སློབ་དཔོན་དམ་པ་འཇིགས་མེད་རྒྱལ་མཚན་མཆོག་གི་འཕྲིན་ལས་ཀྱི་ཆ་ཙམ་བརྗོད་པ་དད་པའི་གསོས་སྨན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »སློབ་དཔོན་དམ་པ་འཇིགས་མེད་རྒྱལ་མཚན་མཆོག་གི་འཕྲིན་ལས་ཀྱི་ཆ་ཙམ་
སློབ་དཔོན་དམ་པ་འཇིགས་མེད་རྒྱལ་མཚན་མཆོག་གི་འཕྲིན་ལས་ཀྱི་ཆ་ཙམ་བརྗོད་པ་དད་པའི་གསོས་སྨན།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2021-01-07ལྟ་ཀློག (3807)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


སློབ་དཔོན་དམ་པ་འཇིགས་མེད་རྒྱལ་མཚན་མཆོག་གི་འཕྲིན་ལས་ཀྱི་ཆ་ཙམ་བརྗོད་པ་དད་པའི་གསོས་སྨན།

                      གཙང་ཆུ་ཕྲན།
          
  
གངས་ལྗོངས་འཛིན་མའི་མདོ་ཁམས་སྨད་ཀྱི་ཆར།།
བཀྲ་ཤིས་དགེ་མཚན་རི་མོ་མངོན་པའི་ཡུལ།།
ལེགས་ཚོགས་རིན་ཆེན་དམ་པ་འབྱུང་བའི་གནས།།
ཆོས་ཀྱི་གྲོང་ཆེར་སྲིད་འདིའི་རྒྱན་གཅིག་ཡོད།།

ལྷུང་ལྷུང་རྨ་ཀློང་བཞུར་སྒྲ་སྙན་པའི་སར།།
རིན་བྲལ་དམ་ཆོས་སྒྲུབ་ལ་བློ་འདུན་ཞིང་།།
ཡིད་ལ་དད་དམ་རྡོ་རྗེས་རྒྱ་བཏབ་པའི།།
ཆུ་བ་ཚོ་ཆེན་སྡེ་བཞིའི་དཔལ་གྱིས་ཕྱུག།

དེ་རུ་ཐུགས་སྨོན་ལེགས་བྱས་རི་མོ་འབུམ།།
རྣམ་དཀར་བསོད་ནམས་དཔལ་དུ་ཤར་བ་ཡི།།
འཇིགས་མེད་རྒྱལ་མཚན་སྙན་པའི་གྲགས་པ་ཅན།།
ས་ཆེན་རྒྱན་དུ་འཁྲུངས་པའི་དགེ་མཚན་འབར།།

ཁྱེ་འུ་དར་མའི་ན་ཚོད་མ་རྫོགས་ཀྱང་།།
གནའ་དེང་ཤེས་བྱར་བརྩོན་པའི་སྣང་བ་མངོན།།
སྔོན་བསགས་སྨོན་ལམ་བཟང་བོས་མཚམས་སྦྱར་ཏེ།།
ངུར་སྨྲིག་རྒྱལ་མཚན་འཛིན་པའི་གྲལ་དུ་ཞུགས།།

དད་དམ་མི་འགྱུར་གསེར་སྦྱངས་བཙོ་མའི་ཟླ།།
ཕུན་ཚོགས་རིགས་ལམ་ལེན་པའི་གྲོགས་ལ་སྨན།།
གུས་རྟགས་བརྩོན་པས་ཤིན་ཏུ་མཛེས་པའི་གཤིས།།
བཤེས་གཉེན་དེད་དཔོན་དམ་པའི་ཐུགས་ཀྱི་རྒྱན།།

