདི་དག་སན་ཙང་ཆུང་དུས་སུ་ཡིག་བསྒྱུར་གནང་བ་མངོན་གསལ་ཡིན། སྐུ་ངོ་ཅང་དང་མཉམ་དུ་ཏའོ་ལུགས་པ་ཝང་ལ་གླེང་མོལ་བྱེད་སྐབས་ངའི་སེམས་ལ་རང་ཉིད་ཀྱི་རླུང་རྟ་དར་བར་ཉེ།  སྐུ་ངོ་ཅང་རྒྱུན་ལྡན་དང་མི་འདྲ་བར་ཐེ་ཚོམ་དང་རྨོངས་དད་ཀྱི་བཤད་སྟངས་ཀྱིས་ཐང་སན་ཙང་གིས་དག་པའི་ཞིང་ནས་གཏེར་ཆོས་འདི་དག་ནང་ཆོས་མི་ཤེས་པའི་ཏའོ་ལུགས་པ་ཝང་ལ་མངགས་བཅོལ་གནང་ནས་ཁོང་ལ་དད་གུས་ཆེན་པོ་ལྡན་པའི་ཁྱེད་རང་རྒྱ་གར་ནས་འདིར་སླེབས་པར་སྒུག་ཡོད་པ་རེད་ཅེས་བཤད། ཤོག་དྲིལ་འདི་དག་སན་ཙང་དང་འབྲེལ་བ་ཡོད་པ་ངོ་མ་ཡིན་ཞིང་། ཏའོ་ལུགས་ཝང་གིས་ཕལ་ཆེར་ཅི་ཡང་ཤེས་མེད་ལ། སྐུ་ངོ་ཅང་གི་འདི་དག་བེད་སྤྱོད་གང་ལེགས་གནང་ཆོག་པ་སྟེ།  ཁོ་བོའི་སྲུང་

ལྷ་སན་ཙང་བེད་སྤྱད་ནས་སེམས་ལ་དོགས་པས་ཁེངས་པའི་ཏའོ་ལུགས་པ་ཝང་ལ་ཤུགས་རྐྱེན་ཐེབས་སུ་འཇུག་རྒྱུ་ལམ་སང་ཚོར་འདུག དེ་བས་ཁོ་དེ་མ་ཐག་ཕར་སོང་སྟེ་ཏའོ་ལུགས་པ་ཝང་ལ་སན་ཙང་གིས་དག་པའི་ཞིང་ནས་ཁྱེད་ལ་ལུང་བསྟན་གནང་སྟེ་གཏེར་ཆོས་དག་ངེད་ཚོ་ལ་འགྲེམ་སྟོན་བྱེད་དགོས་ཞེས་བཤད།

མི་འགྱིང་བར་སྐུ་ངོ་ཅང་ཕྱིར་སླེབས་བྱུང་ལ་ཐབས་འདིས་ནུས་པ་ཐོན་སོང་ཞེས་ལབ། དུས་ཚོད་འགའི་རྗེས་སུ་ཁོ་ཡང་བསྐྱར་གཏེར་ཕུག་གི་སྒོ་ཁར་སླེབས་སྐབས་ཏའོ་ལུགས་པ་ཝང་གིས་གཏེར་ཕུག་ནང་འཛུལ་སའི་སྒོ་ཡི་སོ་ཕག་དག་བཤིག་ཟིན་ལ། སྐུ་ངོ་ཅང་གཏེར་ཕུག་སྒོ་ཁར་ལངས་ཏེ་ཤོག་དྲིལ་ལ་ཅེར་ནས་ཡོད། ཉིན་དེ་སྔ་དྲོ་ཙམ་ལ་ངས་བསམ་བཞིན་དུ་ཏའོ་ལུགས་པ་ཝང་གི་ཤག་དང་གཏེར་ཕུག་གཉིས་གཞའ་བ་ཡིན། འོན་ཀྱང་གཏེར་ཕུག་གི་སྒོ་ཕྱེ་བའི་གནས་ཚུལ་ཐོས་རྗེས་ང་གཏན་ནས་རང་དབང་མེད་པར་གྱུར།  

མའོ་ཀའོ་བྲག་ཕུག་གི་ལྷ་ཁང་ཆེན་མོ། ༼སྔོན་ལ་ཐོག་བརྩེགས་ལྔ་ཡོད་ཅིང་རྗེས་སུ་དགུ་རུ་བཏང་པ་ཡིན།༽

     དེ་ནི་ཧ་ཅང་ཚ་བ་ཆེ་བའི་ཉིན་ཞིག་ཡིན་ལ་ཕྱི་རུ་མི་གཅིག་ཀྱང་མི་འདུག ཁོ་བོ་སྐུ་ངོ་ཅང་དང་མཉམ་དུ་གཏེར་ཕུག་གི་སྒོ་ཁར་སླེབས་པ་ཡིན་ལ། དེ་རུ་ངས་ཏའོ་ལུགས་པ་ཝང་མཐོང་བ་ཡིན་ཞིང་ཁོ་ད་དུང་འཚབ་བཞིན་ཡོད་ལ། ལྷའི་ལུང་བསྟན་གྱིས་ད་གཟོད་ཁོ་ལ་བར་ཁྱམས་བྱང་ངོས་ཀྱི་གཏེར་ཕུག་གི་སྒོ་འབྱེད་པའི་སྤོབས་པ་ལྡན་པ་ཡིན། བར་ཁྱམས་ཀྱི་ངེས་མེད་དུ་གཡོ་བའི་སྒྲོན་འོད་ལ་བརྟེན་ནས་ངས་མིག་ཆེ་ཆེར་གདངས་ཏེ་མུན་ནག་ཁྲོད་ཀྱི་གཏེར་ཕུག་ནང་ལ་བལྟས། ཤོག་དྲིལ་བམ་པོ་བམ་པོ་བྱས་ཏེ་སྤུངས་འདུག་ཅིང་གང་སར་ཁྱབ་ནས་ཡོད་ལ། ཤོག་དྲིལ་སྤུངས་པའི་མཐོ་ཚད་ལ་ཧ་ལམ་དབྱིན་ཁྲེ་བཅུ་ལྷག་མཆིས་ཤིང་རྗེས་སུ་ཚོད་རྩིས་རྒྱབ་པའི་མཇུག་འབྲས་སྤྱི་བསྡོམས་ནི་ཕར་ཆེར་དབྱིན་ཁྲེ་རྒྱ་དཔངས་གྲུ་བཞི་མ་༥༠༠ལ་ཉེ། གཏེར་ཕུག་གི་རྒྱ་ཁྱོན་ལ་དབྱིན་རྨིད་གྲུ་བཞི་མ་༩ཡོད་ཅིང་། ལྷག་མའི་བར་སྟོང་དུ་མི་གཉིས་ཀྱང་ཤོང་དཀའ་བ་སྣང་། མུན་པའི་གཏེར་ཕུག་ཏུ་ཤོག་དྲིལ་འདི་དག་ལ་དཔེ་གཟིགས་བྱེད་ཐབས་བྲལ་བས། དེ་དག་ཡོངས་སུ་རྗོགས་པའི་ནང་དོན་གསལ་བོ་ཤེས་རྒྱུའང་དཀའ་ལས་ཁག་པོའི་བྱ་བ་ཞིག་ཡིན་ཞིང་། ངས་དེ་མ་ཐག་ཤོག་དྲིལ་ཡོད་ཚད་གཏེར་ཕུག་ནས་ལྷ་ཁང་དུ་སྤར་ཏེ་ཀློག་འདོན་བསྐྱར་བཤེར་བྱེད་དགོས་པའི་རེ་བ་མ་བཏོན་ལ། འདི་ལྟར་ཧོལ་རྒྱུག་བྱས་ན་བྱ་བར་ཕན་ཐོགས་མེད་ཅིང་།    དེའི་རྒྱུ་མཚན་ཏའོ་ལུགས་པ་ཝང་གིས་སྔར་བཞིན་ཁོས་སྦྱིན་བདག་རྣམས་ལས་དཀའ་སྡུག་གིས་བསྐྲུན་པའི་རང་གི་མཚན་སྙན་ལ་ནག་ཐིག་བཟོ་བར་སེམས་ཁྲལ་བྱེད་བཞིན་ཡོད་ལ།     ཏུན་ཧོང་ས་ཆར་རང་ཉིད་ལ་མི་ལེགས་པའི་ཁུངས་མེད་འཆལ་གཏམ་བསྒྲག་པར་སྐྲག་གིན་ཡོད།

