ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་འཕྲིན་གླེང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་འཕྲིན་གླེང་བ།
ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་འཕྲིན་གླེང་བ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2021-01-05ལྟ་ཀློག (5489)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

༄༅།། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་བ་མཆོག་གི་མཛད་འཕྲིན་འོ་མའི་རྒྱ་མཚོ་ལྟ་བུ་ལས་ཅུང་ཙམ་གླེང་བ་འོ་མའི་ཐིགས་པ།

 བཛྲ་ཚུལ་ཁྲིམས་རྒྱ་མཚོས།

  ༼གསལ་བཤད། འདི་ནི་ཉེ་སྔོན་རྗེ་ཙོང་ཁ་བ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པས་ཟི་ལིང་དུ་བསྡུས་པའི་ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་བ་ཆེན་མོ་མཆོག་སྐུ་མྱ་ངན་འདས་པའི་ཚུལ་བསྟན་ནས་ལོ་འཁོར་ཉེར་བརྒྱད་འཁོར་བའི་རྗེས་དྲན་ཚོགས་འདུའི་སྟེང་གི་གཏམ་བཤད་ལ་གཞི་བྱས་ཏེ་ཕྱིས་སུ་བྲིས་པ་ཞིག་ཡིན། འདི་ལྟར་འབྲི་དགོས་པའི་རྒྱུ་མཚན་ནི་ང་རང་དེའི་སྐབས་སུ་བྱ་བ་བྲེལ་ཟིང་སྣ་ཚོགས་ཀྱི་དབང་གིས་གཏམ་བཤད་ལ་གྲ་སྒྲིག་གང་ཡང་བྱེད་མ་ཐུབ་པས་ཚོགས་འདུའི་སྐབས་ཡིག་འབྲུ་གཅིག་ཀྱང་བྲིས་མེད། དེ་ནས་ང་རང་གིས་བཤད་པ་སྐབས་སུ་བབ་པ་ནའང་། རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་སེམས་ནས་འདི་དང་འདི་བཤད་དགོས་བསམ་ཡོད་པ་མང་བོ་ཞིག་བཤད་མ་ཐུབ་པར་ལུས་སོང་། འོན་ཀྱང་ཀུན་གཟིགས་མཆོག་གི་མཛད་འཕྲིན་རྒྱ་ཆེ་ཞིང་ངོ་མཚར་བ་དེ་དག་ཐམས་ཅད་མཁས་དབང་གཞན་པ་རྣམ་པས་གསུངས་སོང་བས། ངས་བཤད་བསམ་པ་དེ་དག་བཤད་མ་ཐུབ་ཀྱང་གླེང་རིན་ཆེར་མེད་སྙམ་ནས་དོ་སྣང་དེ་ཙམ་མ་བྱས་མོད། ཡིན་ནའང་དེ་དོན་ཤེས་པའི་གྲོགས་མཆེད་ལ་ལས་སྐབས་དེར་བཤད་མ་ཐུབ་པ་རྣམས་ཅིའི་ཕྱིར་ཁྱོད་རང་གིས་ཡི་གེར་མི་འགོད། ཁྱོད་ཀྱིས་བཤད་རྒྱུ་དེ་དག་བཤད་ན་མི་སྒེར་གྱི་འཚོ་བའི་འགྱུར་ལྡོག་གི་གྲུ་ཟུར་ཆུང་ཆུང་ཞིག་ནས་ཀྱང་ཁོང་གི་རླབས་ཆེ་བའི་མཛད་པ་མང་བོ་ཞིག་མཐོང་ཐུབ་པས་ཅིས་ཀྱང་འབྲི་དགོས་ཟེར། དེའི་ཕྱིར་ངས་སྐབས་དེར་གང་བཤད་རྣམས་མ་བརྗེད་པར་ད་དུང་ཡིད་ལ་ཡོད་པ་ལས་དྲན་ཚོད་ཙམ་དང་། དུས་ཚོད་སོགས་ཀྱི་དབང་གིས་བཤད་བསམ་ཡང་བཤད་ལོང་མ་བྱུང་བར་ལུས་སོང་བ་རྣམས་འདིར་དཀྱུས་གཅིག་ཏུ་བསྲེས་ནས་འགོད་པར་འདོད་པས་གཤམ་གསལ་ལྟར།༽

   

    ཐོག་མར་ངས་བོད་མདོ་དབུས་ཁམས་གསུམ་ནས་འདིར་ཕེབས་པའི་བླ་སྤྲུལ་རྣམ་པ་དང་། དགེ་བའི་བཤེས་རྣམ་པ། དཔོན་པོ་རྣམ་པ། གཞན་ཡང་སློབ་གྲྭ་ཁག་མང་བོ་ཞིག་གི་དགེ་རྒན་རྣམ་པ་དང་། སློབ་གྲྭ་ཆེན་མོ་བ་རྣམ་པ་དང་ཞིབ་འཇུག་སློབ་མ་རྣམ་པ་ལྷན་རྒྱས་ཚང་མ་ལ། ཕྱི་དྲོའི་ཆ་ནས་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

        དེས་ན་ད་ཐེངས་ང་རང་ཡང་རྗེ་ཙོང་ཁ་བ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའམ། ལྷག་པར་འདིའི་ཚོགས་གཙོ་གཞོན་པ་དགེ་བཤེས་བློ་བཟང་ཡར་རྒྱས་མཆོག་ཁོང་རང་ཉིད་དངོས་སུ་ཆེད་མངགས་ཀྱིས་ལན་ཀྲུའུ་ལ་ཕེབས་ནས་འོངས་དགོས་ཚུལ་ནན་གྱིས་གསུངས་པ་ལྟར་ཡོང་བ་ལགས། ཡིན་ནའང་བརྡ་ཐོའི་སྟེང་དུ་བཀོད་པའི་རྗེས་དྲན་ཚོགས་འདུ་ཚོགས་པའི་དུས་ཚོད་ལ་ངས་ཞིབ་ལྟ་མ་བྱས་པ་དང་། ལོ་སར་གྱི་ཚེས་དྲུག་བདུན་ཞེས་པ་ཕྱི་ལུགས་ལོ་སར་ཡིན་པ་མ་ཤེས་པར་ལུགས་རྙིང་ལོ་སར་ཡིན་གཞིར་བཞག་བྱས་པས་གྲ་སྒྲིག་བྱེད་རྒྱུ་ལུས། ཁེ་ཉིན་པར་ལན་ཀྲུའུ་ནས་རང་དགོན་བླ་བྲང་ལ་ཕྱིར་ལོག་གྲབས་བྱེད་བཞིན་པའི་སྐབས་སུ། དགེ་བཤེས་ཡར་རྒྱས་ལགས་ཀྱིས་ཡང་བསྐྱར་ཁ་པར་བཏང་སྟེ་སང་ཉིན་ནས་འཚོགས་བཞིན་ཡོད་པས་ཅིས་ཀྱང་འོངས་དགོས་ཚུལ་གསུངས་བྱུང་བས་གྲ་སྒྲིག་བྱེད་ལོང་མ་བྱུང་། དེ་ཡང་ང་ལ་བཀོད་སྒྲིག་བྱས་པའི་བཤད་རྒྱུ་ནི་ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་བ་མཆོག་གིས་བླ་བྲང་སོགས་ཀན་ལྷོའི་ཕྱོགས་སུ་མཛད་འཕྲིན་བསྐྱངས་པའི་སྐོར་ཡིན། ཡིན་ནའང་ངས་དེའི་སྐོར་གྱི་རྒྱུ་ཆ་གཅིག་ཀྱང་ད་དུང་རྙེད་མེད་པས་ཐེངས་འདིའི་ཚོགས་འདུར་མ་ཞུགས་ན་འགྲིག་བསམ་མོད། འོན་ཀྱང་བསམ་བློ་ཞིབ་མོར་བཏང་ན་ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་བ་ཆེན་མོ་མཆོག་ནི་རང་གིས་ཆོས་འབྲེལ་དངོས་སུ་ཐོབ་པའི་བླ་མ་ཡིན་པ་དང་། དགེ་བཤེས་ཡར་རྒྱས་ཀྱིས་ཡང་ཡང་ནན་གྱིས་གསུངས་པའི་ངོ་མ་ལྡོག་པ་དང་། མཁས་པ་མང་བོ་ཕེབས་ངེས་པས་ཁོང་གི་མཛད་འཕྲིན་ངོ་མཚར་བ་སྔར་མ་ཐོས་པ་མང་བོ་ཞིག་གོ་ཐུབ་རྒྱུ་ཡིན་པས་རྗེས་དྲན་ཚོགས་འདུ་ལ་ཅིས་མི་ཞུགས་སྙམ་དུ་འདིར་ཞུགས་པ་ཡིན།    

    དེའི་ཕྱིར་དེ་རིང་ང་ལ་ནི་རྣམ་པ་ཚོའི་ཐུགས་ཡིད་ཚིམ་པའི་ཞུ་བྱ་ཡ་མཚན་པ་གང་ཡང་མེད་ལགས། སྤྱིར་ངེས་དོན་གྱི་དབང་དུ་བྱས་ན། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཁོང་ནི་མགོན་པོ་སྣང་མཐའ་ཡས་པ་ཡིན་པས་ཁོང་གི་གསང་གསུམ་གྱི་ཡོན་ཏན་ང་ལྟ་བུས་བརྗོད་ག་ལ་ནུས། ཐུན་མོང་འཁྲུངས་རབས་ཀྱི་དབང་དུ་བྱས་ནའང་བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་བོའི་མདུན་སར་འདྲི་ཞིང་ལན་ལྡོན་པ་རྣམས་ཀྱི་མཆོག་ཏུ་བསྔགས་པའི་ཉན་ཐོས་ཆེན་པོ་རབ་འབྱོར་གྱི་སྐུའི་སྐྱེ་བ་བཞེས་ཚུལ་ནས་བཟུངསྟེ། སྐུ་འཕྲེང་བཅུ་བའི་བར་གྱི་དམ་པ་དེ་དག་གིས་བསྟན་འགྲོའི་དོན་ཇི་ལྟར་མཛད་ཚུལ་སྐོར་གྱི་ངོ་སྤྲོད་ཤིན་ཏུ་གྲ་དག་པ་ཉན་རྒྱུ་དང་བལྟ་རྒྱུ་གཉིས་པ་ཡོད་པ་ཞིག་དགེ་བཤེས་ལྷ་རམས་པ་འཇམ་དཔལ་བློ་ཤེས་ལགས་ཀྱིས་ཞིབ་པར་གསུངས་ཟིན་པས་ངས་བསྐྱར་བཟློོས་བྱེད་དགོས་དོན་མ་མཆིས། དེ་ནས་སྐུ་འཕྲེང་བཅུ་བ་མཆོག་གིས་བོད་གངས་རིའི་ལྗོངས་འདིར་གནས་པའི་རིས་སུ་མ་ཆད་པའི་གྲུབ་མཐའ་ཐམས་ཅད་ལ་མཛད་འཕྲིན་ཇི་ལྟར་བསྐྱངས་ཚུལ་གྱི་སྐོར་ཀྱང་ཁ་སང་དེ་རིང་གཉིས་ལ་འདིར་ཕེབས་པའི་གྲུབ་མཐའ་སོ་སོའི་མཁས་དབང་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པས་ཞིབ་པར་གསུངས་པ་ལྟར་རེད། ད་དུང་དེ་ལས་གཞན་ཁོང་གིས་རྒྱལ་ཁབ་ཀྱི་དོན་ཇི་ལྟར་མཛད་ཚུལ་དང་རྒྱལ་ཁབ་ལ་ཤ་ཇི་ལྟར་ཚ་ཚུལ། ཏང་གི་བྱ་བཞག་ཇི་ལྟར་མཛད་ཚུལ། རྒྱལ་ཁབ་དང་ཏང་གི་འགོ་ཁྲིད་རྣམས་དང་མཛའ་བརྩེ་ཇི་ལྟར་ཟབ་ཚུལ་སོགས་ནི་དེ་ལ་རྒྱུས་མངའ་ཡོད་པའི་དཔོན་པོ་རྣམ་པས་ཁ་སང་གསུངས་པ་ལྟར་རེད། སྤྱིར་ཡིན་ན་ཚོགས་པས་ང་ལ་བཞག་པའི་འགན་ཁུར་ནི་པཎ་ཆེན་བཅུ་བ་མཆོག་གིས་བླ་བྲང་སོགས་ཀན་ལྷོའི་ཕྱོགས་སུ་ཕེབས་ནས་མཛད་འཕྲིན་ཇི་ལྟར་བསྐྱངས་པའི་སྐོར་ཞུ་རྒྱུ་དེ་ཡིན་མོད། འོན་ཀྱང་གོང་དུ་ཞུས་ཟིན་པ་ལྟར་རྒྱུ་ཆ་ཅི་ཡང་བཙལ་ལོང་མ་བྱུང་བས་དེའི་སྐོར་ཞུ་བའི་རྔོ་མ་ཐོགས། དེ་ལས་གཞན་པ་ངས་གང་ཞུ་དགོས་བསམ་བསམ་པ་ཕལ་ཆེ་བ་ཞིག་ནི་མཁས་དབང་རྣམ་པས་གྲ་སྒྲིག་ཡོད་པའི་ངང་ནས་ཉན་རྒྱུ་དང་བལྟ་རྒྱུ་གཉིས་ཀ་ཡོད་པར་བྱས་ཏེ་ལེགས་པར་གསུངས་སོང་བས་ཕལ་ཆེར་ང་ལ་བཤད་རྒྱུ་མ་ལྷག་པ་ལྟ་བུར་གྱུར་སོང་།       