བཅུ་ཕྲག་རིགས་ལམ་ནོམ་ལ་དགྱེས་པ་གང་།།
ཇི་ལྟར་རྒྱ་མཚོར་རེན་ཆེན་ལེན་པ་ལྟར།།
མདོ་རྒྱུད་དགོས་འདོད་ནོར་གྱིས་མ་ཚིམས་པར།།
སྣ་ཚོགས་རིགས་ལམ་གཞན་ཡང་ལེན་པར་ཕྱིན།།

རྣམ་དག་ཐུགས་ཀྱི་མཁའ་ལམ་ཡངས་པོ་ནས།།
ཤེས་བྱའི་སྦྲང་ཆར་བདུད་རྩིར་འཇོ་བ་ལ།།
སྙན་གྲགས་རྔ་གསེང་ཕྱོགས་ཀྱི་རྣ་རྒྱན་བྱས།།
རྒྱལ་སྲས་དམ་པའི་རྣམ་ཐར་བདག་གར་བཞེས།།

དད་གུས་གཡོ་མེད་རླུང་དར་གྱིས་བསྐྱོད་དེ།།
ཤེས་བྱའི་ནོར་མཆོག་ལེན་པའི་དེད་དཔོན་དུ།།
བསུ་བར་འདུན་པའི་རེ་བའི་གྲུ་གཟེངས་ལ།།
མ་ཞུགས་དམ་པས་རང་གི་ངང་ཚུལ་བསྐྱངས།།

འོན་ཏེ་བརྗོད་འདས་ངོ་མཚར་རྟོགས་བརྗོད་ལས།།
དེ་ཡི་ལྷག་བསམ་གངས་ལྗོངས་འཛིན་མའི་ལྟོར།།
ལེགས་པར་བལྟམས་པའི་ས་ཡི་དག་ཞིང་སྟེ།།
ཤེས་རིག་སློབ་གླིང་སྲིད་འདིའི་རྒྱན་གཅིག་བསྐྲུན།།

གངས་རིའི་ལྗོངས་ཀྱི་བླ་དང་སྲོག་གི་སྤུན།།
ཐོན་མི་དཔའ་བོའི་རིགས་པའི་འཕྲུལ་དང་རྩལ།།
འཛིན་ལ་ཆེན་པོ་སྟོང་གིས་མ་འཇོན་པའི།།
རྣམ་དག་ལམ་བཟང་དཔེ་བྲལ་འདི་མིན་གང་།།

ཕན་བདེའི་དྲི་བསུང་ཕྱོགས་སུ་རྒྱུ་བ་ཡིས།།
དད་བརྩོན་གཤོག་ཟུང་སྐྱེན་པའི་རྐང་དྲུག་ཚོགས།།
དགའ་བའི་གར་སྟབས་སྙན་པའི་གླུ་ངག་བཅས།།
ཅིག་ཆར་འདུ་བའི་བདེ་བླག་རི་མོ་མཛེས།།

དེ་རུ་བློ་གསལ་འཕུར་ལྡིང་རྩེན་པའི་རིགས།།
ཐོས་བརྩོན་གར་གྱིས་མྱོས་ཤིང་ཚིམས་རྣམས་ནི།།
དད་གུས་གཤོག་ཟུང་ཀུན་ཏུ་བསྐྱོད་པ་ཡིས།།
ཤེས་བྱའི་རྒྱན་བཟང་ལེན་ལ་རྟག་པར་བྲེལ།།

ཡོན་ཏན་བཅུ་ལྡན་བཤེས་གཉེན་དེ་དཔོན་ཚོས།།
སྣ་ཚོགས་ཤེས་བྱའི་རིན་ཆེན་ནོམ་བཟང་རྣམས།།
གཞན་དུ་འགྱེད་པར་རིང་ནས་ཐུགས་བསྐྱེད་དེ།།
ཀུན་ལ་བགོ་བྱར་བྱེད་པར་ངལ་མ་གྱུར།།