 སྐབས་དེར་གནས་མཇལ་བ་ཉུང་བའི་དུས་ཚིགས་ཡིན་ནའང་མཇལ་བ་སྟོང་སྐུའི་ལྷ་ཁང་ལ་གློ་བུར་མཇལ་དུ་མི་འོང་བ་སུས་ཀྱང་ཁག་ཐག་བྱེད་མི་ཐུབ།  གལ་ཏེ་གནས་མཆོག་འདི་ནས་མཇལ་བ་ནང་དུ་སླེབས་པར་བཀག་པ་ཡིན་ན་ཏའོ་ལུགས་པ་ཝང་གི་མཚན་སྙན་ལ་ཤིན་ཏུ་གནོད། སྐབས་དེ་དུས་ང་ཚོའི་བསམ་བློ་འཁོར་ས་ནི་ཏའོ་ལུགས་པ་ཝང་གིས་ཤོག་དྲིལ་གཅིག་གཉིས་རེ་བླངས་ནས་གུ་དོག་ཅིང་མུན་ནག་ཆེ་བའི་ལྷ་ཁང་ནང་ང་ཚོར་བྲེལ་འཚུབ་ངང་རགས་ལྟ་ཙམ་བྱེད་དུ་བཅུག་པ་དེ་ཡིན། སྟབབས་ལེགས་པ་ཞིག་ལ་ལྷ་ཁང་གི་ལོགས་གཉིས་སུ་ཁང་མིག་ཆུང་བ་རེ་སྒོ་ཕྱེ་འདུག་ཅིང་། སྒེའུ་ཁང་ལ་ཤོག་བུ་སྦྱར་ཡོད་ལ་ཁང་མིག་གི་གནས་ཚུལ་ཧ་ཅང་བཟང་། དེའི་ཕྱིར་ང་ཚོས་ཁང་མིག་གཅིག་གནས་སྐབས་སུ་གནའ་ཉམས་ལྡན་པའི་དཔེ་ཀློག་ཁང་བྱས་ཤིང་། འདིས་མ་བོས་མགྲོན་པོའི་ཡ་མཚན་པའི་ལྟ་སྟངས་གཡོལ་ཐུབ་ཏེ། ཁོ་ཚོ་ནམ་ཡང་ལྷག་བསམ་གྱི་དད་

པས་མཐོ་ཞིང་ཆེ་ལ་ལྐུགས་པའི་སྐུ་བརྙན་གྱི་མདུན་དུ་སླེབས་ཏེ་ཕྱག་འཚལ་བ་དང་། ཅོང་རྡུང་བ།  སྤོས་སྒྲོན་་པ་སོགས་བྱེད་དོ།། ངས་བྲེལ་འཚུབ་ངང་ཆོས་དཔེའི་ནང་དོན་ལ་རགས་ལྟ་བྱས་པ་ཡིན་ཞིང་། འོན་ཀྱང་

ཆོས་དཔེའི་ནང་དོན་ངོ་སྤྲོད་མ་བྱས་སྔོན་ལ་གཏེར་ཕུག་རང་གི་གནས་ཚུལ་དང་གཏེར་ཕུག་ཏུ་བཀག་སྡོམ་ཉར་ཚགས་བྱས་པའི་ལོ་རབས་དང་འབྲེལ་བ་ཡོད་པའི་ཁུངས་སྣེ་ཙག་ཙིག་རེ་ངོ་སྤྲོད་བྱེད་པ་དགོས་གལ་ཆེ། 

ཏའོ་ལུགས་པ་ཝང་གིས་བཤད་པ་ལྟར་ན་ལོ་བརྒྱད་ཀྱི་སྔོན་ཁོ་རང་སླེབས་སྐབས་གཏེར་ཕུག་མདུན་གྱི་འགྲོ་ལམ་བྱེ་མས་ཁེབས་འདུག་ལ། དེ་གའི་ས་དབྱིབས་དང་ཉེ་འགྲམ་གྱི་བྲག་ཕུག་གི་གནས་ཚུལ་ལ་གཞིགས་ཏེ་ཚོད་དཔག་བྱས་ན་སྐབས་དེའི་བྲག་ཕུག་མདུན་དུ་བརྡིབས་པའི་བྲག་རྡོ་དང་ཁུར་ཡོང་བའི་བྱེ་སྤུང་གི་མཐུག་ཚད་ལ་དབྱིན་ཁྲེ་༩ནས་༡༠ཡོད། དེ་དུས་ལག་རོགས་ཉུང་བའི་རྐྱེན་གྱིས་གཙང་བཤེར་ཀྱི་ལས་ཀ་ཧ་ཅང་དལ་ཞིང་། སྔ་གཞུག་ལོ་གཉིས་ཀྱི་དུས་ཡུན་སྤྱད་ནས་ད་གཟོད་རིང་ཚད་དབྱིན་ཁྲེ་༢༤ཡོད་པའི་བགྲོད་ལམ་གྱི་བྱེ་རྡོ་གཙང་དག་བྱས་ཚར་བ་ཡིན། ལས་ཀ་རིམ་པ་དེ་ཚར་བའི་རྗེས་སུ་ཏའོ་ལུགས་པས་བྲག་ཕུག་ནང་དུ་སྐུ་བརྙན་གསར་བ་བཞེང་པའི་འགོ་ཚུགས་ཤིང་སྐུ་བརྙན་བཞེངས་པའི་གོ་རིམ་ཁྲོད་དུ་ལག་ཤེས་པ་རྣམས་ནས་རྒྱུ་ལམ་

གྱི་འཛུལ་སྒོའི་གཡས་ཕྱོགས་ལྡེབས་རིས་སྟེང་གས་ཤུལ་གཅིག་མཐོང་ཞིང་། ལྡེབས་རིས་འོག་ནི་བྲག་རྡོ་མ་ཡིན་པར་སོ་ཕག་གི་གྱང་ཞིག་ཡིན་ལ། བརྩིགས་པ་དེ་གཏོར་བས་གཏེར་ཕུག་ནང་སྤུངས་པར་ཡོད་པའི་གཏེར་ཆོས་རྙེད་པ་ཡིན་ནོ།།

      དེ་སྔ་ཁོ་ཚོས་ནོར་བུ་བརྐོ་འདོད་ཀྱི་སེམས་པ་སྐྱེས་ནས་གཏེར་ཕུག་གི་ནང་གང་སར་ས་སློག་རྡོ་སློག་བྱེད་སྐབས་རྡོ་ཀ་མ་རུས་བཟོས་པའི་སྤུས་ལེགས་རྡོ་རིང་ནག་པོ་ཞིག་རྙེད་བྱུང་ལ་དེ་གཏེར་ཕུག་གི་ཤར་ངོས་ཀྱི་གྱང་སྟེང་དུ་གླན་ནས་ཡོད་ཅིང་དབྱིན་ཁྲེ་གྲུ་བཞི་མ་གསུམ་ཙམ་མཆིས་ལ། སྟེང་དུ་ཡིག་གཟུགས་ཆ་ཚང་བའི་རྒྱ་ཡིག་གི་རྡོ་རིང་ཡི་གེ་རིང་པོ་ཞིག་བརྐོས་ཡོད་ལ། རྗེས་སུ་ཏའོ་ལུགས་པ་ཝང་གིས་དེས་ལས་ཀར་གནོད་པར་བསམ་ནས་རྒྱུ་ལམ་ལྷོ་ངོས་༼གཡོན་འགྲམ་༽ཀྱི་གྱང་འགྲམ་དུ་གཡུགས་འདུག  རྡོ་རིང་ཡི་གེ་འདི་དེ་སྔོན་རྒྱའི་རིག་པ་མཁས་ཅན་འེ་ཏི་དཔའ་ཧྲ་བན་Chavannesགྱིས་འགྲེལ་ཀློག་བྱས་ཡོད་པ་མ་ཟད་རྒྱས་བཤད་ཀྱང་གནང་ཡོད། ཁོ་བོས་འདིར་ཡང་བསྐྱར་ཁ་གསབ་བྱེད་རྒྱུ་ཞིག་ལ་སྐབས་དེར་སྐུ་ངོ་ཅང་གིས་རྡོ་རིང་ཡི་གེ་དེ་བཀླགས་པར་གཞིགས་ན་རྡོ་རིང་བརྐོས་པའི་ལོ་ནི་སྤྱི་ལོ་༨༥༡ལོ་ཡིན་ཞིང་། འདིས་གཏེར་ཕུག་གི་སྒོ་བཅད་པའི་དུས་ཚོད་ནི་སྤྱི་ལོ་དུས་རབས་དགུ་བའི་དུས་དཀྱིལ་གྱི་རྗེས་ཡིན་པ་མཚོན་ནོ།།