    ད་སོ་མ་འདིའི་གོང་ནས་བཤད་མཁན་ཨ་ལགས་བསྟན་པའི་རྒྱལ་མཚན་ཚང་གིས་རྔ་བའི་ཕྱོགས་ལ་ཀུན་གཟིགས་མཆོག་གིས་མཛད་འཕྲིན་ཇི་ལྟར་བསྐྱངས་ཚུལ་སྐོར་ཧ་ཅང་ཞིབ་རྒྱས་ཤིག་བྲིས་འདུག་པར་མ་ཟད། ཁོང་གིས་ཚོགས་གཙོ་དང་མདོ་འཛིན་པ་ལ་དུས་ཚོད་གཞན་ལས་ཅུང་རིང་བ་ཞིག་བཀོད་སྒྲིག་བྱེད་རྒྱུའི་རེ་བ་ཡང་ཞུས་འདུག དངོས་གནས་ཁོང་གིས་ཡག་པོ་གསུང་གི་འདུག་པས་ཁོང་ལ་གསུངས་སུ་བཅུག་ན་བཟང་སྙམ་ཞིང་། བཤད་རྒྱུ་མེད་པ་ཞིག་གིས་བཤད་རྒྱུ་ལེགས་པོ་ཡོད་པ་ཞིག་གི་དུས་ཚོད་འཕྲོག་ནས་འདི་ལྟར་ས་བཅད་མ་སྟོང་བ་ཙམ་བྱེད་དགོས་བྱུང་བ་ནི་དངོས་གནས་ངོ་གནོང་བ་ཞིག་རེད་སྙམ།    

    དེས་ན་ཁོང་གི་མཛད་འཕྲིན་ངོ་མཚར་ཞིང་རླབས་ཆེ་བ་དེ་དག་ཐམས་ཅད་གོང་དུ་ཁོང་རྣམ་པས་གསུངས་པ་ལྟར་ཡིན་པས་ངས་འདི་ནས་སླར་ཡང་བསྐྱར་བཟློས་མི་བྱེད། འོ་ན་ངས་དེ་རིང་འདི་ནས་ཁྱེད་རྣམ་པའི་སྙན་ལམ་དུ་ཅི་ཞིག་ཞུ་སྙམ་ན། ངས་ང་རང་གི་མི་ཚེ་ལ་འགྱུར་ལྡོག་ཇི་ལྟར་བྱུང་ཚུལ་གྱི་བརྒྱུད་རིམ་དང་འབྲེལ་ནས་ཁོང་གི་མཛད་འཕྲིན་ཅུང་ཙམ་གླེང་རྒྱུ་ཡིན། ཅིའི་ཕྱིར་ཞེ་ན། མི་སྒེར་གྱི་འཚོ་བའི་གྲུ་ཟུར་ཆུང་ཆུང་ཞིག་ནས་ཀྱང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་བ་མཆོག་གི་ངོ་མཚར་ཞིང་རླབས་ཆེ་བའི་མཛད་འཕྲིན་མང་བོ་ཞིག་མཐོང་རྒྱུ་ཡོད་པ་ཤེས་དགོས་པའི་ཆེད་དུ་ཡིན།

    དེ་ཡང་ང་རང་སློབ་ཆུང་དང་སློབ་འབྲིང་བརྒྱུད་དུས་ང་ཚོའི་ས་ཆའི་སློབ་ཆུང་དང་སློབ་འབྲིང་ནང་ན་བོད་ཡིག་གི་སློབ་ཁྲིད་མེད། དེའི་ཕྱིར་ང་ཚོའི་ས་ཆར་སློབ་ཆུང་ཐོན་ནས་སློབ་འབྲིང་ལ་རྒྱུགས་འཕྲོད་ཚད་ཀྱང་ཧ་ཅང་ཉུང་ཉུང་ཡིན། ང་རང་སློབ་ཆུང་མཐར་ཕྱིན་ནས་སློབ་འབྲིང་ལ་ཐོན་དུས། སློབ་འབྲིང་དེའི་ནང་ན་བོད་ཡིག་གི་སློབ་ཁྲིད་གཏན་ནས་མེད་པར་མ་ཟད། བོད་པའི་དགེ་རྒན་གཅིག་ཀྱང་མི་འདུག་ལ། ཐ་ན་བོད་སྐད་བཤད་ཤེས་པའི་དགེ་རྒན་གཅིག་ཀྱང་མི་འདུག་པས་བོད་པ་མང་བོ་ཞིག་གི་ལས་ཀའི་སྐལ་རང་ཤུགས་ཀྱིས་འཕྲོག་ཚར་འདུག འདི་ནི་དེའི་སྐབས་ཀྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞེས་བཏགས་པའི་བོད་ས་གནས་ཀྱི་གནས་ཚུལ་ངོ་མ་རེད། དེའི་ཕྱིར་དེའི་སྐབས་ཀྱི་ངའི་སློབ་གྲོགས་རྣམ་པའི་ཁྲོད་ནའང་བོད་ཡིག་ཤེས་མཁན་ཕལ་ཆེར་མེད་ཚོད་རེད། འོན་ཀྱང་ང་ནི་རང་བཞིན་གྱིས་བོད་ཡིག་ལ་དགའ་བས་བོད་ཡིག་རང་སྦྱོང་བྱས་པ་ཡིན། ཆེན་པོ་མི་ཤེས་ཀྱང་བོད་ཡིག་སྦྱོར་ཀློག་ཐུབ་ཙམ་དང་རང་གི་མིང་འབྲི་ཐུབ་ཙམ་ཡོད། ངས་ང་རང་གི་འབྲི་དེབ་དང་དཔེ་ཆའི་སྟེང་ལ་བོད་ཡིག་གི་མིང་བྲིས་པ་སློབ་གྲོགས་གཞན་གྱིས་མཐོང་བས་ཁོ་ཚོས་ངའི་དཔེ་ཆའི་སྟེང་ལའང་བོད་ཡིག་གི་མིང་འབྲི་རོགས་ཞེས་འབྲི་དེབ་དང་དཔེ་ཆ་མང་བོ་ཞིག་ངའི་འཁྲིས་ན་བརྩེགས་འདུག 

    དེ་ནས་སྤྱི་ལོ་༡༩༨༠ལོའི་དགུན་སྟོད་ཙམ་ལ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་བ་མཆོག་བླ་བྲང་དགོན་པའི་གཙོས་ཀན་ལྷོའི་ཕྱོགས་ལ་ཕེབས་རྒྱུ་རེད་ཅེས་པའི་བཀྲ་ཤིས་པའི་གཏམ་སྙན་ཞིག་ང་ཚོའི་ཡུལ་ལུང་ཡོངས་ལ་བསྒྲགས་བྱུང་། དེ་ནི་རིག་གནས་གསར་བརྗེ་སྟེ་ལོ་བཅུའི་གོད་ཆག་གི་མནར་གཅོད་མྱངས་དྲགས་པའི་བོད་དད་ལྡན་མང་ཚོགས་ལ་མཚོན་ན་དངོས་གནས་རྨ་བྱའི་རྣ་ལ་འབྲུག་སྒྲ་གྲགས་པ་ལས་ཀྱང་དགའ་ཚོར་སྐྱེད་བྱེད་ཀྱི་གཏམ་ཞིག་རེད། འོན་ཀྱང་དེའི་སྐབས་ཀྱི་ས་གནས་འགོ་ཁྲིད་ཀྱི་ཁྲོད་ན་ད་དུང་རིག་གནས་གསར་བརྗེའི་སྐབས་ཀྱི་བསམ་བློ་དེ་མཆོག་ཏུ་འཛིན་མཁན་ཡང་མི་ཉུང་བ་ཞིག་ཡོད་པས། གོང་རིམ་གྱི་ཁྲིམས་ལུགས་ཡིན་ཁུལ་གྱིས་མང་ཚོགས་མ་གཏོགས་རྒྱལ་ཁབ་ཀྱི་ལས་བྱེད་པ་དང་སློབ་མ་སོགས་ཀྱིས་ཁོང་ལ་དད་པ་བྱས་ནས་མཇལ་མི་ཆོག་པའི་ལྐོག་ཁྲིམས་ཤིག་ཀྱང་འཇོག་གིན་འདུག འདི་ནི་དེའི་སྐབས་སུ་ང་ཚོའི་ས་གནས་དེར་མཚོན་ན་ད་དུང་རིག་གནས་གསར་བརྗེ་ཆེན་པོ་ཞེས་པའི་རླུང་འཚུབ་དེའི་མཇུག་ཡོངས་སུ་མ་བསྒྲིལ་བའི་རྟགས་ཤིག་ཀྱང་ཡིན་འདུག་ཅིང་། གོང་ན་སྲིད་ཇུས་ལ་འགྱུར་ལྡོག་ཡོད་ཀྱང་། གོང་རིམ་དང་མི་དམངས་མང་ཚོགས་བར་གྱི་ཟམ་པ་བྱེད་མཁན་ནམ་བར་གྱི་མགྲིན་ཚབ་པ་དག་གིས་ཕྱོགས་གཉིས་ཀའི་གནས་ཚུལ་ཕྱོགས་གཉིས་ཀར་གསལ་བོར་གོ་བརྡ་མ་སྤྲད་པའི་རྟགས་ཤིག་ཀྱང་ཡིན་འདུག ཡིན་ནའང་བོད་མི་ཕལ་མོ་ཆེའི་ཡུན་རིང་གི་རེ་སྒུག་དང་དད་པ་དེ་དུས་སུ་བབ་ན་མི་རེ་གཉིས་ཀྱི་རྫིག་ཉམས་ཙམ་གྱིས་ཁོག་ག་ལ་སྲིད།     

    དེ་ནས་པཎ་ཆེན་རིན་པོ་ཆེ་མཆོག་བླ་བྲང་བཀྲ་ཤིས་འཁྱིལ་ལ་ཕེབས་རྒྱུ་གཏན་འཁེལ་ནས་ཀན་ལྷོའི་ས་ཆ་གཞན་དག་ལ་ད་དུང་ཕེབས་མི་ཕེབས་གསལ་བོ་ཞིག་ཐག་གིས་མ་ཆོད་པས། མཇལ་བའི་གོ་སྐབས་ཤོར་དོགས་ནས་ཡུལ་མི་མང་བོ་ཞིག་བླ་བྲང་ལ་མཇལ་དུ་འགྲོ་རྒྱུ་ཡིན་ཞེས་འཚང་ཁ་ཤིག་ཤིག་བྱེད་བཞིན་ཡོད། ངའི་ཕ་མ་སོགས་ནང་མི་དག་གིས་ང་ལ་ཁྱོད་ཀྱང་བླ་བྲང་ལ་པཎ་ཆེན་རིན་པོ་ཆེར་མཇལ་དུ་སོང་། གོ་སྐབས་འདི་འདྲ་ཐོབ་དཀའ་བས་སློབ་གྲྭ་འདོན་མ་ཐུབ་ཀྱང་རུང་ཟེར། ང་རང་གི་བསམ་པའང་དེ་དང་གཅིག་མཚུངས་ཡིན། ད་ལྟ་ཕྱིར་དྲན་བྱས་ན་དགོད་བྲོ་བ་ཞིག་ནི་དེའི་སྐབས་སུ་ངས་སྐྲ་ཅུང་རིང་བོ་ཞིག་བཞག་ཡོད་པར་མ་ཟད། རང་གི་སྐྲ་ལ་ཞེན་ཆགས་ཀྱང་ཤིན་ཏུ་ཆེ་བ་ཞིག་ཡོད། འོན་ཀྱང་ཨ་ཕས་ང་ལ་ཁྱོད་ཀྱི་སྐྲ་རིང་བོ་དེ་གཞར་དགོས། མ་གཞར་ན་མཇལ་ཁ་ཡང་རེག་དཀའ་རྒྱུ་རེད། པཎ་ཆེན་རིན་པོ་ཆེ་ཐུགས་ཤིན་ཏུ་བཙན་པོ་ཞིག་རེད། ཕོ་སྐྲ་རིང་བོ་འཇོག་མཁན་ལ་ཐུགས་མི་དགྱེས་པར་མ་ཟད།  མཇལ་ཁ་ཡང་མི་གནང་རབས་ཐོས་གསུངས་བྱུང་བས། ངའི་སེམས་ལ་ང་རང་སྐྲ་ལ་ཞེན་ཆགས་ཇི་ལྟར་ཆེ་ཡང་ཁོང་ལ་མཇལ་ཁ་མ་ལོན་ན་ནི་དེ་ལས་གྱོང་ཆེ་བ་ཅི་ཞིག་ཡོད་སྙམ་སྟེ་སྐྲ་ཡང་གཞར་བ་ཡིན། འདི་ནི་སྤྱིར་བཏང་བྱས་ན་ཤིན་ཏུ་གླེང་རིན་མེད་པ་ཞིག་ཡིན་མོད། འོན་ཀྱང་དོན་དག་ཆུང་ཆུང་འདིའི་གསེང་ནས་ཀྱང་རིག་གསར་གྱི་མནར་གཅོད་མྱོང་བའི་ང་ཚོའི་ཡུལ་མི་དག་གི་སེམས་ཁོང་ན་པཎ་ཆེན་རིན་པོ་ཆེའི་གོ་གནས་ཇི་འདྲ་ཞིག་ཡོད་པ་གསལ་བོར་ཤེས་ཐུབ་སྙམ་མོ།།     