དེ་ནས་ཕར་ཡང་རྒྱང་ཕྲག་འགའ་ཡི་མཚམས།།
སློབ་དཔོན་དམ་པའི་ཐུགས་རྗེ་ཉི་འོད་ལས།།
ལེགས་པར་བྱུང་བའི་ཤེས་བྱའི་སྐྱེད་ཚལ་གཞན།།
གངས་ལྗོངས་བུ་མོའི་སློབ་གླིང་ལྟ་ན་སྡུག།

དེ་རུ་གནའ་དེང་རིག་པའི་བང་མཛོད་དང་།།
ཁྱད་པར་ཤེས་བྱ་ཀུན་ལ་འཇུག་པའི་སྒོ།།
ཚད་མའི་རིགས་ལམ་བགྲོ་བའི་སྐལ་བཟང་དཔལ།།
ཅིར་ཡང་བསྩལ་བའི་དགེ་མཚན་བླ་ན་མཐོ།།

ཐུགས་སྟོབས་འགྱུར་མེད་གོ་ཆ་བརྟན་པོ་བགོས།།
གནས་ལུགས་བདེན་པའི་རུ་མཚོན་ཕྱག་ལ་འཆང་།།
ལག་ལེན་མཛད་རྗེས་ཞུམ་མེད་སྤོབས་པས་བཞེངས།།
གངས་ལྗོངས་སློབ་གསོའི་མཛེས་སྡུག་ཟླ་བྲལ་བྱས།།

ཕ་ཡུལ་གཡང་ནོར་གནག་ཕྱུགས་འབྲུ་འོའི་བཅུད།།
དྭངས་གཙང་ཞིམ་མངར་སྤྲི་ཆུར་བཟོ་གྲྭ་བསྐྲུན།།
འཛམ་གླིང་ཟས་མཆོག་མཚན་སྙན་རྩོལ་མེད་ཐོབ།།
རང་དབང་འཚོ་བའི་སྒོ་མོ་ཆེས་ཆེར་ཕྱེས།།

ཤར་ནུབ་རྒྱལ་ཁམས་རིག་པས་བསྐོར་བ་དང་།།
ཡར་དར་རྨངས་གཞི་བློ་གྲོས་རྩལ་གྱིས་བསྡུར།།
རིགས་ལ་ཞེན་པའི་ལྷག་བསམ་ཟླ་བའི་མཆེད།།
གངས་ལྗོངས་ཁ་བ་བོད་པར་སྐྱེས་སུ་གནང་།།

དེ་ལྟར་རྨད་བྱུང་མཛད་འཕྲིན་སྣང་བའི་མཛོད།།
བླུན་རྨོངས་ལག་པའི་ཡལ་གས་མི་ཁོག་ལ།།
མཚོན་པར་ཡི་གེས་ལོངས་པ་མ་ཡིན་ན།།
ཆ་ཙམ་བརྗོད་འདི་བྱང་ཆུབ་རྒྱུ་རུ་བསྔོ།།

ཁོང་གི་མཛད་པ་གསེར་གྱི་ཤིང་རྟ་ཆེས།།
གླིང་བཞིར་བགྲོད་པའི་བསོད་ནམས་མ་ཉམས་པར།།
སྐུ་ཚེ་མི་ཤིགས་ཉིན་བྱེད་སྣང་བའི་དཔལ།།
ནམ་ཡང་མི་ནུབ་བདེ་སྐྱིད་དཔལ་གྱུར་ཅིག།

ཅེས་པ་འདི་ནི་བོད་རབ་གནས་ལྕགས་བྱི་ལོའི་ཧོར་ཟླ་༡༡པའི་ཚེས་༢༡ཉིན་དམ་པ་གང་གི་སློབ་མའི་གྲལ་མཐའ་བ་གཙང་ཆུ་ཕྲན་གྱིས་རྟོགས་བཟོ་ཙམ་མིན་པར་དད་སེམས་ཀྱིས་ཉེ་བར་བསྐུལ་ཏེ་བྲིས་པ་དགེ་གྱུར་ཅིག

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 85wb བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23532932
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།