ཤོག་དྲིལ་གྱི་ལོ་རྩིས་ཕུད་དུས་རབས་ཀྱི་རིན་ཐང་ཆེ་ཆེར་ལྡན་པའི་རྒྱུ་ཆ་ནི་བྲག་ཕུག་ནང་གི་ལྡེབས་རིས་དག་ཡིན་ལ། ཏའོ་ལུགས་པ་ཝང་གིས་ཡིད་ལ་གསལ་བོ་ཤར་བ་ནི་གཏེར་ཕུག་གི་འཛུལ་སྒོའི་གྱང་ངོས་ལྡེབས་རིས་༼མེད་པར་བཟོས་ཟིན་༽དང་འཛུལ་སྒོའི་ཉེ་འཁོར་གྱི་ལྡེབས་རིས་འདྲ་བ་ཡིན་ལ། དེའི་ནང་དོན་བྱང་ཆུབ་སེམས་དཔས་ཕྱག་ཆ་བསྣམས་ནས་ཕེབས་བཞིན་པའི་རི་མོ་ཡིན། བྱང་སེམས་ཀྱི་སྣང་བརྙན་མཛེས་ཤིང་ལྟ་ན་སྡུག་པ་དང་ཆེ་ཆུང་མི་ངོ་མ་དང་འདྲ་བོ་ཡོད། སྟབས་ལེགས་པ་ཞིག་ལ་ཏའོ་ལུགས་པ་ཝང་གི་ཉམས་གསོའི་སྤྲོ་སེམས་ཀྱིས་ལྡེབས་རིས་འདི་དག་ལ་གནོད་པ་བཏང་མེད།  ཉམས་འགྱུར་འདིའི་རིགས་ཀྱི་ལྡེབས་རིས་གཞན་པའི་བྲག་ཕུག་ཏུའང་མང་པོ་མཐོང་རྒྱུ་འདུག་ལ།Ch.viiདང་Ch.ixཡི་བྲག་ཕུག་བར་ཁྱམས་ཀྱི་ལྡེབས་རིས་ཀྱང་དེ་འདྲ་ལས་མ་འདས་ཤིང་ཉར་ཚགས་ཡག་པོ་ཡོད། བསམ་ཡུལ་ལས་འདས་པ་ཞིག་ལ་ལྡེབས་རིས་འདི་དག་གི་དུས་རབས་ནི་སུང་རྒྱལ་རབས་ལས་ཀྱང་འཕྱི་ལ། དེ་ནི་དངོས་ནས་ཡིད་ཆེས་དཀའ་བ་ཞིག་རེད། འོན་ཀྱང་

གསལ་བོ་ཞིག་ལ་འདིར་སོར་བཞག་བྱས་ཡོད་པའི་གནའ་བོའི་ལྡེབས་རིས་དག་ནི་རྗེས་ཀྱི་རི་མོ་མཁན་རྣམས་ཀྱི་གསར་རྩོམ་མ་དཔེ་དང་ཐོལ་ཤེས་ཀྱི་འབྱུང་ཁུངས་ཡིན་ལ། ཐང་ནས་ཡོན་རྒྱལ་རབས་བར་གྱི་དུས་རབས་འགའི་རིང་ལ་འདི་རུ་ཉམས་གསོའི་ལས་འགུལ་ནམ་ཡང་མཚམས་བཞག་མ་མྱོང་ཞིང་། དེའི་ཕྱིར་ལྡེབས་རིས་ཀྱི་རྣམ་པ་ཁོ་ནའི་སྟེང་ནས་དུས་མཚམས་དབྱེ་ན་རློམ་པར་དཀའ།  གནས་ཚུལ་འགའ་ཤས་ཀྱིས་ང་ཚོར་དགའ་རུ་བཅུག་ལ། ཤོག་དྲིལ་འདི་དག་ཁྲོད་རྒྱ་ནག་གི་ཡི་གེར་བསྒྱུར་བའི་ཆོས་དཔེའི་གཏམ་རྒྱུད་ལས་གཞན་ད་དུང་རིན་ཐང་ཆེ་བའི་བྲིས་དེབ་འགའ་ཤས་ཀྱང་མཆིས། ཐང་དང་ཡོན་དུས་སྐབས་ཀྱི་ཡོད་པ་མ་ཟད་དེ་དག་གི་སྔོན་གྱིའང་ཡོད། ཀན་སུའུ་ནུབ་རྒྱུད་བས་མཐའི་ས་ཁུལ་ནི་སྔོན་ཆད་མི་རིགས་མང་བ་དང་ཆབ་སྲིད་སྟོབས་ཤུགས་འགྲན་སའི་གར་སྟེགས་ཡིན་ལ། ནང་བསྟན་ནི་དེ་དག་གི་ཁྲོད་གང་སར་དར་ཡོད་ཅིང་། རྒྱུ་ཆ་འདི་དག་གི་ལོ་རྒྱུས་རྒྱབ་ལྗོངས་འདི་འདྲའི་རྙོག་འཛིང་ཆེ་བ་ལྡན་ལ། འདི་འདྲའི་རྒྱ་ཆེ་བའི་ཤོག་དྲིལ་ཡིག་རྙིང་ལ་གཏིང་ཟབ་ཅིང་མ་ལག་རང་བཞིན་གྱི་ཚན་རིག་གིས་ཞིབ་འཇུག་བྱེད་དགོས་ན་དུས་ཚོད་ཡུན་རིང་འགོར་བའི་ལས་གྲྭ་ཆེན་པོ་ཞིག་ཡིན། ང་རང་སྐད་བརྡ་རིག་པའི་སྐོར་ལ་ཞན་པས་བྲེལ་མྱུར་ངང་རྒྱ་ཡིག་ཤོག་དྲིལ་འབོར་ཆེན་ཁྲོད་རིན་ཐང་ཆེ་ཆེར་ལྡན་པ་དེ་དག་ཆ་ཚང་བ་བཀར་རྒྱུ་མི་སྲིད་པ་ཡིན་ལ། ཐ་ན་དེའི་ཁྲོད་འདྲེས་པའི་རྒྱ་ཡིག་མིན་པའི་ཤོག་དྲིལ་དག་རེ་རེ་བྱས་ཏེ་དབྱེ་རྒྱུའང་མི་སྲིད་དོ།།

      ངས་ཆེས་སེམས་ཁུར་བྱེད་ས་ནི་ཏའོ་ལུགས་པ་ཝང་སྙིང་སྟོབས་ཆུང་ཞིང་དོན་དག་ལ་སྐྲག་ཅིང་སེམས་ཐག་མི་ཆོད་པའི་གཤིས་

ཀ་དེ་ཡིན་ལ། ཁོས་ག་དུས་ཡིན་ཡང་དོགས་པ་མི་བྱེད་པའི་ངེས་པ་མེད་ཅིང་།ཁོ་བོས་རྟེན་རྫས་ཡོད་ཚད་ཉར་ཚགས་མ་བྱས་སྔོན་ལ་གློ་བུར་དུ་གཏེར་ཕུག་གི་སྒོ་རྒྱབ་པ་ཡིན་ན་ད་ཅི་བྱེད།

ངས་ཕྱོགས་གཅིག་ནས་རང་ནུས་ཅི་ལྕོགས་ཀྱིས་བྱ་བའི་མྱུར་ཚད་གང་མགྱོགས་སུ་བཏང་བ་དང་། ཕྱོགས་གཞན་ཞིག་ནས་སྣང་མེད་ཀྱི་རྣམ་འགྱུར་བསྟན་ཏེ་ཏའོ་ལུགས་པ་ཝང་ལ་ཁོའི་ལག་ན་གནས་པའི་རིག་དངོས་ འདི་དག་རིན་ཐང་བྲལ་བ་ཤེས་སུ་མི་འཇུག་རྒྱུ་དེ་ཡིན། ཤོག་དྲིལ་འདི་དག་ཏའོ་ལུགས་པ་ཝང་གི་ལག་བརྒྱུད་ནས་སྔོག་འདོན་བྱས་པ་ཡིན་ཞིང་། དེ་ནི་སྔར་བཞིན་ཤིན་ཏུ་དོན་སྙིང་ལྡན་ལ་ཡིད་འཁྲེངས་པ་ཞིག་ཡིན་འདུག