    དེ་ནས་ང་བླ་བྲང་ལ་སོང་བ་ན་དེར་ཕྱོགས་སོ་སོའི་དད་ལྡན་གྱི་མཇལ་བ་མང་བོ་སྤྲིན་ཕུང་འཁྲིགས་འཁྲིགས་དང་། རྦ་རླབས་འཕྱུར་འཕྱུར་བྱེད་བཞིན་འདུག་ལ། གྲྭ་ཆས་གྱོན་པའི་གྲྭ་བ་ཡང་མང་བོ་མཐོང་རྒྱུ་འདུག དེ་ནི་པཎ་ཆེན་རིན་པོ་ཆེ་མཆོག་ལ་ཆོས་དད་རང་མོས་ཡིན་པ་སྟོན་པའི་ཆེད་དུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོ་སླར་ཡང་གསར་དུ་ཕྱེ་བ་རེད་ཟེར་བ་ཐོས། དེ་ནས་པཎ་ཆེན་རིན་པོ་ཆེ་མཆོག་གིས་གོས་སེར་བོའི་ན་བཟའ་བསྣབས་ནས་མཐོ་ཞིང་ཡངས་པའི་ཁྲི་སྟེང་ལ་བཞུགས་ཏེ་སེར་སྐྱ་ཁྲི་ཕྲག་མང་བོར་མཇལ་ཁ་གནང་བཞིན་པ་མཐོང་ཞིང་ངས་ཀྱང་ཁོང་ལ་མཇལ་ཁ་ལོན། ང་རང་རྒྱ་ཡིག་གི་སློབ་གྲྭར་འགྲོ་བཞིན་ཡོད་པས་དུས་རྒྱུན་དུ་རྣ་ལ་གོ་རྒྱུ་དང་ཐོས་རྒྱུ་ནི། ཆོས་ལུགས་རྨོངས་དད་རེད། ཆོས་པ་ཚང་མ་མི་ངན་པ་དང་གྲལ་རིམ་གྱི་དགྲ་བོ་རེད། བླ་མ་དགེ་བཤེས་ཚོ་མང་ཚོགས་ལ་མགོ་སྐོར་གཏོང་མཁན་དང་མང་ཚོགས་ཀྱི་ཤ་ཁྲག་ལ་ལོགས་སྤྱོད་མཁན་རེད་ཟེར་བ་སོགས་ཡིན་མོད། འོན་ཀྱང་བླ་མ་མཆོག་གསུམ་ལ་དད་པ་ནམ་ཡང་འགྱུར་མ་མྱོང་བའི་ངའི་ཕ་མ་ཟུང་སོགས་ནང་མི་དག་གི་ཤུགས་རྐྱེན་དང་། ང་རང་གི་སྔོན་བསགས་ཀྱི་བག་ཆགས་དང་། ངའི་ཤ་གསེང་རུས་གསེང་དུ་རྒྱུ་བའི་བོད་མི་རིགས་ཀྱི་ཁྲག་རྒྱུན་གཙང་མ་ཡིན་པ་སོགས་རྒྱུ་རྐྱེན་རྟེན་འབྲེལ་སྣ་ཚོགས་ཀྱི་དབང་གིས། དེའི་སྐབས་དེར་པཎ་ཆེན་རིན་པོ་ཆེ་ནི་ངའི་སེམས་ནས་ཡུན་རིང་རེ་སྒུག་བྱས་པ་ལྟར་མིག་ལ་མངོན་པའི་སངས་རྒྱས་དངོས་རེད། འདི་ནི་ངས་མི་ཚེ་འདིར་བླ་བྲང་བཀྲ་ཤིས་འཁྱིལ་ལ་མཇལ་བའི་ཐོག་མ་དང། གྲྭ་ཆས་གྱོན་པའི་གྲྭ་བ་མཐོང་བའི་ཡང་ཐོག་མ་དང་། དེ་འདྲའི་མི་མང་བོ་ལྷན་དུ་འདུས་པ་མཐོང་བའི་ཡང་ཐོག་མ་ཡིན་ལ། མི་ཚེ་འདིར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་བ་ཆེན་མོ་མཆོག་ལ་མཇལ་བའི་ཡང་ཐོག་མ་ཡིན། རྟེན་འབྲེལ་འདི་དག་ལྷན་ཏུ་འཛོམས་པ་ལས་ང་གྲྭ་བ་བྱེད་འདོད་ཀྱི་བསམ་པ་དེ་ཡང་ཤུགས་ཇེ་དྲག་དང་རྒྱུན་ཇེ་བརྟན་ལ་སོང་ངོ་།། འདི་ནི་ཁོང་གི་བྱིན་རླབས་ཀྱི་ཆ་ཤས་ཡང་ཤས་ཤིག་ངའི་རྒྱུད་ལ་ཞུགས་པའི་རྟགས་མཚན་རེད་སྙམ་ཞིང་། ང་དང་ང་འདྲ་བའི་བོད་རིགས་གཞོན་སྐྱེས་མང་བོ་ཞིག་ལའང་དེ་དང་དེ་མཚུངས་ཀྱི་བྱུང་བ་རེ་ཡོད་རྒྱུ་རེད་སྙམ།       

    འདི་ལྟར་རྟེན་འབྲེལ་རྣམས་གུང་བསྒྲིགས་ནས་བསམ་ན་ངོ་མ་ཡ་མཚན་པ་ཞིག་སྟེ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་བ་མཆོག་དང་བླ་བྲང་བཀྲ་ཤིས་འཁྱིལ་གཉིས་ཀྱི་བར་ལ་ཐུན་མོང་མ་ཡིན་པའི་ཆོས་འབྲེལ་ཟབ་མོ་ཡོད་དེ། པཎ་ཆེན་རིན་པོ་ཆེ་དེ་ཉིད་དགུང་ལོ་གསུམ་གྱི་སྟེང་དགེ་བསྙེན་གྱི་སྡོམ་པ་བཞེས་ས་ཡང་རྗེ་བླ་ཁོ་རྡོ་རྗེ་འཆང་འཇིགས་མེད་འཕྲིན་ལས་རྒྱ་མཚོ་ཚང་ཡིན་ལ། ཡི་གེ་འབྲི་ཀློག་ཐོས་བསམ་སློབ་གཉེར་གྱི་དབུ་རྩོམ་ས་ཡང་ཁོང་གི་མདུན་ཡིན་ལ། ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་བླ་མ་ཞིག་ཡིན་པས་སོ།། དེས་ན་ཁོང་བླ་བྲང་དང་འབྲེལ་བ་ཟབ་མོ་ཡོད་པ་དང། ང་རང་བླ་བྲང་དགོན་པའི་གྲྭ་བ་ཞིག་ཏུ་གྱུར་ཡོད་པ་འདི་ཡང་ཁོང་གི་ཐུགས་རྗེ་བྱིན་རླབས་སྙིང་ལ་ཞུགས་པ་དེ་དང་འབྲེལ་བ་དམ་པོ་ཡོད་པས་སོ།། དེ་ལྟར་བསམ་བློ་བཏང་ནས་དེ་རིང་ང་ཐེངས་འདིའི་རྗེས་དྲན་ཚོགས་འདུར་ཞུགས་ཏེ་ངས་ཁོང་རྗེས་སུ་དྲན་ཚུལ་གླེང་དུས་ང་ལ་དངོས་གནས་སྨྲ་མ་ཤེས་པའི་ཚོར་བ་ཁྱད་མཚར་བ་ཞིག་སྐྱེ་ཡོང་གི་འདུག དེའི་ཕྱིར་རྣམ་པ་ཚོར་གསལ་བོར་ཞུ་རྒྱུ་ཞིག་ལ་དེ་རིང་ང་འདིར་འོངས་པ་ནི་ངས་ང་རང་གཅིག་བུའི་ཚབ་བྱེད་པ་ལས་བླ་བྲང་དགོན་པའི་སྐུ་ཚབ་མིན། ང་བླ་བྲང་དགོན་པ་ལྟ་བུ་ལ་མཚོན་ན་ཆེས་སྤྱིར་བཏང་ནང་གི་སྤྱིར་བཏང་བའི་གྲྭ་བ་ཞིག་ཡིན་པས་ང་ལ་བླ་བྲང་དགོན་པའི་ཚབ་བྱས་ནས་གཏམ་བརྗོད་བྱེད་པའི་ནུས་པ་དང་ཐོབ་ཐང་གང་ཡང་མེད་པས་སོ།། 

    ངས་ང་རང་གི་མི་ཚེ་ལ་དེ་ལྟར་འགྱུར་ལྡོག་བྱུང་བ་དེ་བརྒྱུད་ནས་ཕྱིར་དྲན་ཞིག་བྱས་ཚེ། དུས་དེ་ཙམ་ལ་ང་དང་ང་འདྲ་བ་རེ་གཉིས་ཀྱི་འཚོ་བ་དང་མི་ཚེའི་ལམ་ཕྱོགས་ལ་འགྱུར་ལྡོག་བྱུང་བ་ཙམ་མིན་པར་བླ་བྲང་དགོན་པ་དང་། ཀན་ལྷོ་ཁུལ་ཡོངས་ཀྱི་ཆོས་སྲིད་རིག་གནས། སློབ་གསོ་སོགས་ལའང་སྒོ་སྣ་ཚོགས་ནས་འགྱུར་ལྡོག་ཆེན་པོ་བྱུང་བའི་དཀྱོགས་མཚམས་ཤིག་ཏུ་གྱུར་འདུག འགྱུར་ལྡོག་མང་བོ་བྱུང་བ་ལས་གཙོ་བོ་རྣམས་བསྡུས་ནས་བཤད་ན་མི་རིགས་སློབ་གསོ་ལ་འགྱུར་ལྡོག་བྱུང་ཚུལ་དང་། འཆད་ཉན་བཤད་སྒྲུབ་ལ་འགྱུར་བ་བྱུང་ཚུལ་དང་། ཕུ་ནུ་ནང་དམེ་ལ་འགྱུར་ལྡོག་བྱུང་ཚུལ་གསུམ་དུ་འདུ་ཞིང་། དེའི་སྟེང་དུ་བརྩེ་བའི་བཀའ་གསུང་གནང་བའི་སྒོ་ནས་རྗེས་དྲན་བྱེད་པ་དང་བཞིས་རྗེས་དྲན་བྱ་བར་འདོད་དོ།།

 