 ཁོ་བོས་གཤམ་གྱི་ས་བཅད་ཁྲོད་གཙང་བཤེར་བྱས་པའི་ཤོག་དྲིལ་རེ་རེ་དང་རིག་དངོས་གཞན་དག་རིགས་དགར་ནས་ངོ་སྤྲོད་བྱས་པ་ཡིན་ལ།   ཏའོ་ལུགས་པ་ཝང་གིས་ང་ཚོར་སྤྲད་པའི་ཐོག་མའི་ཤོག་དྲིལ་སྡམ་པོ་དེའི་ཁྲོད་འགའ་ཤས་ནང་པའི་ཆོས་དཔེ་མཐུག་པོ་ཡིན་པ་མངོན་གསལ་ཡིན་ལ། མཐུག་ཚད་དབྱིན་ཁྲེ་9.5ནས་10.5བར་སོགས་སྣ་ཚོགས་མཆིས་ཤིང་། དེ་དག་ད་ལྟའི་བར་དུ་གཏེར་ཕུག་ནང་བདེ་བླག་ཏུ་གནས་ཡོད། འདི་དག་ལོ་ཟླ་མང་པོ་ཞིག་འགོར་ཡོད་ནའང་ཤོག་དྲིལ་ཕལ་ཆེ་བ་ཉར་ཚགས་ཡག་པོ་འདུག ཤོག་དྲིལ་འདི་དག་ཤོག་ངོས་སྙོམ་ལ་སེར་པོ་གྱུར་ཡོད་ཅིང་ཤོག་རིས་མི་གསལ།ཤོག་བུ་སྲ་ཤིང་སྤྱོད་ཤན་ཆེ། ཤོག་དྲིལ་བམ་པོ་དག་ཡོ་རོབ་གླིང་གི་རྩྭ་ཤོག་ཡིག་རིགས་དང་འདྲ་བར་ཤོག་རིལ་བྱེད་ཆོག་ཅིང་དཀྱིལ་དུ་སྒྲིལ་མདའ་ཆུང་བུ་འདུག་ལ། 

སྒྲིལ་མདའི་སྣེ་གཉིས་སུ་བརྐོས་རིས་དང་འཛིན་ཡུ་ལ་ཁྲ་རྒྱན་བཏབ་ཡོད་ཅིང་། སྒྲིལ་མདའི་རིང་ཐུང་དབྱིན་ཚིན་༡༥་ནས་༢༠་བར་ཡོད། བཀྲམ་ན་ཞེང་ཚད་ཧ་ཅང་ཆེ་ལ། དེ་དག་དཔེ་བལྟས་ཐེངས་མང་བྱས་ནས་གཙུབ་བརྡར་བྱེད་མྱོང་བ་མཐོང་ཐུབ་ཅིང་། ད་དུང་ཤོག་དྲིལ་གྱི་ཕྱི་ལ་ཁུག་མ་དང་སྡོམ་བྱེད་ཀྱི་དར་ཐག་ཡོད་ལ་

མང་ཆེ་བ་རུལ་ནས་ཁུག་མ་གཅིག་བུ་ལས་ལྷག་མེད། སྐུ་ངོ་ཅང་གིས་ལས་སླ་མོའི་ངང་ནས་ནང་ཆོས་ཀྱི་ཤོག་དྲིལ་དེ་དག་གི་དཀར་ཆག་དང་དེབ་གྲངས།དྲིལ་རྟགས་སོགས་ཀློག་ཐུབ་ལ་ཁོ་བོས་ནང་ཆོས་ཀྱི་བརྗོད་དོན་དག་ཤེས་ཐབས་བྲལ་ཏེ། ངས་དེ་སྔ་ཆོས་དཔེ་འདི་དག་གི་ནང་དོན་བསྐྱར་ཟློས་ཡིན་པ་སེམས་ཁུར་བྱས་མྱོང་ལ་དེང་སྐབས་ཀྱི་ཆོས་དཔེ་དག་རྟག་པར་དེ་འདྲ་རེད། ཆེས་ཐོག་མར་ཁྱེར་ཡོང་བའི་ནང་ཆོས་ཤོག་དྲིལ་ཁ་ཅིག་གི་དཀར་ཆག་ཕན་ཚུན་མི་འདྲ་ཞིང་། དེས་ངའི་སེམས་ཁྲལ་ལྷག་མ་དེ་རྩ་བ་ནས་ཡལ་བར་གྱུར། 

དེ་སྔོན་འགོ་རྩོམ་དུས་ངས་སྐུ་ངོ་ཅང་ལ་ཤོག་དྲིལ་འདི་དག་གི་དཀར་ཆག་རགས་ཙམ་ཞིག་བསྒྲིགས་སུ་བཅུག་ལ། འོན་ཀྱང་ཏའོ་ལུགས་པ་ཝང་གི་སྤོབས་པ་ཉིན་རེའི་ཇེ་ཆེར་སོང་སྟེ་ཁོས་ཤོག་དྲིལ་སྡམ་རེ་སྡམ་རེ་བྱས་ནས་འདིར་བསྐྱལ་བས་ན་ང་ཚོས་ཤིན་ཏུ་རགས་བསྡུས་ཡིན་པའི་དཀར་ཆག་ཅིག་བསྒྲིག་འདོད་ཀྱི་འཆར་གཞི་དེའང་མི་འདོར་ཐབས་མེད་དེ་ཤོག་དྲིལ་དངོས་ནས་མང་དྲགས་སོང་བས་སོ།། 

 སྐུ་ངོ་ཅང་གིས་བྲེལ་འཚུབ་ཀྱིས་ཤོག་དྲིལ་འདི་དག་ལ་རགས་གཟིགས་ཐེངས་གཅིག་རེ་བྱས་མོད་ལོ་རིམ་བཀོད་པའི་འབྲེལ་ཡོད་དཔྱད་གཞི་རྙེད་མ་བྱུང་ལ། ཆོས་དཔེ་ནང་དུ་བོད་ཡིག་ཤོག་དྲིལ་ཁག་ཅིག་མཆིས་ཀྱང་།

 གཏེར་ཕུག་གི་དུས་རབས་ལ་དཔྱད་པར་ཕན་ཅི་ཡང་མ་ཐོགས་ཤིང་། བོད་ཡིག་གི་ཆོས་དཔེ་འདི་དག་ཀློག་བདེ་ཆེད་ས་བཅད་ཁག་འཕྲེད་དུ་ཕྱོགས་ནས་བསྒྲིགས་འདུག་ཅིང་། གོང་ནས་མར་འབྲི་བ་ཡིན། ང་ཚོས་ཡིག་གཟུགས་དང་ནང་དོན་ལས་དེ་དག་གི་ལོ་རབས་ཀྱི་བརྡར་ཤ་གཅོད་ཐུབ་བྲལ་ཡང་། འོན་ཏེ་བོད་ཡིག་ཆོས་དཔེའི་ཤོག་བུ་དག་ཐབས་ཆག་དང་སྐྱ་བོར་གྱུར་ཡོད་པས་བལྟས་ཚོད་ཀྱིས་རྒྱ་ཡིག་ཤོག་དྲིལ་གྱི་དུས་རབས་ལས་འཕྱི་བ་ཐག་གིས་ཆོད་ལ། དེ་དག་གི་དུས་རབས་ནི་གཅིག་བྱས་ན་ཕལ་ཆེར་སྤྱི་ལོ་༧༥༩ནས་༨༥༠བར་སྟེ་ཐུ་བྷོད་རྒྱལ་རབས་གྱིས་ཏུན་ཧོང་ལ་དབང་བསྒྱུར་བའི་དུས་སྐབས་ཡིན་སྲིད་ཅིང་།   ལོ་རབས་དེ་ལས་

འགོར་ཡོད་པའི་རྒྱ་ཡིག་ཤོག་དྲིལ་གྱི་དུས་རབས་ནི་ཤོག་བུའི་རྒྱུ་སྤུས་ཅུང་ལེགས་པས་ཐང་རྒྱལ་རབས་ཀྱིས་ས་ཁུལ་འདིར་དབང་བསྒྱུར་བྱས་པའི་སྐབས་ལ་གཏོགས་འོས་སོ།།

རིམ་བཞིན་ང་ཚོས་དུས་རབས་ཆེས་སྔ་ཤོས་ཀྱི་ཤོག་དྲིལ་གྱི་ལོ་རབས་དཔང་རྟགས་རྙེད་སོང་ལ།   དབྱིན་ཁྲེ་གསུམ་ལྷག་ཡོད་ཅིང་མདོག་སེར་པོ་གྱུར་བའི་ཤོག་རལ་ཞིག་སྟེ་རྒྱ་ཡིག་ཤོག་དྲིལ་གྱི་རྒྱབ་ངོས་(ད་ལྟའི་ཨང་གྲངས་Ch.i.0019)སུ་བྲམ་ཟེའི་འཁྱུག་ཡིག་གིས་བྲིས་པའི་ཡིག་རིགས་ཤིག་མཐོང་སོང་སྟེ། དེ་ནི་ང་ལ་ཆ་རྒྱུས་ཡོད་པའི་ལི་ཡིག་ཡིན་ཞིང་། དེར་མཐུད་ནས་ཡང་ལི་ཡིག་གི་ཡིག་རིགས་ཤོག་དྲིལ་རལ་བོ་གསུམ་རྙེད་པ་བྱུང་།

(ད་ལྟའི་ཨང་གྲངས་Ch.i.0021)ཤོག་དྲིལ་མཐའ་དག་གི་ངོས་གཅིག་གམ་ངོས་གཉིས་སུ་ལི་ཡིག་བྲིས་ཡོད་དེ། 

འདིས་གཏེར་ཕུག་ཏུ་ཆོས་དཔེ་སྦས་པའི་དུས་སྐབས་སུ་རྒྱ་གར་གྱི་ཡིག་རིགས་༼ལེགས་སྦྱར་གྱི་སྐད་ཡིན་སྲིད་༽ནང་

ཆོས་དད་པའི་ས་ཁུལ་འདིར་དར་ཆེ་བ་གསལ་བོ་མཚོན་ཐུབ་ཅིང་། ལི་ཡུལ་གྱི་ཡིག་རིགས་རྒྱ་ཡིག་གི་ཤོག་དྲིལ་གྱི་རྒྱབ་ངོས་སུ་མཐོང་བ་འདིས་ཏུན་ཧོང་ས་ཁུལ་གྱི་ནང་བསྟན་དང་ཐ་ལི་མི་གཤོང་སར་塔里木盆地རྒྱ་ཆེར་དར་བའི་ནང་བསྟན་གཉིས་ལ་འབྲེལ་བ་ངེས་ཅན་ཡོད་པ་མཚོན་ནོ། །

      ཡུན་རིང་མ་འགོར་བར་ཁོ་བོས་གུབྟའི་འཁྱུག་ཡིག་བྲིས་པའི་གཞན་པའི་ཤོག་དྲིལ་མང་པོ་རྙེད་བྱུང་ལ། འབུམ་རམས་པ་ཧོ་འུན་ལེ་霍恩雷ཡིས་ཞིབ་འཇུག་ལྟར་ན་དེ་དག་ནི་ལི་ཡིག་གི་གསུང་རྩོམ་གཉིས་ཏེ། དེའི་ཁྲོད་ཨང་གྲངས་Ch.i.i.003ནི་གསོ་རིགས་ཡིག་ཆ་ཞིག་སྟེ་ཤོག་ངོས་བདུན་ཅུ་དོན་གཅིག་ལྷག་ཉར་ཚགས་བྱས་

ཡོད།  གང་སར་སྤུངས་པའི་གཏེར་ཡིག་འདི་དག་གི་ཁྲོད་ན་རྒྱ་ཡིག་དང་བོད་ཡིག་གི་ཤོག་དྲིལ་ལས་གཞན་བོད་ནས་བྱུང་བའི་ལེགས་སྦྱར་གྱི་ཡིག་ཆའང་མི་ཉུང་བ་ཡོད་ལ་ད་དུང་ཤོག་ལྷེ་ཐར་ཐོར་དུ་སོང་བའི་རྒྱ་ཡིག་གི་ཤོག་དྲིལ་འབོར་ཆེན་འདུག་ཅིང་། ཤོག་ལྷེ་ཐར་ཐོར་གྱི་རྒྱ་ཡིག་འདི་དག་གོ་རིམ་ཅི་ཡང་མེད་ལ། དཔེ་དེབ་འཚེམ་རྒྱག་བྱས་པ་ཐབས་ཆག་ཡིན་ཞིང་ཁུག་མའི་ནང་དུའང་བཅུག་མེད་ཅིང་། འདིས་གཏེར་ཡིག་འདི་དག་ཉར་བའི་རྗེས་སུ་བསྐྱར་སྒུལ་གཏོར་བརླག་ཐེབས་པ་མཚོན་ཞིང་།   ཏའོ་ལུགས་པ་ཝང་གིས་རང་སྣང་གང་ཤར་གྱིས་གཏེར་ཡིག་འདི་དག་ཁྲོད་དུ་དངོས་པོ་རྩ་ཆེན་བཙལ་ནས་བསྐྱར་བཤེར་བྱས་མྱོང་བས་དངོས་པོ་གསར་བ་མི་ཉུང་བ་རྙེད་ཡོད། ཤོག་ལྷེ་ཐར་ཐོར་འདི་དག་གི་གོ་རིམ་བསྒྲིག་མི་ཐུབ་ནའང་དེ་དག་གི་ནང་དོན་ལ་གཏོར་བརླག་གང་ཡང་ཐེབས་མེད་ཅིང་རླན་གཤེར་ཕོག་ཡོད་པའང་མཐོང་རྒྱུ་མི་འདུག་ལ། གནས་ལུགས་ཧ་ཅང་སླ་སྟེ་གཏེར་ཕུག་ནི་གཏེར་ཡིག་སྦས་སའི་གནས་ཧ་ཅང་ཁྱད་དུ་འཕགས་པ་ཞིག་ཡིན་ཞིང་།

 དེ་ནི་སྐམ་ཧྲལ་གྱི་བྲག་ངོས་སུ་བརྐོས་ཡོད་ཅིང་བྱེ་མའི་ལུང་ཤུར་དུ་རླན་གཤེར་རེ་ཡོད་པའི་དབང་དུ་བཏང་ནའང་གཏེར་ཡིག་དང་རྦད་དེ་བར་མཚམས་བཅད་ཡོད་དེ། གཏེར་ཕུག་གི་ངོས་གསུམ་ནི་སྲ་བརྟན་གྱི་བྲག་རྡོ་ཡིན་ཞིང་ངོས་གཅིག་ཙམ་དེ་སོ་ཕག་བརྩིགས་པའི་གྱང་ཡིན་ལ། དེ་མ་ཟད་དུས་རབས་མང་པོ་ཞིག་ལ་བྱེ་མས་བཀབ་པས་གཏེར་ཕུག་གི་དྲོད་ཚད་ཕལ་ཆེར་གཏན་ཁེལ་ཡིན་ཞིང་། འདི་འདྲའི་ཐན་པ་མཆིས་པའི་ས་ཁུལ་དུ་གཏེར་དུ་སྦས་ཏེ་ཉར་ཚགས་བྱས་པ་ནི་ལེགས་པར་འཚམ་མོ།།

      དཔེ་ཧ་ཅང་ལེགས་པའི་གོང་གསལ་གནས་ཚུལ་གྱིས་ད་དུང་གསལ་བཤད་བྱེད་ཐུབ་པ་ནི། ཁོ་བོས་སྐྱ་མདོག་གི་ཁུག་མ་ཆེན་པོ་ཞིག་གི་ཁ་འབྱེད་དུས་ནང་དུ་ཤོག་ལེབ་རྣམ་པ་སྣ་ཚོགས་དང་རི་མོ་བྲིས་ཤིང་གཤོག་པ་ལྟར་སྲབ་པའི་དར་གོས་སམ་རས་ལེབ་མོ་དང་ཡིག་གེ་བྲིས་པའི་དར་གོས་རལ་བོ་འབོར་ཆེན་མཐོང་བྱུང་ལ། རི་མོ་ལྡན་པའི་དར་གོས་སམ་རས་ལེབ་མོ་མང་ཆེ་བ་དབྱིན་ཁྲེ་གཉིས་ནས་གསུམ་ཅན་ཡིན་ཏེ་གོང་གནས་ཟུར་གསུམ་དབྱིབས་ཅན་ཏེ་དར་བོ་ཆེ་དང་ཅུང་འདྲ་ལ།  དགོན་པའི་ནང་སྤྱོད་རྒྱུའི་དར་ཆའི་རིགས་ཡིན་པ་མངོན་གསལ་ཡིན་ཞིང་།  དར་གོས་ཀྱི་དར་བོ་ཆེ་དེ་དག་རྟག་པར་དར་ཤིང་གི་སྟེང་དུ་དམ་པར་བཏགས་ཡོད་ཅིང་། དར་ཤིང་སྟེང་ཚོན་རིས་བྱུགས་འདུག་ལ། བཀྲམ་སྐབས་དར་གྱི་སྟེང་ནས་ནང་ཆོས་ཀྱི་ལྷ་སྐུ་མཐོང་ཐུབ་ཅིང་།