དང་བོ། མི་རིགས་སློབ་གསོ་ལ་འགྱུར་ལྡོག་བྱུང་ཚུལ།

    གནས་ལུགས་ལ་བརྩི་སྲུང་བྱེད་པའི་ཚད་ལྡན་གྱི་རྒྱལ་ཁབ་ཅིག་ལ་མཚོན་ན་མི་རིགས་སློབ་གསོའི་ལས་དོན་ལེགས་པོ་ཞིག་ཐག་གཅོད་བྱེད་རྒྱུ་ནི་དངོས་གནས་ཤིན་ཏུ་གལ་ཆེན་ནང་གི་དོན་ཆེན་ཞིག་རེད། མི་རིགས་དེའི་སྐད་དང་ཡི་གེ་ནི་མི་རིགས་དེའི་བླ་སྲོག་ཡིན་པ་དང་། མི་རིགས་དེའི་དར་རྒུད་ནི་དེའི་སྐད་དང་ཡི་གེ་ལ་ཐད་ཀར་འབྲེལ་བ་དམ་པོ་ཡོད་ཚུལ་སོགས་ནི་སྔོན་བྱུང་གི་ལོ་རྒྱུས་དང་ད་ལྟའི་གནས་བབ་གང་ནས་བལྟས་ཀྱང་ཤིན་ཏུ་གསལ་བོ་ཡིན། དེས་ན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞེས་མིང་བཏགས་པའི་བོད་རིགས་གཙོ་བོ་ཡིན་སའི་ས་ཁུལ་འདི་ལ་བོད་རང་གི་སྐད་ཡིག་ལེགས་པོ་ཞིག་སློབ་སའི་སློབ་གྲྭ་ཆུང་འབྲིང་གང་ཡང་མེད་ན། མི་རིགས་དེའི་མདུན་ལམ་ཇི་འདྲ་ཞིག་ཏུ་སོང་ཡོད་པ་གསལ་བོ་ཡིན་པས་ཤུགས་བཏོན་ནས་བཤད་དགོས་དོན་མ་མཆིས་སྙམ། གལ་ཏེ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་མི་རིགས་དེ་ལ་མི་རིགས་རང་གི་སྐད་དང་ཡི་གེ ཡུལ་སྲོལ་དང་གོམས་གཤིས་སོགས་ཀྱི་ཁེ་དབང་ལོངས་སྤྱོད་ཆོག་པའི་གཏན་འཁེལ་མེད་ན་རྒྱལ་ཁབ་དེའི་སྐྱོན་ཡིན་མོད། འོན་ཀྱང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་སུ་དེ་དག་ལོངས་སྤྱོད་པའི་དབང་ཆ་ཡོད་ཅེས་གསལ་བོར་གཏན་ལ་ཕབ་ཡོད་བཞིན་དུ་ང་ཚོས་ལོངས་སྤྱོད་མ་ཐུབ་པ་ལ་ནི་རྒྱུ་རྐྱེན་གཉིས་ཏེ། ས་གནས་ཀྱི་འགོ་ཁྲིད་དག་ལ་མི་རིགས་སློབ་གསོ་ལ་བརྩི་སྲུང་བྱེད་པའི་བསམ་བློ་གཏན་ནས་མེད་པར་མ་ཟད། སྔོན་རིག་གསར་ལས་འགུལ་དང་མི་བཞིའི་ཕྱོགས་ཁག་གི་བསམ་བློ་དང་ངན་ཤུགས་འདོར་མ་ཐུབ་པར་ད་དུང་མི་རིགས་ལ་གཉའ་གནོན་བྱེད་མུས་སུ་སྡོད་པ་རྒྱུ་རྐྱེན་དང་བོ་ཡིན། དེ་ལྟར་དེ་དག་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ཀྱི་དགོངས་དོན་ལ་བརྩི་སྲུང་མ་བྱས་པར་བསྡད་ཆོག་ཆོག་ཡོད་པ་ནི། ང་ཚོ་རང་གིས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལ་གཏན་ནས་དོ་སྣང་མ་བྱས་པས་རང་ལ་ཁེ་དབང་གང་འདྲ་ཡོད་པ་གཏན་མ་ཤེས་པའི་རྟགས་ཡིན་ལ། འདི་ནི་ཁྲིམས་ལྡན་གྱི་རྒྱལ་ཁབ་ཅིག་གི་མངའ་འོག་ནས་ཁྲིམས་ལུགས་སུ་གཏན་འཁེལ་བྱས་པའི་རང་གི་ཁེ་དབང་ལོངས་སྤྱོད་མི་ཐུབ་པར་སྡུག་བསྔལ་མྱོང་བཞིན་འདུག་དགོས་པའི་རྒྱུ་རྐྱེན་གཉིས་པ་རེད། དེས་ན་སྐབས་དེར་སྡུག་བསྔལ་དེ་འདྲས་མནར་བའི་བོད་མི་ང་ཚོ་སྡུག་བསྔལ་དེ་འདྲ་ལས་སྐྱོབ་མཁན་ནི་ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་བ་མཆོག་ཉིད་ཡིན་དེ། རྒྱལ་ཁབ་ཀྱི་ཆབ་སྲིད་དང་ཁྲིམས་ལུགས་ཀྱི་ཁ་ཕྱོགས་སྒྱུར་མཁན་ཁོང་རིན་པོ་ཆེ་མིན་ཡང་། གོང་རིམ་གྱི་སྲིད་ཇུས་བཟང་བོ་དེ་ས་གནས་ཀྱི་མང་ཚོགས་ལ་དངོས་སུ་ཤེས་སུ་འཇུག་མཁན་དང་། དེའི་སྐབས་དེར་དེ་ཉིད་མང་ཚོགས་ཀྱི་ཁྲོད་དུ་ངེས་འབེབས་བྱེད་དུ་འཇུག་མཁན་ནི་ཁོང་ཉིད་ཡིན་པས་སོ།།    

    དེ་ཡང་དེའི་སྐབས་སུ་ལས་བྱེད་མི་སྣ་ལ་གསུང་བཤད་གནང་བ་ལས། ཀན་ལྷོ་ནི་གཞན་དང་མི་འདྲ་ཟེར། རྒྱུ་མཚན་ནི་ཁོ་ཚོའི་ཀླད་པའི་ནང་ན་མི་རིགས་སྲིད་ཇུས་དང་མི་རིགས་ས་ཁོངས་རང་སྐྱོང་གི་སྲིད་ཇུས་ཟེར་བ་ཅུང་ཟད་ཙམ་ཡང་མེད་པའི་རྐྱེན་གྱིས་རེད། གལ་ཏེ་མི་རིགས་ས་ཁུལ་དང་ས་ཆ་གཞན་པ་གཅིག་འདྲ་ཡིན་ན། མི་རིགས་ས་ཁོངས་རང་སྐྱོང་བྱས་ནས་ཅི་ཞིག་བྱེད་རྒྱུ་ཡིན། ཞེས་སོགས་བཀའ་བཙན་པོ་གནང་བ་མ་ཟད། དེ་ནས་ཀན་ལྷོའི་མངའ་ཁོངས་སུ་བོད་ཡིག་གི་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་རིམ་པར་བཙུགས་པ་ནི་ཁོང་ཉིད་ཀྱི་བཀའ་དྲིན་ལས་གཞན་དུ་ཅི། དེར་མ་ཟད་མི་རིགས་ཀྱི་ལས་བྱེད་པ་ཇེ་མང་དང་། ཐ་ན་མི་རིགས་ལས་བྱེད་པའི་ཟླ་ཕོག་ཇེ་མཐོར་སོང་བ་ལྟ་བུས་མཚོན་མི་རིགས་སློབ་གསོའི་ཐད་ལ་བཞག་པའི་བྱས་རྗེས་མ་ལུས་པ་ནི་སུ་ཞིག་གིས་བརྗོད་པར་ནུས། དེ་ནས་༡༩༨༢ལོར། སླར་ཡང་ཁོང་རིན་པོ་ཆེ་བླ་བྲང་དུ་ཕེབས་ཏེ། ཟླ་༩ཚེས་༢༠ཉིན། ཁོང་གི་བཀའ་དྲིན་ལ་བརྟེན་ནས་བཙུགས་པའི་ཀན་ལྷོ་ཁུལ་བསང་ཆུ་རྫོང་བོད་ཡིག་སློབ་འབྲིང་ནས་དགེ་སློབ་ལས་བཟོ་བ་དང་བཅས་པའི་ཚོགས་པ་སྤྱི་ལ་ཡང་བཀའ་སློབ་གནང་བའི་གནད་བསྡུས་ན་འདི་ལྟར། བོད་ཡིག་སློབ་འབྲིང་གི་སློབ་མས་ཐོག་མར་བོད་ཡིག་ལེགས་པོ་བསླབས་པའི་རྨང་གཞིའི་འཕྲོར། རྒྱའི་སྐད་ཡིག་དང་རྩིས་རིག་སློབ་དགོས། སློབ་མས་ལེགས་པོ་སྦྱོང་བ་དང་དགེ་རྒན་ཚོས་ནན་ཏན་དུ་འཁྲིད་དགོས། སྤྱོད་ལམ་དང་ཤེས་རིག ལུས་རྩལ་བཅས་ཁྱོན་ཡོངས་ནས་གོང་དུ་སྤེལ་ཏེ་གསུམ་བཟང་སློབ་མ་བརྩོན་ལེན་བྱེད་དགོས་ཞེས་སོགས་གསུངས་ནས། མི་རིགས་སློབ་གསོའི་ཕྱོགས་ལ་ཐུགས་ཁུར་བླ་མེད་གནང་བ་སོགས་འུད་བརྗོད་མ་བྱས་པར་དོན་སྟེང་ནས་ངོ་མ་བསམ་གྱིས་མི་ཁྱབ་པ་དང་། བརྗོད་ཀྱིས་མི་ལོངས་པ་ཞིག་ཡིན་པས་སོ།། དེས་ན་འདི་ལ་བརྟེན་ནས་ང་ཚོས་གསལ་བོར་ཤེས་དགོས་པ་ཞིག་ནི། བོད་རིགས་རང་སྐྱོང་ཁུལ་ཞེས་མིང་བཏགས་ཡོད་པའི་ཀན་ལྷོ་དེ་བོད་ཡིག་གི་སློབ་འབྲིང་དང་སློབ་ཆེན་གཏན་ནས་མེད་པ་ཞིག་ནས་དེ་དག་ཡོད་པ་ཞིག་ཏུ་གྱུར་བ་དང་། བོད་པའི་ལས་བྱེད་པ་ཧ་ཅང་ཉུང་བ་ནས་ཇེ་མང་དུ་སོང་ནས་བོད་རིགས་རང་སྐྱོང་ཁུལ་ཞེས་པའི་མིང་དང་དོན་ཇེ་ཉེར་སོང་བ་ནི་ཁོང་གི་བཀའ་དྲིན་དང་འབྲལ་ཐབས་མེད་པ་ཞིག་དང་། འདི་ནི་དེའི་སྐབས་སུ་ཀན་ལྷོའི་ཕྱོགས་སུ་མི་རིགས་སློབ་གསོ་ལ་འགྱུར་ལྡོག་བྱུང་ཚུལ་གྱི་མཚན་གཞི་ཙམ་ཡང་ཡིན་ནོ།། 

 

གཉིས་པ། ཆོས་ཕྱོགས་ཀྱི་འཆད་ཉན་བཤད་སྒྲུབ་ལ་འགྱུར་ལྡོག་བྱུང་ཚུལ།   

    སྤྱིར་ས་ཕྱོགས་དེར་སངས་རྒྱས་ཀྱི་བསྟན་པ་གནས་མི་གནས་ནི་དེར་གཞི་གསུམ་གྱི་ལག་ལེན་གནས་མི་གནས་ཀྱི་སྒོ་ནས་འཇོག་དགོས་ཚུལ་དང་། དེ་ལག་ལེན་བྱེད་མཁན་ཡོད་མེད་ནི་དགེ་འདུན་པའི་སྡེ་ལ་ལྟོས་ཚུལ་དང་། དགེ་འདུན་པའི་སྡེ་ལ་སྤུས་ཚད་ཡོད་མེད་ནི་འཆད་ཉན་བཤད་སྒྲུབ་ཀྱི་བྱ་བའི་སྒོ་ནས་འཇོག་དགོས་ཚུལ་སོགས་ནི་ངས་ཤུགས་བཏོན་ནས་མ་བཤད་ཀྱང་གནས་ལུགས་དཔྱོད་པའི་བློ་མིག་ཡོད་པ་རྣམས་ཀྱིས་མི་མཁྱེན་པ་ག་ལ་སྲིད། འོན་ཀྱང་ལོ་བཅུའི་གོད་ཆག་སྐབས། འཆད་ཉན་བཤད་སྒྲུབ་བྱེད་སའི་དགོན་སྡེ་ཕར་ཟད། ཐ་ན་ཆོས་དད་མང་ཚོགས་ལ་མ་ཎི་འདོན་པའི་རང་དབང་ཡང་མེད། ང་རང་སློབ་ཆུང་འགྲིམ་སྐབས་ངའི་སྐེ་ན་སྲུང་མདུད་ཅིག་བཏགས་ཡོད་པ་དེ་ཡང་རྒྱ་མི་དགེ་རྒན་ཞིག་གིས་མཐོང་ནས་ཆོས་ལུགས་རྨོངས་དད་ཀྱི་རྫས་ཤིག་རེད་ཅེས་འཕྲོགས་སོང་། འོན་ཀྱང་མི་བཞིའི་ཕྱོགས་ཁག་རྡུལ་དུ་བརླགས་པའི་རྗེས་སུ་བྱ་སྤྱོད་མི་འཚམ་པ་དེ་དག་ཐམས་ཅད་ནི། གཙོ་བོ་ལིན་པེའོ་དང་མི་བཞིའི་ཕྱོགས་ཁག་སོགས་ལོག་སྤྱོད་པ་འགའ་ཞིག་གིས་རྒྱལ་ཁབ་ཡོངས་ལ་བཟོས་པའི་ནག་ཉེས་ནམ་མཁར་མི་ཤོང་བ་ཞིག་ཡོད་པ་ལས་ཆ་ཤས་ཤིག་ཡིན་པ་ཤེས། ལས་འབྲས་དང་མཐུན་པའི་སྐད་ཆ་བཤད་ན་ཡང་། ལིན་པེའོ་དང་མི་བཞིའི་ཕྱོགས་ཁག་ཕམ་པར་བརྒྱབ་ཅིང་། ཀྲུང་ཨུ་རྒྱས་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་ཕྱིན་ནས་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་སོགས་སྔར་དང་མི་འདྲ་བའི་སྲིད་ཇུས་མང་བོ་ཞིག་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གཏན་འཁེལ་བྱས་ཡོད་ལ། ང་ཚོའི་ས་གནས་ལའང་སྔར་དང་མི་འདྲ་བའི་འགྱུར་ལྡོག་ཅུང་ཟད་རེ་བྱུང་ཡོད་པ་དངོས་གནས་ཡིན། འོན་ཀྱང་ཆོས་འཆད་ཉན། བསླབ་པ་སློབ་གཉེར་བྱེད་སའི་དགོན་སྡེ་དག་ནི་ད་དུང་ལེགས་པར་སླར་གསོ་བྱས་མེད། སྤྱིར་བཏང་རིག་གནས་ཆུ་ཚད་ཞན་ཅིང་། ལྷག་པར་ཡང་ཁྲིམས་ལུགས་ཀྱི་གོ་རྟོགས་ཤིན་ཏུ་ཞན་པའི་བོད་རིགས་མང་ཚོགས་ཕལ་ཆེ་བ་ལ་མཚོན་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཤིག་ལ་ཁེ་དབང་དང་འོས་འགན་ཅི་ཞིག་གཏན་འཁེལ་བྱས་ཡོད་པ་མི་ཤེས་པས། ས་གནས་འགོ་ཁྲིད་དག་གིས་གང་བཤད་ཁྲིམས་ལུགས་རེད་འདུག དེའི་ཕྱིར་སྐབས་དེར་ཡང་མང་ཚོགས་རྣམས་ད་དུང་སེམས་ཁམས་གཞི་ནས་ལྷོད་པོ་རང་འོངས་ཐུབ་མེད་པ་ལྟ་བུར་ཡོད།     