ཚོན་མདངས་མཛེས་ལ་བབ་ཆགས་ལྡན།  དར་བོ་ཆེ་བཟོ་བྱེད་ནི་མཆོག་ཏུ་གྱུར་བའི་དར་གོས་ཡིན་ཏེ། འགའ་ཤས་བལྟས་ཚོད་ཀྱིས་ཅུང་རྙིང་ཧྲུལ་དུ་གྱུར་འདུག་ནའང་དེ་ནི་དུས་རབས་འགའི་ནང་ཉར་ཚགས་ཁྲོད་རུལ་ཟད་དུ་གྱུར་བ་གཏན་ནས་མིན་ཞིང་སྐབས་ཐོག་དེར་དགོན་པས་ཡུན་རིང་བོར་བཀོལ་སྤྱོད་བྱས་པས་བཟོས་པ་ཡིན་ལ། དར་ཆ་ཁ་ཤས་ཀྱི་སྟེང་དུ་གསབ་བཅོས་རྒྱབ་པའི་ཤུལ་ཡང་མཐོང་རྒྱུ་འདུག་ཅིང་། ཁོ་བོས་དར་ཆ་ཆེན་པོ་དེ་དག་གི་ཁ་འབྱེད་བསམ་དུས་སྤུས་ཀ་ཧ་ཅང་གཉོམ་པ་མཐོང་བྱུང་བས་ཆག་སྐྱོན་བཟོ་ཉན་ཆེ་སྟེ། སྐབས་དེར་ཉར་ཚགས་བྱེད་དུས་ཧ་ཅང་དམ་པོར་གྲིལ་ཡོད་པ་མ་ཟད་གང་འདོད་དུ་ཕུང་པོ་རེ་རེ་བཞིན་མཉམ་དུ་མནན་ནས་བཞག་སྟེ་འདི་ལྟར་དུས་རབས་འགའ་ལ་གཙིར་གནོན་བྱས་པ་བརྒྱུད་རྗེས་ཡང་བསྐྱར་ཁ་འབྱེད་པ་ཡིན་ན་སྲབ་པོ་ཡིན་པའི་དར་གོས་དག་ལ་གནོད་པ་ཐེབས་སླ་ཞིང་། མཉམ་དུ་གྲིལ་བའི་དར་གོས་འདི་དག་ཁོ་བོས་ཡར་བཀྱགས་ཏེ་ལྟ་ཞིབ་བྱེད་མྱོང་ལ།  དེའི་སྟེང་གི་རི་མོ་དང་བྲག་ཕུག་ཆེ་གྲས་ཁྲོད་ཀྱི་ལྡེབས་རིས་ཀྱི་ནང་དོན་གཅིག་པ་རེད། བཀྲམ་པའི་སྔོན་དང་རྗེས་ཀྱི་རྣམ་པ་བསྡུར་ན་ཕྱོགས་གཅིག་ནས་ང་ཚོས་དེ་ལ་རྒྱུས་ལོན་བྱེད་ཐུབ་ཅིང་། རྒྱ་ཁྱོན་ཆེ་བ་ལ་འདི་འདྲའི་ཉར་ཚགས་ལེགས་པའི་དར་གོས་བཀྲམ་རྒྱུ་ནི་ལས་སླ་མོ་ཞིག་ག་ལ་ཡིན་ཏེ། ལྷག་པར་དུ་དར་གོས་འདི་དག་བེད་སྤྱད་ཡུན་རིང་བཏང་ཡོད་ཅིང་། ད་དུང་ཕྱོགས་གཞན་ཞིག་ནས་གཏེར་ཕུག་གི་ཆ་རྐྱེན་གྱིས་ནང་བསྟན་རི་མོའི་སྒྱུ་རྩལ་བརྩམས་ཆོས་འདི་དག་ཉར་ཚགས་ལ་ཅི་འདྲའི་ཕན་པ་ཤེས་ཐུབ་བོ།།

      ང་ཚོར་ཡིག་ཆ་འདི་དག་གི་ལོ་རབས་ལ་ཕྲ་ཞིང་ཞིབ་པའི་སྒོ་ནས་ཞིབ་འཇུག་བྱེད་པའི་དུས་ཚོད་འདང་ངེས་པ་མེད་ལ། ཁོ་བོས་དོ་ཁུར་བྱེད་ས་ནི་འདི་ནས་གཏེར་ཡིག་ག་ཚོད་ཅིག་འཁྱེར་ཐུབ་མིན་དེ་ཡིན་ཞིང་། ཡ་མཚན་པ་ཞིག་ལ་ཏའོ་ལུགས་པ་ཝང་གིས་རིན་ཐང་བྲལ་བའི་ནོར་བུ་འདི་དག་ལ་གཅེས་སྣང་ཅི་ཡང་མེད་དེ། དེས་ཁོ་བོའི་སེམས་ལྷོད་ལ་བབ། བསམ་ཡུལ་ལས་འདས་པ་ཞིག་ལ་ཁོ་བོས་རང་གི་ལག་ཏུ་ཡོད་པའི་ཉར་དངོས་ཁྲོད་ནས་དར་བྲིས་རི་མོ་དང་རས་བྲིས། ཡིག་ཆ་སོགས་འགའ་གདམ་ནས་རྗེས་ཕྱོགས་གཏིང་ཟབ་སྒོས་ཞིབ་འཇུག་ལ་གྲ་སྒྲིག་བྱེད་སྐབས་ཏའོ་ལུགས་པ་ཁོས་མི་འཐད་པའི་བསམ་འཆར་གང་ཡང་བཏོན་མ་བྱུང་བས། ཐ་ན་ང་ལ་

ཉར་དངོས་ཡོད་ཚད་འཁྱེར་རྒྱུའི་སེམས་ཚུལའང་སྐྱེས་བྱུང་། འོན་ཀྱང་དེ་ནི་དངོས་གནས་ཅུང་ཙམ་ཚད་ལས་བརྒལ་འདུག་ལ། དེ་བས་ངས་རང་ཉིད་ཀྱི་འདོད་ཞེན་གང་ཅི་ཐུབ་ཀྱིས་མནན་ཞིང་། གདམ་ནས་ལྷག་པ་དེ་དག་ཕྱིར་ཁོ་ལ་སྤྲད་དེ་ས་ཁུལ་ཕུད་ནས་དེ་ལས་མང་པོའི་ཉར་དངོས་ཁྱེར་ཡོང་དུ་བཅུག་ནས་ཁོ་བོས་འདེམས་པ་ཡིན། ཐབས་འདིས་དངོས་གནས་ནུས་པ་ཐོན་བྱུང་སྟེ།  སྒྱུ་རྩལ་གྱི་ཤུལ་བཞག་འདི་དག་རིན་ཐང་མེད་པ་ཏའོ་ལུགས་པ་ཝང་གཞི་ནས་ཡིད་ཆེས་སོང་། ཏའོ་ལུགས་པས་ཧ་ཅང་རིན་ཐང་ལྡན་བསམ་པའི་རྒྱ་ཡིག་ཤོག་དྲིལ་དག་གི་སྟེང་ནས་ཁོ་བོའི་དོ་སྣང་བྱེད་ས་དེ་གཞན་ལ་འདྲེན་ཆེད་ངལ་བ་ལ་མི་འཛེམ་པར་ཁོས་གད་སྙིགས་སུ་བསམ་པའི་ཉར་དངོས་དེ་དག་སྡམ་པོ་བྱས་ནས་ཁྱེར་ཡོང་བས་ང་དགའ་སྤྲོ་རབ་ཏུ་འཁོལ་སོང་ལ། རྒྱུ་མཚན་གསར་དུ་ཁྱེར་ཡོང་བའི་ཡིག་ཆ་རལ་བོའི་ཁྲོད་མང་ཤས་རྒྱ་ཡིག་གི་ཡིག་ཆ་ཡིན་ཞིང་། རིན་ཐང་ལྡན་པའི་རི་མོའི་བརྩམས་ཆོས་དང་པར་བཏབ་པའི་ཡིག་རིགས། དར་བྲིས་རི་མོ། གུབྟའི་འཁྱུག་ཡིག་གི་ལེགས་སྦྱར་ཡིག་རིགས་སོགས་ཆོས་ལུགས་ཀྱི་ནང་དོན་མིན་པའི་ཡིག་རིགས་འགའ་ཤས་རྙེད་བྱུང་ལ། དེའི་ཕྱིར་སྐུ་ངོ་ཅང་ངེད་གཉིས་ཉིན་དང་པོ་དེར་ཉིན་ཧྲིལ་བོར་ཁོམ་ལོང་མེད་པར་གྱུར་ནས་ཐ་ན་བར་སྐབས་སུ་ངལ་གསོའང་མ་བྱས་པར་ལས་ཀ་བྱས་ནས་བྲག་དགོན་ལ་ས་ཡོངས་སུ་རུབ་རྗེས་ད་གཟོད་ལས་ཀ་མཚམས་བཞག་པ་ཡིན།