    དེ་ནས་༡༩༨༠ལོའི་ཟླ་༡༡པའི་ནང་དུ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་བླ་བྲང་དུ་ཕེབས་ནས་ཚེས་༡༥ཉིན་མང་ཚོགས་ཁྲི་ཁྲག་ཁ་ཤས་ལ་སྐྱབས་འགྲོ་དང་། མ་ཎི། གུ་རུ་སིདྷི། དམིགས་བརྩེ་མ། ཤམ་བྷ་ལའི་སྨོན་ལམ། བསྟན་འབར་མ་སོགས་སོགས་ཀྱི་ལྗགས་ལུང་གནང་། སྔོན་བསགས་བསོད་ནམས་བཟང་བོའི་མཐུ་ལས་ང་རང་ཡང་དེའི་གྲལ་ན་ཡོད།   

    ཉིན་དེར་ཚོགས་ཆེན་དེའི་སྟེང་ནས་ཁོང་གིས་མང་ཚོགས་ལས་བྱེད་པ་དང་བཅས་པ་ལ་བཀའ་སློབ་འདི་ལྟར་གནང་བྱུང་། ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་འགོ་ཁྲིད་ནས་མི་བཞིའི་ཚོགས་ཁག་རྡུལ་དུ་བརླགས་པ་དང་། ལྷག་ཏུ་ཀྲུང་ཨུ་རྒྱས་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་ཆད་དུ། ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་ས་ཁོངས་རང་སྐྱོང་སྲིད་ཇུས། ཆོས་ལུགས་སྲིད་ཇུས། འཐབ་ཕྱོགས་གཅིག་གྱུར་སྲིད་ཇུས། ལས་བྱེད་པའི་སྲིད་ཇུས་བཅས་རིམ་བཞིན་དངོས་འབེབས་བྱེད་ཐུབ་པ་བྱུང་། ཞེས་དང་། ཡང་ཁོང་གིས། སྤྱི་ཚོགས་རིང་ལུགས་སུ་འགྲོ་བའི་ཆེད་དུ་བཀས་བཀོད་རྒྱུན་འཛིན་གྱི་ལམ་ལུགས་ངེས་པར་དུ་བསྒྱུར་དགོས་ལ། སྤྱི་ཚོགས་རིང་ལུགས་ཀྱིས་བཅོས་བསྒྱུར་བྱས་པ་ནི་ཡང་དག་པ་དང་དགོས་ངེས་ཅན་ཞིག་རེད། དམངས་གཙོ་བཅོས་སྒྱུར་རམ་སྤྱི་ཚོགས་རིང་ལུགས་ཀྱི་བཅོས་སྒྱུར་གང་ཡིན་ཡང་ཚང་མ་ནི་མི་དམངས་ལ་སློབ་གསོ་གཏོང་བ་ལས་མི་དམངས་ལ་བཙན་གནོན་བྱེད་པ་མིན། སློབ་གསོ་བཏང་བའི་རང་ལྕག་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་དུ་འགྲོ་དགོས་མོད། འོན་ཀྱང་གནད་དོན་འདིའི་ཐད་ནས། མི་དམངས་ལ་བཙན་ཤེད་ཀྱི་སྲིད་ཇུས་སྤེལ་ཏེ། མི་དམངས་རྣམས་རང་དབང་མ་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་དུ་ཆས་པ་རེད། ཏང་གི་ཆོས་ལུགས་སྲིད་ཇུས་ལག་བསྟར་ཕྱོགས་སུའང་བཙན་དྲག་བཀའ་འབེབས་བྱས་ཏེ། ཆོས་དད་རང་མོས་འཕྲོག་པར་གྱུར་བ། དགོན་པ་གཏོར་བཤིག་བཏང་བ། དད་ལྡན་མང་ཚོགས་ཀྱི་མ་ཎི་སོགས་བགྲངས་པ་ལ་ཐེ་གཏོགས་དང་རྡུང་རྡེག་ཐེབས་པ། དེ་དག་གི་རྐྱེན་གྱིས་མང་ཚོགས་ཀྱིས་ལྐོག་ནས་མ་ཎི་བཏོན་ཏེ་ཆོས་ལུགས་བྱེད་སྒོ་ཐམས་ཅད་ལྐོག་ལས་སུ་གྱུར་ཅིང་། གནས་ཚུལ་འདི་དག་ལས་ཆོས་ལུགས་ལ་སྲོག་ཐུག་རྡུང་རྡེག་འཁེལ་བ་རེད། ང་བརྒྱད་ལོའི་རྗེས་སུ་མི་མང་བོ་བཙོན་འཇུག་བྱས། ངེད་ཀྱང་ལོ་དགུ་ཟླ་བརྒྱད་རིང་ལྟ་སྐྱོང་བྱས་པ་རེད། ཧང་ཀྲིན་ཆིན་དང་གུང་ཐང་ཚང་ཡང་བཙོན་ནས་བཞུགས་མྱོང་། ད་ལྟ་ཀྲུང་དབྱང་གི་ཐུགས་ཁུར་འོག ད་གཟོད་ང་ཚོ་བཙོན་གྲོལ་བཏང་། གནད་དོན་དངོས་འབེབས་བྱས་ཞེས་སོགས་གསུངས་ཏེ་ཐམས་ཅད་ཀྱི་དབུགས་དབྱུང་བར་མཛད་དོ།།   

    ཡང་༡༩༨༠ལོའི་ཟླ༡༡ཚེས་༢༦ཉིན། ཀན་སུའུ་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་གྱི་འགོ་ཁྲིད་དང་། ཀན་ལྷོ་ཁུལ་གྱི་ཁུལ་གཙོ་དང་། བསང་ཆུ་རྫོང་གི་འགོ་ཁྲིད་དང་། ཞིང་ཆེན་ཆོས་དོན་ཁང་གི་འགོ་གཙོ་སོགས་ལས་བྱེད་མི་སྣ་མང་བོ་ལ་ཆེད་དུ་ཆོས་ལུགས་ཁོ་ནའི་སྐོར་གྱི་བཀའ་སློབ་འདི་ལྟར་གནང་། བླ་བྲང་དགོན་པ་ནི། རྒྱལ་ཡོངས་ཀྱི་དགེ་ལུགས་དགོན་ཆེན་དྲུག་གི་གཅིག་ཡིན་པ་དང་། ཀན་སུའུ་ཞྭ་སེར་དགོན་པ་ཆེ་ཤོས་གཅིག་པོ་རེད། ངེད་ཀྱི་འདོད་བློ་ནི་ཁྱེད་ཚོས་ཅུང་ལེགས་པོ་བསྒྲུབ་ན། ཏང་གི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ལག་ཏུ་བསྟར་བ་དང་། ཆོས་དད་མང་ཚོགས་ལ་འདོད་བློ་ཚིམ་པོའི་རང་དབང་ཐོབ་པ་བཅས་ལ་བཟང་ཆ་ཡོད། ཅེས་སོགས་གསུངས་པ་དང་། ཡང་། ཆོས་སྒོ་ཕྱེ་བའི་དགོན་པ་ཧ་ཅང་མང་ན་མི་བཟང་། ཧ་ཅང་ཉུང་ནའང་མི་བཟང་། མི་དམངས་མང་ཚོགས་ལ་ཆོས་ལུགས་དགོས་མཁོ་ལྟར་སྒོ་འབྱེད་དགོས་ཞེས་སོགས་གསུངས་པ་དང་། ཡང་། བཙུན་པ་ཚོ་སྐྱ་སར་ལོག་པའི་རང་དབང་ཡོད་ཀྱང་གྲྭ་ས་ལས་ལོག་ཕྱིན་ཆད་སླར་ཡང་དགོན་པའི་ནང་དུ་འོང་མི་ཆོག་ལ། མི་འདི་འདྲའི་རིགས་དགོན་པའི་ནང་དུ་འདུག་ཏུ་མ་འཇུག་ཅེས་དང་། ཡང་། བཙུན་པ་བྱེད་འདོད་ན་རབ་ཏུ་བྱུང་ནས་སྡོམ་ཁྲིམས་ཉམས་སུ་ལོངས། བསླབ་པ་བཟང་མི་བཟང་གི་དབྱེ་བ་གསལ་བོར་བྱས་ཏེ། བསླབ་པ་བཟང་བོ་བསྡུ་བ་དང་། ངན་པ་མི་བསྡུ་བའི་དབང་ཆ་ནི་དགོན་པ་རང་ལ་ཡོད་པ་ཡིན། ཁོ་རང་ཉིད་གྲྭ་བ་བྱེད་མི་བྱེད་ཀྱི་དབང་ཆ་རང་ལ་ཡོད་ཅེས་སོགས་ཐུགས་ཁུར་ཆེ་བཞེས་ཀྱིས་བྱ་བ་ཆེ་ཕྲ་ཀུན་ལ་ལམ་སྟོན་གྱི་བཀའ་སློབ་ཡ་མཚན་པ་གནང་བའི་དགོངས་དོན་ལྟར། བླ་བྲང་དགོན་པས་ཀྱང་བླ་བྲང་གི་ཚོགས་དང་ཆོས་གྲྭར་ཞུགས་འདོད་ཀྱིས་རེ་སྒུག་བྱས་ནས་སློབ་གཉེར་བྱེད་བཞིན་པ་རྣམས་ལ་རྒྱུགས་བླངས་ནས་གསར་ཞུགས་བསྡུ་བའི་སྲོལ་ཚུགས། ཕྲན་ཡང་ལས་དབང་གིས་བླ་བྲང་དགོན་པས་རྒྱུགས་བླངས་ནས་གསར་ཞུགས་བསྡུས་པའི་ཆེས་ཐོག་མའི་གྲས་ཡིན།  

    ཡང་ཁོང་གིས། ད་ནི་དགོན་པའི་དོ་དམ་ཁང་ཞིག་འཛུགས་འོས་ཏེ། དགོན་པའི་དོ་དམ་ཁང་འདིས་ཆོས་ལུགས་དོ་དམ་བྱ་རྒྱུ་མ་ཟད། རིག་རྫས་ཀྱང་བདག་དམ་བྱ་དགོས་ཞེས་དང་། ཡང་། གྲྭ་བ་གསར་བ་དགོན་པར་ཞུགས་ན་དགོན་པའི་དོ་དམ་ལྷན་ཁང་གིས་ཞིབ་བཤེར་ཆོག་མཆན་གནང་དགོས། དེ་མིན་དགོན་པར་ཞུགས་མི་ཆོག་ཅེས་དང་། ཡང་། ཐོག་མར་ཐོས་བསམ་གླིང་ཚུགས། དེ་ནས་རིམ་པར་གྲྭ་ཚང་གཞན་ལྔ་ཚུགས་ཏེ་སློབ་གཉེར་ནན་ཏན་སྒོས་ཤེས་ལྡན་མི་སྣ་སྐྱེད་བསྲིང་བྱོས་ཞེས་དང་། ཡང་། དགོན་བཞུགས་བཙུན་པས་དགོན་པའི་ནང་དུ་ཆོས་སྤྱོད་སྤེལ་བ་སྟེ། དམ་ཆོས་ཀློག་པ། ཆོ་ག་སྤེལ་བ། ཆོས་ལུགས་ཞིབ་འཇུག་ལ་སོགས་པའི་གནད་དོན་མང་བོའི་འགན་འཁུར་དགོས་ཞེས་སོགས་ཕྲ་ཞིང་ཞིབ་པའི་གསུངས་བཀོད་ངོ་མཚར་བ་མང་དུ་གནང་སྟེ། བོད་གངས་རིའི་ལྗོངས་འདིར་ང་བརྒྱད་དང་རིག་གསར་སོགས་གཡོན་ཐལ་ཆེ་བའི་འཐོར་རླུང་དྲག་པོའི་ཁྲོད་དུ། ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཤིན་ཏུ་ཉམས་དམས་སུ་བཏང་བ་དེ་སླར་གསོ་དང་ཡང་དར་གྱི་བྱ་བཞག་ཐད། བསྒྲུན་དུ་མེད་པའི་མཛད་རྗེས་བཞག་པ་ནི་ང་ཚོས་ནམ་ཡང་བརྗེད་མི་སྲིད་ལ། ཅིས་ཀྱང་བརྗེད་དུ་མི་རུང་བ་ཉིད་དོ།།    