ཏུན་ཧོང་རྫོང་མཁར་དུ་ཡོད་པའི་སི་ཐེ་ཨིན་གྱི་ལམ་ཆས་དབོར་འདྲེན་ཤིང་རྟ།༡༩༠༧ལོ།

     བསམ་ཡུལ་ལས་འདས་པའི་རྙེད་པ་འདི་དག་གིས་ང་ལ་ཧ་ཅང་དགའ་བོ་བྱུང་ཡང་སེམས་ཁྲལ་ཡང་ཆེ་སྟེ། འདི་ནི་ངས་ཐོག་མཐའ་བར་གསུམ་དུ་སེམས་ཁྲལ་བྱེད་བཞིན་པའི་དོན་དག་ཅིག་སྟེ། དེ་ནི་ངེས་པར་དུ་མུ་མཐུད་ནས་ཏའོ་ལུགས་པ་ཝང་འཇམ་ཁྲིད་བྱས་ཏེ་བློ་བདེ་བག་ཕབ་ཏུ་གནས་སུ་བཅུག་ཅིང་། ཡོན་བདག་རྣམས་ཀྱིས་ཁུངས་མེད་འཆལ་གཏམ་བཤད་པར་ཁོ་ལ་སེམས་ཁྲེལ་མེད་པ་བཟོ་དགོས། སྐུ་ངོ་ཅང་གི་ཁ་ལྕེ་བདེ་བོ་དང་ཁོ་བོས་ཡང་དང་བསྐྱར་དུ་ནང་བསྟན་དང་སན་ཙང་ལ་དད་གུས་ཀྱི་རྣམ་འགྱུར་བསྟན་པ་དེས་ནུས་པ་ཐོན་སོང་། མ་གཞི་ཏའོ་ལུགས་པ་ཝང་ཤོག་དྲིལ་སྤུངས་པའི་སྟེང་ནས་ཕར་ཚུར་ལ་འགོམ་བཞིན་ཤོག་དྲིལ་སྐྱལ་བ་དེས་ཅུང་ཐང་ཆད་འདུག་པ་མཐོང་ཐུབ་ལ། འོན་ཏེ་ཁོའི་གདོང་གི་དོགས་པའི་རྣམ་འགྱུར་དེ་ལྷོད་ལ་བབ་པའམ་སྤོབས་སེམས་གྱིས་ཁེངས་པའི་རྣམ་འགྱུར་གྱིས་ཡོངས་སུ་བཀབ་ནས་ཡོད། དེའི་རྒྱུ་མཚན་ནི་ཁོས་རིན་ཐང་ཅི་ཡང་མེད་བསམ་པའི་དངོས་པོ་དག་ང་ཚོར་མཚོན་ན་རྩ་ཆེན་པོ་ཡིན།   དེ་སྔོན་ངས་ཏའོ་ལུགས་པ་ཝང་ལ་བྲག་དགོན་ཉམས་གསོའི་ཞལ་འདེབས་དངུལ་མང་པོ་ཞིག་ཕུལ་རྒྱུ་ཁས་ལེན་བྱས་ཡོད་ལ། གཏེར་ཡིག་བསྐྱར་བཤེར་ཐེངས་མང་བྱས་ནས་ཁོ་ལ་དཀའ་ལས་མང་པོ་གཏད་པར་བཀའ་དྲིན་ཞུ་བ་མཚོན་བྱེད་ཀྱང་ཡིན།

     དགོང་མོ་སླེབས་དུས་གཞི་ནས་བདམས་ཟིན་པའི་ཤོག་དྲིལ་དང་རི་མོ་དག་དཔེ་ཁང་ནང་མཉམ་དུ་བཞག་སྟེ་ཕྱི་འབྲེལ་གྱི་ཆེད་ཚིག་གིས་བཤད་ན་༼གཏིང་ཟབ་ཞིབ་འཇུག༽་ལ་འདོན་སྤྲོད་བྱས་པའི་མིང་ཐོག་ནས་སྐྱེལ་འདྲེན་བྱེད་པར་སྒུག་ཡོད།   འོན་ཀྱང་ཏའོ་ལུགས་པ་ཝང་གིས་ཉན་ཁ་མི་འཛེམ་པར་ང་ཚོར་ཉར་དངོས་འདི་དག་སྐྱེལ་འདྲེན་བྱེད་དུ་འཇུག་མིན་དང་། ཡང་ན་ཁོས་ང་ཚོའི་དམིགས་ཡུལ་ངོ་མ་དེའི་མཐུལ་བརྟོལ་སྲིད་དམ།

     དངོས་གནས་བཤད་ན་ང་ཚོ་རང་ལའང་ཡིད་ཆེས་མེད་དེ། ཐད་ཀར་ཁོ་ལ་ལྐོག་འཚོང་རྒྱབ་ནས་ཉར་དངོས་འདི་དག་ཉོས་ཏེ་ལྐོག་ནས་སྐྱེལ་འདྲེན་བྱེད་པ་སྐབས་དེར་བལྟས་ན་འོས་ཤིང་འཚམས་ཏེ། ང་ཚོ་ཉིན་ཧྲིལ་བོའི་ལས་ཀ་རྫོགས་ནས་ཏའོ་ལུགས་པ་ཝང་གི་བྲག་ཕུག་དང་བྲལ་སྐབས་ཁོ་བོར་ངེད་གཉིས་ཀྱི་ཐུན་མོང་གི་དད་གུས་བྱེད་སའི་སན་ཙང་ཡུན་རིང་ལ་གླེང་བའི་བསྐལ་བ་ལྡན་གྱུར། ཁོ་བོས་སན་ཙང་གིས་དག་པའི་ཞིང་ཁམས་ནས་ལུང་བསྟན་ཏེ་གྲངས་ཀ་འབོར་ཆེན་གྱི་གཏེར་ཡིག་དང་གཞན་པའི་རྟེན་རྫས་འདི་དག་ལ་མཇལ་བའི་བསོད་ནམས་གནང་བྱུང་ལ། ཉར་དངོས་འདི་དག་ལས་འགའ་ཤས་ཁོང་རྒྱ་གར་ལ་གནས་མཇལ་དུ་ཕེབས་པའི་མཛད་རིམ་ཁག་དང་འབྲེལ་ཡོད་སྲིད་དེ། ཉར་དངོས་འདི་དག་ཁོང་ལ་དད་མོས་བྱེད་མཁན་༼ཏའོ་ལུགས་པ་ཝང་༽གཞན་ཞིག་གིས་ལེགས་པར་ཉར་ནས་ཡོད་ཅེས་ལུང་བསྟན་ཚུལ་བཤད།  ངེད་གཉིས་ཐང་གི་གྲྭ་བས་ནུབ་ཕྱོགས་འཕགས་ཡུལ་ནས་ཆོས་བླངས་པའི་རི་མོ་ཡོད་པའི་བྲག་ཕུག་ཏུ་ལངས་ནས་སྡོད་སྐབས་ངས་བསམ་བཞིན་དུ་ཁོའི་མཉམ་འཇོག་ས་དེ་ཐང་སན་ཙང་གིས་ཆིབས་རྟའི་རྒྱབ་ལ་ཆོས་ཁལ་ཙིག་བཀལ་ཏེ་རྒྱ་གར་ནས་ཕྱིར་ལོག་པའི་རི་མོ་དེའི་ཕྱོགས་སུ་ཁྲིད་ཅིང་།      འདི་ནི་ཤིན་ཏུ་ལེགས་པའི་གསལ་འདེབས་ཤིག་ཡིན་ལ། ཁོ་བོས་ཏའོ་ལུགས་པ་ཁོང་ནས་རྙེད་ཅིང་ད་སྐབས་གཏེར་ཕུག་ཏུ་ཉར་ཚགས་བྱས་པའི་ཤོག་དྲིལ་འདི་དག་ཁྱེར་ནས་ནུབ་ཕྱོགས་ཀྱི་མཁས་པ་ཚོས་ཞིབ་འཇུག་བྱེད་པར་འདོན་སྤྲོད་གནང་རྒྱུའི་རེ་བར་འཐད་དུ་འཇུག་རྒྱུ་དེ་ཡིན།  སྐུ་ངོ་ཅང་དང་ཏའོ་ལུགས་པ་ཝང་གཉིས་ཀྱིས་ཕར་བཤད་ཚུར་རྫོགས་བྱེད་བཞིན་འདུག་ཅིང་། སྐུ་ངོ་ཅང་གིས་ཁ་ལྕེ་དམར་པོ་མེ་འབར་འབར་བྱས་ཏེ་ཏའོ་ལུགས་པ་ཝང་བློ་འགུག་གང་ཐུབ་བྱས་ཤིང་། སན་ཙང་གིས་ཁོ་ལ་ནང་པའི་དམ་ཆོས་དང་རྟེན་མཆོག་འདི་དག་རྙེད་པར་བཅུག་པ་དེའི་དམིགས་ཡུལ་ནི་དེ་དག་མུ་མཐུད་ནས་གཏེར་ཕུག་ཏུ་དམ་པར་ཉར་ཚགས་བྱེད་རྒྱུ་དེ་གཏན་ནས་མིན་ཚུལ་དང་། ཏའོ་ལུགས་པ་ཝང་རང་ཉིད་ནས་ཤོག་དྲིལ་འདི་དག་ལ་ཞིབ་འཇུག་གི་འགན་མི་ཐེགས་ཤིང་། དེ་བས་འདི་དག་རྒྱ་གར་དང་ནུབ་ཕྱོགས་ཀྱི་ནང་ཆོས་ལ་ཞིབ་འཇུག་གནང་མཁན་མཁས་པ་ཚོར་སྤྲད་དེ་ཞིབ་འཇུག་བྱེད་དུ་བཅུག་ན་འོས་པ་དང་དགེ་བ་བསམ་གྱིས་མི་ཁྱབ་པ་ཡིན་ཚུལ་སོགས་ལབ། འཐད་པ་བྱུང་ན་ཁོ་ལ་བྲག་དགོན་ཉམས་གསོའི་ཞལ་འདེབས་ཀྱི་དངུལ་ཡང་ཐོབ་ཆོག་ལ། ཁོ་བོས་དེང་ཐོག་ནས་གཟབ་ནན་གྱིས་ཞལ་འདེབས་འདི་གླེང་བ་ཡིན་ཞིང་། དེས་མགོ་

མཇུག་བར་གསུམ་དུ་ཏའོ་ལུགས་པ་ཝང་འདོད་པ་སྐྱེས་སུ་བཅུག་ཡོད། ད་དུང་ཁོ་བོས་ཆ་རྐྱེན་ཅི་ཡང་མེད་པར་དངུལ་ཆས་ཤིག་ཀྱང་ཞལ་འདེབས་སུ་བྱིན། གླེང་མོལ་འདི་དག་གིས་ཏའོ་ལུགས་པ་ཝང་ལ་ནུས་པ་གང་འདྲ་ཐོན་པ་དཔག་དཀའ་ལ། ཁོས་བྱ་བ་འདིའི་རྐྱེན་གྱིས་རང་ཉིད་ཀྱི་བླ་ན་མཐོ་བའི་སྙན་གྲགས་ལ་གནོད་པར་སེམས་ཁྲལ་བྱེད་པ་དང་མཉམ་དུ་བྲག་དགོན་ཉམས་གསོའི་ཞལ་འདེབས་ཐོབ་པའི་གོ་སྐབས་ཀྱང་བློས་གཏོང་འདོད་མེད་ཅིང་ལྷག་བསམ་རྣམ་དག་གིས་ཚོགས་བསག་སྒྲུབ་སྦྱང་བྱེད་པའི་ལས་ལ་ཕན་པ་ལྡན་ནོ།།

     འོན་ཀྱང་ཁོས་ངེས་པར་དུ་རང་ཉིད་ཀྱིས་དགོས་མཁོ་མེད་སེམས་པའི་གནའ་རྫས་དག་གཏོང་ཕུལ་བྱེད་དགོས་ཤིང་། ཏའོ་ལུགས་པ་ཝང་གདམ་གསེས་འདི་གཉིས་བར་ན་བློ་ཐག་མ་ཆོད་པར་ཐེ་ཚོམ་གྱིས་ཁེངས་ཡོད་པ་མཐོང་ཐུབ་ལ། ཁོ་བོས་ཀྱང་ཐབས་མཆོག་ཅིག་འཐེན་ནས་བདམས་གསེས་ཟིན་པའི་ཤོག་དྲིལ་དང་རི་མོ་དག་ལག་ཏུ་སོན་དགོས་ཤིང་། འདི་ནི་ཁོ་བོས་སྐུ་ངོ་ཅང་ལ་སྤྲད་པའི་འོས་འགན་ཞིག་ཡིན་དེ། དོན་དངོས་ཐོག་ནས་ཀྱང་ཁོས་ག་དུས་ཡིན་ཡང་ངའི་རེ་བ་སྟོང་ཟད་དུ་གཏོང་མྱོང་མེད།    མཚན་མོ་ཙམ་ལ་ཁོ་བོས་ངལ་གསོ་བྱེད་བསམ་སྐབས་སྐུ་ངོ་ཅང་རྐང་འཇབ་ལག་འཇབ་ངང་སླེབས་སོང་ལ། ཁོས་སྦྲ་གུར་ཉེ་འཁོར་དུ་མི་གཞན་མེད་པ་གསལ་ཐག་བཅད་རྗེས་ཤོག་དྲིལ་སྡམ་ཆེན་ཞིག་པང་དུ་བཟུང་ནས་ཐོན་སོང་ལ།   ཁོ་བོས་གསལ་བོར་བལྟས་རྗེས་ཏག་ཏག་རང་ཉིད་ཀྱིས་བདམས་གསེས་བྱས་པའི་ཤོག་དྲིལ་དེ་དག་ཡིན་པས་སེམས་ནང་ནས་དགའ་ཚོར་ཆེན་པོ་བྱུང་། མཐར་ཏའོ་ལུགས་པ་ཝང་གིས་ངའི་རེ་བ་དང་ལེན་བྱས་སོང་ལ། འོན་ཀྱང་ཁ་གསལ་བའི་

ཆོད་ཡིག་ཅིག་སྟེ།  དོན་འདི་ངེད་གསུམ་གྱིས་མ་གཏོགས་མི་ཤེས་ལ།  ང་རང་ཀྲུང་གོ་དང་ཁ་མ་བྲལ་བའི་སྔོན་ལ་དངོས་པོ་འདི་དག་བྱུང་སའི་གནས་ངེས་པར་དུ་གསང་བ་དམ་དགོས་ཤིང་། སྐབས་དེར་ཁོས་རང་ཉིད་སྡོད་གནས་སུ་མེད་པ་གཞན་གྱིས་དོགས་པར་སྐྲག་བཞིན་ཡོད་ལ། དེ་བས་ཤོག་དྲིལ་སྐྱེལ་འདྲེན་བྱེད་པའི་འགན་སྐུ་ངོ་ཅང་གཅིག་བུས་འཁུར་དགོས་ཤིང་། ཤིང་རྟར་བརྩིགས་རག་བར་གྱི་དགོང་མ་བདུན་ལ་ཁོས་སྡམ་པོ་རེ་རེ་སྐྱེལ་འདྲེན་བྱས་ཤིང་། ལུས་ཕུང་སྐམ་ལ་རིལ་པའི་རིག་གཞུང་ལྡན་པའི་ཁོ་བོའི་བློས་ཐུབ་ཀྱི་གྲོགས་པོ་ལ་མཚོན་ན་འདི་ནི་ཧ་ཅང་དཀའ་སྡུག་གི་ལས་ཀ་ཞིག་ཡིན་ལ། ཁོས་འདིའི་ཆེད་དཀའ་ལས་མྱོང་བ་དང་ཁོ་བོའི་བྱ་བ་ཡོད་ཚད་ལ་སྤྲོ་སེམས་ལྡན་པའི་ངང་རོགས་རམ་གནང་བ་བཅས་ནི་དུས་ཡུན་རིང་འགོར་ཡང་ཐོག་མཐའ་བར་གསུམ་དུ་བདག་གི་སེམས་ཀྱི་ཟབ་སར་གནས་ཡོད་དོ།།།།



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 63u9 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23502436
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།