    ཡང་ཁོང་གི་ཞལ་ནས། ད་སྐབས་ང་བརྒྱད་ལོའི་སྔོན་ལ་མི་དོ། ཐོག་མར་ང་བརྒྱད་ལོའི་སྔོན་གྱི་ཆུ་ཚད་དུ་སླར་གསོ་བྱས་ཤིང་། རྨང་གཞི་དེའི་སྟེང་ནས་ཤུགས་སྣོན་བརྒྱག་དགོས། སྤྱིར་ན་ང་བརྒྱད་ལོ་ནས་མི་བཞིའི་ཚོགས་ཁག་རྩ་གཏོར་བཏང་བའི་སྔུན་བར། ང་ཚོའི་མི་རིགས་ཀྱི་བྱ་བ་དང་ཆོས་ལུགས་ཀྱི་བྱ་བ་བཤད་མ་དགོས་པ་རེད་དེ། རྒྱུན་ལྡན་མ་ཡིན་པའི་རྣམ་པའི་ངང་ལུས་པ་རེད། དུས་ཚོད་འདི་མོ་རིང་བ་ལ་གནད་དོན་ནི་མི་ཉུང་བ་ཞིག་བྱུང་བ་རེད། ད་སྐབས་སེམས་ཐག་བཅད་པའི་སྒོ་ནས་ཐག་བཟང་བོ་གཅོད་དགོས་ཞེས་སོགས་ཆ་ཡོངས་ནས་སྤྱིར་བོད་བརྒྱུད་ནང་བསྟན་ཡོངས་དང་། སྒོས་བླ་བྲང་སོགས་ཀན་ལྷོའི་ཕྱོགས་ཀྱི་དགོན་སྡེ་མང་བོ་ཞིག་གི་ཆོས་འཆད་ཉན་བཤད་སྒྲུབ་ཀྱི་བྱ་བ་ཐམས་ཅད་སླར་གསོ་མཛད་པ་ནི་ཕྲན་བུའི་མཐོང་ཐོས་ཀྱི་ཡུལ་དུ་གྱུར་བ་ལགས་སོ།། ད་དུང་འདིའི་ཕྱོགས་ཀྱི་མཛད་པ་ངོ་མཚར་བ་བསམ་གྱིས་མི་ཁྱབ་པ། བརྗོད་ཀྱིས་མི་ལོངས་པ་མང་བོ་ཡོད་ཀྱང་མང་བར་འགྱུར་བས་རེ་ཞིག་མ་བཤད་དོ།།  

    མདོར་ན་ཁོང་རིན་པོ་ཆེ་མཆོག་ས་ཕྱོགས་གཞན་ཞིག་ལ་ཕེབས་སྐབས་ཤིག་ཏུ། ས་འདི་ན་མི་ཤེས་པ་གསུམ་འདུག སློབ་མས་ཡི་གེ་མི་ཤེས། ལས་བྱེད་པས་སྲིད་ཇུས་མི་ཤེས། གྲྭ་བས་ཆོས་མི་ཤེས་ཞེས་བཀའ་བཀྱོན་ནན་ཏན་གནང་སྟེ། ཆོས་རིག་སྲིད་གསུམ་གང་གི་ཐད་ནས་ཀྱང་གཞལ་མཐའ་མེད་པའི་བཀའ་དྲིན་དང་བསུབ་ཏུ་མེད་པའི་བྱས་རྗེས་བཞག་པ་ནི། དེ་རིང་ང་ཚོས་རྗེས་དྲན་བྱ་ཡུལ་ཡིན་ལ། འདི་ལྟ་བུའི་ངོ་མཚར་ཞིང་རླབས་ཆེ་བའི་མཛད་པ་ལ་རྗེས་དྲན་མི་བྱེད་ན་ཅི་ཞིག་ལ་རྗེས་དྲན་བྱ། དེས་ན་འདི་ནི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་བ་མཆོག་ང་ཚོའི་ཡུལ་ཕྱོགས་འདིར་ཕེབས་པ་ལ་བརྟེན་ནས་དགོན་སྡེ་དག་གི་འཆད་ཉན་བཤད་སྒྲུབ་ཀྱི་བྱ་བ་རྣམས་སླར་གསོ་དང་ཡང་དར་བྱུང་བའམ་འགྱུར་ལྡོག་བྱུང་ཚུལ་ཡིན་ལ། དེ་ནི་ད་ལྟ་རང་ཅག་ལ་མངོན་དུ་གྱུར་ཟིན་པའི་འཆད་ཉན་བཤད་སྒྲུབ་ཀྱི་བྱ་བ་ཤིན་ཏུ་འཐུས་སྒོ་ཚང་བ་ཞིག་ཡོད་པ་འདིའི་རྟེན་འབྲེལ་གྱི་ཐོག་མ་ཡིན་ནོ།།


གསུམ་པ། ཕུ་ནུ་ནང་དམེ་ལ་འགྱུར་ལྡོག་བྱུང་བའི་ཚུལ།     

    མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་ཞེས་པའི་སྐད་ཆ་འདི་ཀུན་ལ་རླུང་ལྟར་གྲགས་ཀྱང་། སེམས་གཏིང་ནས་མཐུན་སྒྲིལ་ལ་བརྩི་སྲུང་བྱེད་མཁན་ཉུང་བར་མ་ཟད། རིག་གསར་གྱི་རྗེས་ཙམ་ནས་ལྷག་པར་ཡང་རང་ཅག་བོད་མི་རིགས་འདིར་ཕུ་ནུ་ནང་དམེ་བྱེད་པ་སོགས་སྟོབས་ཤུགས་དང་འཕེལ་རྒྱས་འགྲོ་བའི་འགལ་རྐྱེན་ཧ་ཅང་མང་བོ་ཞིག་བོད་མི་རིགས་རང་གིས་མངོན་སུམ་འཛེམས་མེད་དུ་བཟོ་བཞིན་པ་ནི་ཤིན་ཏུ་སྐྱོ་ཞིང་སྐྱི་གཡའ་བའི་གནས་ཤིག་རེད། ནང་དམེ་བྱེད་ཚུལ་ཡང་སྣ་ཚོགས་པ་ཞིག་ཡོད་ཀྱང་། དེ་ལས་ཆེས་ཚབས་ཆེན་གྱི་རང་བཞིན་ཅན་ནི་རྩྭ་ས་རྩོད་གླེང་གི་གནས་ཚུལ་དེ་རེད། དཔེར་ན་རྒན་གྱ་དང་རྐང་ཚའི་བར་གྱི་རྩོད་གླེང་། ཀླུ་ཆུ་དང་མདའ་ཚན་བར་གྱི་རྩོད་གླེང་། བསང་ཁོག་དང་མགོ་ཤུལ་བར་གྱི་རྩོད་གླེང་ལྟ་བུ་སྟེ། འདི་ལྟ་བུའི་རྩྭ་ས་རྩོད་གླེང་གིས་ཡུན་རིང་བོའི་བར་རང་ཅག་གི་མི་རིགས་འདི་ཚད་མེད་པའི་སྡུག་བསྔལ་ལ་སྦྱར་བ་ནི་ཀུན་གྱི་སེམས་ན་གསལ་བ་ལྟར་རེད། དེ་དོན་རིང་ནས་ཐུགས་ལ་གནག་པའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་བ་མཆོག་༡༩༨༠ལོར་བླ་བྲང་དུ་ཕེབས་ནས་ལོ་དེའི་ཟླ་༡༡ཚེས་༢༥ནས་༢༩བར། ཆེད་དུ་བར་འདུམས་བྱེད་མཁན་གྱི་མི་སྣ་དང་གྲོས་ཚོགས་བསྡུས་ཏེ་ཐུགས་བརྩེ་བའི་གསུངས་བཤད་མང་བོ་གནང་བ་དེའི་གནད་བསྡུས་ན་འདི་ལྟར། ད་ཐེངས་ཀྱི་རྩྭ་ས་རྩོད་གླེང་གི་གནས་ཚུལ་འདི་ཡིན་ན། གནས་ལུགས་བཤད་པའི་ཐབས་སྤྱད་ནས་ཐག་གཅོད་དགོས་པ་མ་གཏོགས། རྡུང་རེས་རྒྱག་པའི་ཐབས་སྤྱད་ན་གནད་དོན་ཐག་གཅོད་མི་ཐུབ་པར་མ་ཟད། རྩོད་གཞི་ཇེ་ཆེ་ཇེ་ཆེར་འགྱུར་བ་དང་། གྱོང་གུན་ལྷག་པར་ཆེ་བ་འབྱུང་ངེས་རེད། གནད་དོན་དེ་ཏང་དང་སྲིད་གཞུང་གི་འགོ་ཁྲིད་འོག་བར་འདུམ་བྱ་དགོས་ཏེ། ཏང་དང་སྲིད་གཞུང་གི་འགོ་ཁྲིད་འོགརྩྭ་ས་རྩོད་གླེང་གི་གནད་དོན་ཐག་གཅོད་ཐུབ་པར་ཚང་མས་ཡིད་ཆེས་བྱ་དགོས། ཁྱོད་ཚོས་ཁ་འཆམ་མཐུན་སྒྲིལ་དང་ཐོན་སྐྱེད་གོང་འཕེལ་གཏོང་ཞིང་འཚོ་བ་ལེགས་བཅོས་བྱ་དགོས། རང་གི་མི་རིགས་ལ་སྟོབས་འབྱོར་མངའ་ཐང་ལྡན་པ་ཞིག་ཡོང་བའི་ཆེད་དུ་བསམ་མནོ་མང་བོ་གཏོང་བ་དང་། བྱ་བའང་མང་བོ་བསྒྲུབ་པ། འབད་བརྩོན་ལྷོད་མེད་ཅེས་བྱ་དགོས་ཞེས་སོགས་གསུངས་ནས་རྩྭ་ས་རྩོད་གླེང་དེ་དག་ཞི་བར་མཛད་ཅིང་བོད་མི་གྲངས་མེད་པ་ཞིག་ཡ་ང་བའི་ནང་དམེ་ཡི་ཁྲག་མཚོའི་ཀློང་ན་སྡུག་བསྔལ་མྱོང་བཞིན་པ་ལས་བསྐྱབས་ནས་མཐུན་སྒྲིལ་གྱི་འོ་མཚོའི་ངོགས་ལ་བཀོད་པ་ཡིན་པས་འདི་ཙམ་གྱི་བཀའ་དྲིན་ཡང་རང་ཅག་གིས་ཇི་ལྟར་གཞལ་སྙམ་དུ་སེམས་སོ།།


བཞི་བ། བརྩེ་བའི་བཀའ་གསུང་གནང་བའི་སྒོ་ནས་རྗེས་དྲན་བྱེད་ཚུལ།       

    དེ་ཡང་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་ཞལ་ནས། 

མཛད་པ་ཀུན་ལས་གསུང་གི་ནི།།

མཛད་པ་མཆོག་ཡིན་དེ་ཡང་ནི།།

དེ་ཉིད་ཡིན་ཕྱིར་མཁས་པ་ཡིས།།

འདི་ལས་སངས་རྒྱས་རྗེས་དྲན་བྱོས།།

ཞེས་སངས་རྒྱས་ལ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་ཡང་། གཙོ་བོ་གསུང་གི་མཛད་པའི་སྒོ་ནས་རྗེས་དྲན་བྱ་དགོས་པར་གསུངས་པ་ལྟར། ད་ལྟ་རང་ཅག་རྣམས་ཀྱིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་བ་མཆོག་གི་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་གོང་དུ་བཤད་ཟིན་པ་དེ་དག་བཤད་པ་བཞིན་ངེས་པར་སེམས་ལ་ཡོད་པ་བདེན་ན། ཁོང་གི་གསུང་བརྩི་དགོས་ཏེ། གསུང་མ་བརྩིས་ན་ནི་ཁོང་གིས་རང་ཅག་ལ་ཐུགས་བརྩེ་བས་བཀའ་སློབ་གནང་བ་ཐམས་ཅད་དོན་མེད་དུ་བཏང་བ་ཡིན་པའི་ཕྱིར་ཏེ། 

མདོ་ཏིང་ངེ་འཛིན་རྒྱལ་བོ་ལས།

ངས་ནི་རབ་ཏུ་བཟང་བོའི་ཆོས་བཤད་ཀྱང་།།

ཁྱོད་ཀྱིས་ཐོས་ནས་ཡང་དག་མ་སྤྱད་ན།།

ནད་པ་སྨན་གྱི་རྐྱལ་བ་ཐོགས་པ་དག།

བདག་གི་ནད་ནི་གསོ་བར་མི་ནུས་བཞིན།།

ཞེས་སངས་རྒྱས་ཀྱིས་ཆོས་ཡ་མཚན་པ་གང་འདྲ་ཞིག་གསུངས་ཀྱང་། རང་ཅག་གདུལ་བྱ་རྣམས་ཀྱིས་གསུངས་པ་བཞིན་མ་བརྩིས་ན་ནི་སངས་རྒྱས་ལའང་སྐྱོབ་ཐབས་མེད་པར་གསུངས་པ་བཞིན། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་ཀྱང་རང་ཅག་བོད་མི་རིགས་འདིའི་སློབ་གསོ་དང་ཆོས་ལུགས། ཕུ་ནུ་ནང་ཁུལ་གྱི་མཐུན་སྒྲིལ་སོགས་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་ཕན་ངེས་ཤིང་ཐག་པའི་བཀའ་སློབ་གསེར་ནག་གི་ཐིག་པ་ལྟ་བུ་ཇི་འདྲ་གནང་ཡང་གསུངས་པ་ལྟར་མ་བརྩིས་ན་ནི་ཁ་ནས་རྗེས་དྲན་བྱེད་ཚུལ་ཇི་ལྟར་བརྗོད་ཀྱང་སྙིང་བོ་ཅི་ཡང་མེད་དོ།། བཀའ་སློབ་རྣམས་མ་ལུས་པར་བསྒྲུབ་པ་ཤིན་ཏུ་དཀའ་ན་ཡང་། ཅི་ལྕོགས་གང་ནུས་ཀྱིས་བསྒྲུབ་ན་དེ་ལས་ལྷག་པའི་ཐུགས་མཉེས་པའི་མཆོད་པ་མེད་དེ།

ཕན་པའི་ལན་དུ་མཆོད་པ་བྱ་བ་ནི།།

བསྒོ་བའི་ངག་བཞིན་ཉམས་སུ་ལེན་པ་ཡིན།།

ཞེས་གསུངས་པ་ལྟར་ཡིན་པས་སོ།། འོ་ན་བཀའ་གསུང་གང་འདྲ་ཡོད་སྙམ་ན། ཤིན་ཏུ་མང་མོད། དེ་ལས་ད་ལྟའི་རང་ཅག་གི་གནས་བབ་ལ་ལྟོས་ནས་ཡིད་ལ་ལྷག་པར་འཛིན་དགོས་པ་འགའ་ཞིག་ཁོལ་ཕྱུང་དུ་བཀོད་ན་འདི་ལྟར།


དང་བོ། མཐུན་སྒྲིལ་གལ་ཆེ་བའི་སྐོར་ལ་གནང་བའི་བཀའ་སློབ། 

    ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བླ་བྲང་དུ་ཕེབས་ཐེངས་གཉིས་པའི་སྐབས་སུ་གྲྭ་བཙུན་དང་ལས་བྱེད་མི་སྣ་སོགས་ལ་གནང་བའི་གསུངས་བཤད་དུ། ༼ང་ཚོ་ཚང་མས་ཤེས་གསལ་ལྟར་རྒྱལ་རབས་དུ་མའི་རིང་ལ་ལོག་སྤྱོད་པའི་དབང་བསྒྱུར་འོག་འཚོ་བ་བཟང་བོ་སྤྱད་མ་མྱོང་། ལོ་རྒྱུས་ནང་བྱུང་བའི་ལོག་སྤྱོད་དབང་སྒྱུར་མཁན་གྱིས་ང་ཚོའི་མི་དམངས་ལ་གཙེ་བ་དང་། མཐོང་ཆུང་། ཁྱད་གསོད་དང་། བཙན་གནོན་དང་། བྲན་བཀོལ་བྱས་པར་མ་ཟད། ང་ཚོའི་མི་རིགས་ནང་ཁུལ་གྱི་འབྲེལ་བར་ཕྲ་མ་དང་དབྱེན་སྦྱོར་བྱས་པ་རེད། ཁོ་ཚོས་ནམ་ཡང་བྱེད་ཐབས་སྣ་ཚོགས་སྤྱད་ནས་ང་ཚོ་ལ་ནང་འཁོན་སློང་དུ་བཅུག་སྟེ། ཕན་ཚུན་བར་ལ་འཐབ་རྩོད་དང་། གསོད་རེས་བྱེད་དུ་བཅུག་པ་དང་། ཁོ་ཚོས་མི་འདོད་པའམ་སྐྲག་ས་ནི་ནང་ཁུལ་གྱི་མཐུན་སྒྲིལ་རེད།༽ཅེས་གསུངས། གསུངས་འདིའི་ངོས་ཟིན་གྱི་དོན་གང་ལྟར་ཡིན་ཡང་། འདི་ལ་བརྟེན་ནས་ང་ཚོས་ཤེས་དགོས་པ་ནི། བོད་ལ་མི་དགའ་མཁན་དག་བོད་པ་རང་གི་ནང་མ་འཆམ་ན་དགའ་བ་དང་། ནང་འཁོན་སློང་བའི་དབྱེན་སྦྱོར་སྣ་ཚོགས་བྱེད་མཁན་ལ་དོགས་ཟོན་དང་། ནང་ཁུལ་གྱི་མཐུན་སྒྲིལ་ལ་དོ་སྣང་བྱེད་པ་དེ་ཡིན།  

    ཡང་ཁོང་རིན་པོ་ཆེ་༡༩༨༠ལོའི་ཟླ༡༡ཚེས་༢༤~༢༩བར་རྒན་གྱའི་བྲག་དཀར་དུ་ཕེབས་ནས་མང་ཚོགས་ལ་གནང་བའི་གསུངས་བཤད་དུ། ༼མཐུན་སྒྲིལ་བཟང་བོ་བྱ་དགོས། མི་རིགས་བར་མཐུན་སྒྲིལ་བྱ་དགོས། ལས་བྱེད་པ་དང་མང་ཚོགས་བར་མཐུན་སྒྲིལ་བཟང་བོ་བྱ་དགོས། མི་རིགས་ནང་ཁུལ་གྱི་མཐུན་སྒྲིལ་ལ་ཤུགས་བསྣན་ནས་རྡུང་རེས་མ་རྒྱག མི་མ་གསོད། སངས་རྒྱས་ཐུགས་རྗེ་ཅན་གྱི་ཆོས་གཞུང་ན་མི་གསོད་མི་ཉན་པ་གཏན་ཕབ་བྱས་ཡོད་པས། ང་ཚོ་ནི་ནང་བ་སངས་རྒྱས་པ་ཡིན་གཤིས། ཕན་ཚུན་ལ་ཡ་ང་བའི་གསོད་རེས་བྱེད་མི་འོས།༽ཞེས་གསུངས།    

    ༡༩༨༢ལོར་ཀན་ལྷོར་ཕེབས་སྐབས་ཀྱི་གསུང་བཤད་ཅིག་ཏུ། ༼མི་རིགས་དང་མི་རིགས་བར། ཆོས་ལུགས་དང་ཆོས་ལུགས་བར། གྲུབ་མཐའ་དང་གྲུབ་མཐའི་བར་བཅས་ལ་མཐུན་སྒྲིལ་ཡོད་དགོས། འདྲ་མཉམ་མེད་ན་མཐུན་སྒྲིལ་ཡོད་མི་སྲིད། ཅེས་དང་། མཐུན་སྒྲིལ་བྱུང་ན་ད་གཟོད་བློ་བདེ་བག་ཕེབས་ཀྱིས་ཅན་བཞི་འཛུགས་སྐྲུན་བྱ་ཐུབ། དེ་ལས་ལྡོག་སྟེ་ཕན་ཚུན་མཐོང་ཆུང་དང་། ཕན་ཚུན་འཕྱ་དམོད། ཕན་ཚུན་དམའ་འབེབས་བཅས་མི་དགེ་བའི་བསམ་སྦྱོར་སྤྱད་ན། ནམ་ཡང་མཐུན་སྒྲིལ་མི་འབྱུང་ལ། ཐོན་སྐྱེད་དང་མི་དམངས་ཀྱི་འཚོ་བ་ལའང་གནོད་པ་ཡོད་པས། ཚང་མས་འདྲ་མཉམ་དང་མཐུན་སྒྲིལ་ཡོང་བའི་ཐད་ལ་འབད་བརྩོན་བྱ་དགོས།༽ཞེས་གསུངས་ཡོད།  

    ཡང་པཎ་ཆེན་རིན་པོ་ཆེ་ཀན་ལྷོའི་ཅོ་ནེ་དགོན་ཏིང་འཛིན་དར་རྒྱས་གླིང་དུ་ཕེབས་ནས་སེར་སྐྱ་མང་ཚོགས་ལ་གསུང་བཤད་ཅིག་གི་སྐབས་སུ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱག་དགོས། མི་རིགས་མཐུན་སྒྲིལ་ཟེར་བ་འདི། སྤྱིར་ན་མི་རིགས་དང་མི་རིགས་བར་གྱི་མཐུན་སྒྲིལ་ལ་ཟེར། ཁྱོད་ཚོའི་ས་ཆ་འདི་ན་བོད། དེ་མིན་རྒྱ་རིགས། ཧའེ་རིགས་ལ་སོགས་པ་མི་རིགས་གཞན་པ་ཡོད། མི་རིགས་སུ་དང་སུ་ཡིན་ན་ཡང་གཅིག་གིས་གཅིག་ལ་མཐུན་སྒྲིལ་བྱ་དགོས། མི་རིགས་འདྲ་མཉམ་བྱ་དགོས། གཅིག་གིས་གཅིག་ལ་ཐུབ་ཚོད་གཏོང་ཆོག་པ་མ་རེད། བོད་ཀྱིས་ཕར་ལ་ཐུབ་ཚོད་གཏོང་ཆོག་པ་མ་རེད། རྒྱ་དང་ཧའེ་རིགས་ལ་སོགས་པས་ཚུར་ལ་ཐུབ་ཚོད་བཏང་ན་ཆོག་པ་མ་རེད། ཡང་དགོས་སུ་བཤད་ན། ང་ཚོའི་བོད་ནང་ཁུལ་ལ་མཐུན་སྒྲིལ་བྱ་དགོས། ཞེས་སོགས་མང་དུ་གསུངས།     

    འཛམ་གླིང་ཤར་ནུབ་གང་ཡིན་ཀྱང་ཆོག རྒྱལ་ཁབ་ཕྱི་ནང་གང་ཡིན་ཀྱང་རུང་། མི་རིགས་སུ་དང་གང་ཡིན་ཀྱང་ཆོག ཤེས་རིག་དང་ཀུན་སྤྱོད། གནས་ལུགས་དང་ལོ་རྒྱུས་ལ་གུས་བཀུར་བྱེད་མཁན་ཞིག་ཡིན་ན། ཡོན་ཏན་ཅན་དང་བྱས་རྗེས་ཅན་གྱི་སྔ་རབས་པ་དག་ལ་རྗེས་དྲན་བྱེད་པ་ནི་སྤྱི་སྲོལ་ལྟ་བུར་འདུག དེས་ན་རང་ཅག་གིས་ད་ཐེངས་ཚོགས་འདུ་འཚོགས་ནས་པཎ་ཆེན་སྐུ་འཕྲེང་བཅུ་བ་མཆོག་རྗེས་དྲན་བྱེད་པ་འདི་ཡང་ཁོང་གི་བླ་ན་མེད་པའི་ཐུགས་སྟོབས་དང་། སྐུ་ཡོན། རྒྱལ་ཁབ་ལ་བཞག་པའི་བྱས་རྗེས། ལྷག་པར་ཡང་རང་རེའི་བོད་མི་རིགས་ཀྱི་ཆོས་རིག་སྲིད་གསུམ་ལ་བཞག་པའི་བསུབ་ཏུ་མེད་པའི་མཛད་རྗེས་དེ་སེམས་ཁོང་ནས་དང་ལེན་དང་གུས་བཀུར་བྱས་པའི་རྣམ་པ་ཞིག་ཡིན། རྒྱུ་མཚན་དེས་ན་ད་ལྟ་རང་ཅག་ཀུན་གྱིས་བརྩི་དགོས་པ་ནི། ཁོང་རིན་པོ་ཆེ་ཞལ་བཞུགས་དུས་ང་ཚོར་བརྩེ་བས་གནང་བའི་ཞལ་གདམས་དྲི་མ་མེད་པ་འདི་དག་ཡིན། དེས་ན་ཞལ་གདམས་འདི་ཤེས་པས་མི་ཆོག ལག་ཏུ་ལེན་དགོས། དེས་ན་ང་ཚོ་ཆོས་ལ་དད་མི་དད་དང་། ཆོས་ལུགས་གཅིག་མི་གཅིག་དང་། གྲུབ་མཐའ་འདྲ་མི་འདྲ་ལ་ལྟོས་པ་མེད་པར། ཁོང་རིན་པོ་ཆེའི་བཀའ་དྲིན་གཟོ་བའི་ཕྱིར་དུ། རང་རིགས་ལ་གཞན་རིགས་ཀྱིས་བརྙས་བཅོས་མི་ཐེབས་པའི་ཆེད་དུ། རང་རེའི་བོད་མི་རིགས་འདི་ཡར་རྒྱས་ཡོང་བའི་ཆེད་དུ། མཐུན་སྒྲིལ་འདི་ཅིས་ཀྱང་གཙིགས་སུ་འཛིན་དགོས་ལ། མཐུན་སྒྲིལ་གྱི་རྨང་གཞི་དེའི་སྟེང་ནས་ཡར་རྒྱས་གླེང་དགོས་སྙམ།


གཉིས་པ། མི་རིགས་སློབ་གསོའི་སྐོར་ལ་གནང་བའི་བཀའ་སློབ།

    ༡༩༨༠ལོའི་ཟླ་༡༡ཚེས་༡༥ཉིན། པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་བ་མཆོག་གིས་བླ་བྲང་བཀྲ་ཤིས་འཁྱིལ་ནས་གསུང་བཤད་གནང་སྐབས། ༼གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ལ་ལས་རང་གི་འགན་ནུས་དངོས་སུ་མ་འཕུད་པར་རང་གི་བདེ་འཇགས་དང་། རང་གི་གོ་ས་འཕར་རྒྱུའི་ཆེད་དུ་ཡིན་པ་ལས། མི་རིགས་དང་མི་དམངས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་མཉམ་མི་འཇོག་པར་གོང་རིམ་ལ་ངོ་བསྟོད་དང་། དམངས་བླུན་གྱི་སྨྲ་སྒྲོས་འབྲངས་ནས་ས་ཐུག་རྡོ་ཐུག་གང་ཡིན་ཡང་རྙོག་དྲ་རྐྱང་རྐྱང་བྱས། མི་རིགས་ལས་བྱེད་པ་ནི་མེས་རྒྱལ་ལ་དགའ་བ་དང་། སྤྱི་ཚོགས་རིང་ལུགས་ལ་དགའ་བ། མི་རིགས་རང་ལ་དགའ་བ་བཅས་པའི་ཆ་རྐྱེན་འཛོམས་པ་བྱུང་ནས། རང་གི་མི་རིགས་ཀྱི་རྩིས་འདང་རྒྱུན་སྲིང་ཐུབ་དགོས། དེ་ལྟར་མ་བྱུང་ཚེ་ཁྱེད་རང་ནི་མི་རིགས་ལས་བྱེད་པ་ཡིན་ནའང་མི་རིགས་ཀྱི་རང་བཞིན་དོར་སོང་བ་རེད། དོན་དངོས་གནས་བཤད་ན། མི་རིགས་ལས་བྱེད་པའི་ནང་གི་ལ་ལ་ནི་མི་རིགས་ཀྱི་རང་བཞིན་མེད་པར་གྱུར་སྟབས། རང་རང་ལ་ཕན་ཙམ་བྱེད་རྒྱུ་ལས། རང་གི་མི་རིགས་ལ་ཕན་མི་ཕན་དེ་ཁོ་ཚོས་འདང་མི་རྒྱག རང་གི་དོན་ལ་སྲོག་བསྡོས་བྱས་ཀྱང་འགྱོད་པ་མེད། མི་རིགས་རང་ལ་འདི་འདྲའི་ལས་བྱེད་པ་ཡོད་པ་ལས་མེད་ན་བཟང་།༽ཞེས་གསུངས།

    ཡང་སྐབས་དེར། ༼མི་རིགས་ཀྱི་སློབ་གསོའི་བྱ་བ་བཟང་བོ་བསྒྲུབ་དགོས། བྱིས་པར་སློབ་གསོ་བཏང་ནས་སློབ་གྲྭར་འགྲོ་རུ་བཅུག མི་རིགས་རང་གི་རིག་གནས་དང་། ཚན་རིག་གི་ཤེས་བྱ་བསླབས་པའི་རྨང་གཞིའི་ཐོག་ད་དུང་མི་རིགས་གཞན་པའི་རིག་གནས་དང་། ཚན་རིག་ལག་རྩལ་སྐོར་གྱི་ཤེས་བྱ་རྣམས་སྦྱོང་བ་བྱ་དགོས་ཏེ། ཚན་རིག་ཤེས་བྱ་བྱང་ཆུབ་དགོས།༽ཞེས་སོགས་རྒྱས་པར་གསུངས།

    ཡང་༡༩༨༢ལོར། ཀུན་གཟིགས་བཅུ་བ་ཆེན་མོ་མཆོག་ཀན་ལྷོར་ཕེབས་ནས་ཁུལ་རིམ་པའི་ལས་བཟོ་བའི་ཚོགས་ཆེན་ཞིག་གི་སྟེང་དུ། ༼ཏང་གི་སྲིད་ཇུས་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གཏན་ལ་ཕབ་པ་ལྟར་དུ། ཀན་ལྷོ་འདི་འདྲའི་བོད་རིགས་གཙོས་པའི་མི་རིགས་མང་བོ་མཉམ་སྡོད་བྱས་པའི་མི་རིགས་རང་སྐྱོང་གི་ས་ཆ་ཞིག་ལ་མཚོན་ན། སྲིད་གཞུང་གི་ཡིག་ཆ་འགྲེམས་པ་དང་སློབ་སྦྱོང་སློབ་ཁྲིད། གསར་འགྱུར་དུས་དེབ། རྒྱང་སྒྲོག་ལ་སོགས་པའི་ཐད་དུ་བོད་ཡིག་གཙོ་བོར་བྱ་དགོས་པ་དང་། རྒྱ་ཡིག་གཅིག་ལྕོགས་སུ་སློབ་དགོས། འདི་ནི་རང་སྐྱོང་ཁེ་ཕན་གྱི་གནད་དོན་ཞིག་ཡིན་པར་མ་ཟད། མང་ཚོགས་ལ་འབྲེལ་འདྲིས་བྱེད་པ་དང་། རྒྱ་ཆེའི་མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གནད་དོན་ཞིག་ཡིན།༽ཞེས་གསུངས།

    ཡང་སྐབས་དེར།༼མི་ལ་ལས་བོད་ཡིག་ཁྲིད་ན་མདུན་ལམ་མེད། བོད་ཡིག་ཁྲིད་ན་ཟ་ཕོར་མེད་ཟེར་འདུག དེ་ནི་མི་བཞིའི་ཚོགས་ཁག་གི་སྐབས་ཀྱི་གནས་ཚུལ་རེད། མི་བཞིའི་ཚོགས་ཁག་རྡུལ་དུ་བརླགས་རྗེས་དང་ལྷག་པར་ཏང་གི་རྒྱས་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། ཏང་གི་མི་རིགས་སྲིད་ཇུས་མུ་མཐུད་དུ་དངོས་འབེབས་བྱུང་བ་དང་། ཏང་ཀྲུང་དབྱང་གི་མི་རིགས་སློབ་གསོའི་བྱ་བར་ཐུགས་ཁུར་ཆེན་པོ་གནང་གིན་ཡོད།དེ ར་བརྟེན་ང་ཚོས་འབད་བརྩོན་ཆེན་པོས་མི་རིགས་སློབ་གསོའི་བྱ་བ་ལེགས་པར་བསྒྲུབས་ཏེ། བོད་ཡིག་འཁྲིད་ན་མདུན་ལམ་མེད་ཟེར་བ་དེ་མདུན་ལམ་ཡོད་པར་བསྒྱུར་དགོས་པ་དང་། བོད་ཡིག་བསླབས་ན་ཟ་ཕོར་མེད་ཟེར་བ་དེ་ཟ་ཕོར་ཡོད་པར་བསྒྱུར་དགོས།༽ཞེས་སུངས།

    ཡང་སྐབས་དེར། ༼རྒྱ་ཆེའི་བོད་རིགས་བྱིས་པ་དང་གཞོན་ནུ་རྣམས་ཀྱིས་དོན་མེད་ཀྱི་བྱ་བར་མི་གཡེང་བར། འབད་བརྩོན་གྱིས་ཤེས་རིག་ལྡན་པ་དང་གུས་སྲོལ་ལྡན་པ། སྤྱོད་ལམ་བཟང་བ། དགེ་རྒན་དང་ཕ་མར་བརྩི་བཀུར་བྱེད་པ།་ རིག་གནས་ཚད་མཐོན་པོ་ཡོད་པའི་གཞོན་ནུ་བཟང་བོ་ཞིག་བྱས་ནས་མཐུན་སྒྲིལ་དང་འབྱོར་ཕྱུག ཤེས་རིག་ལྡན་པའི་འབྲོག་ཁུལ་གསར་བ་ཞིག་འཛུགས་བསྐྲུན་བྱེད་ཆེད་འབད་བརྩོན་བྱ་དགོས།༽ཞེས་གསུངས་སོ།།      

    དེ་ཡང་མི་རིགས་ཤིག་མ་ཉམས་པར་གནས་དགོས་ན། མི་རིགས་དེའི་སྐད་དང་ཡི་གེ བསམ་བློ་དང་གོམས་གཤིས་སོགས་ཆ་ཡོངས་ནས་རྒྱུན་འཛིན་དང་སྲུང་སྐྱོབ། གུས་བཀུར་དང་དར་སྤེལ་གཏོང་དགོས་པ་ནི་བཤད་མ་དགོས་པ་ཞིག་རེད། པཎ་ཆེན་རིན་པོ་ཆེ་ཁོང་ལ་མཚོན་ན། ཚོགས་འདུ་ཆེ་ཆུང་གང་གང་གི་སྟེང་ནས་གསུང་བཤད་ཅིག་གནང་ནའང་། དགོས་པ་ཁྱད་པར་བ་མེད་ན་བོད་སྐད་དོར་ནས་རྒྱ་སྐད་གསུངས་པ་ཐེངས་གཅིག་ཀྱང་བྱུང་མ་མྱོང་བ་ལྟ་བུ་རེད། བོད་ལྭ་ཕུད་ནས་རྒྱ་ལྭ་གྱོན་པ་གཏན་མི་སྲིད་པ་ལྟ་བུར་གནང་བའང་མི་རིགས་འདིའི་སྲོག་རྩ་ལ་ནམ་ཡིན་ཡང་ཐུགས་ཉམས་བཞེས་ནས་བཞུགས་ཡོད་པའི་རྟགས་རེད། ད་ལྟ་རང་ཅག་བོད་རིགས་ལས་བྱེད་པ་དང་། སློབ་མ། ཡང་ན་སྤྱིར་བཏང་གི་རོང་འབྲོག་མང་ཚོགས་ཤིག་ཡིན་ཡང་རུང་། རྒྱ་སྐད་ད་མ་དིག་ཙམ་ལས་བཤད་མི་ཤེས་ཀྱང་རྒྱ་སྐད་ཨེ་ཤོད་བལྟ། རྒྱ་ལྭ་གོན་ན་ཇི་འདྲ་ཞིག་མི་མཛེས་རུང་རྒྱ་ལྭ་ཞིག་ཨེ་འབྱོར་བལྟ། གལ་ཏེ་དགོས་པ་ཁྱད་པར་བ་ཡོད་ན་ནི་མི་རུང་བ་མེད་མོད། དགོས་པ་མེད་པར་མ་ཟད། དགག་བྱ་ཇི་ཙམ་ཆེ་ཡང་དེ་ལྟར་ཨེ་འཁྱོངས་བལྟ་བ་ནི། གཟི་བརྗིད་དུ་རློམ་ཡང་ཞབས་འདྲེན་ལས་མེད། དེས་ན་ང་ཚོས་པཎ་ཆེན་རིན་པོ་ཆེའི་རྣམ་ཐར་སྙིང་ནས་དྲན་པ་དངོས་གནས་ཡིན་ན། ཁོང་གི་རྗེས་སུ་སློབ་དགོས་པ་ཡིན་ནོ།།      

    ད་དུང་ཆོས་ལུགས་དང་གོམས་སྲོལ་སོགས་གཞན་དང་གཞན་གྱི་ཕྱོགས་ལའང་བཀའ་སློབ་གསེར་ནག་གི་ཐིག་པ་ལྟ་བུ་གནང་བ་མང་དུ་ཡོད་ཀྱང་མང་བས་འཇིགས་ནས་མི་བཤད་དོ།།

    གཞན་ཡང་། ད་ལྟ་རང་ཅག་གི་ཁྲོད་ན་རང་ཉིད་དཔོན་པོར་རློམ་པའམ། དགེ་རྒན་ཆེན་མོར་རློམ་པའམ། མཁས་པར་རློམ་པའམ། བླ་མ་མཐོན་པོར་རློམ་པའམ། དགེ་བཤེས་ཆེན་པོར་རློམ་པ་འགའ་ཞིག་གིས་རང་ལས་ཅུང་དམའ་བ་རྣམས་ལ་རྫིག་ཉམས་སྟོན་པའམ། ཡང་ན་གཏན་ནས་ཁ་ཡ་མི་བྱེད། འོན་ཀྱང་པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་བ་མཆོག་ནི་དེ་ལྟ་བུ་ནམ་ཡང་མི་མཛད་དེ། སྤྱི་ལོ་༡༩༨༢ལོར། ང་རང་ལོ་བཅོ་བརྒྱད་སྐབས། སྒྲ་དང་སྐར་རྩིས་སོགས་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་ལ་དོན་སྟེང་ནས་མཁས་པའི་མཁས་པ་ཆེན་པོ། ང་ལ་ཆོས་འབྱོར་གང་ཅིའི་ཐད་ནས་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་ངའི་གནས་ཀྱི་བླ་མར་གྱུར་བ་བླ་བྲང་དུས་འཁོར་བ་སྨད་སོག་བཛྲ་ཚང་། ལྷ་ས་སྨན་རྩིས་ཁང་གིས་བསྡུས་པའི་གནམ་རིག་སྐར་རྩིས་ཚོགས་འདུ་ཐེངས་གཉིས་པའི་སྟེང་གདན་འདྲེན་བྱས་པར་ལྟར་ལྷ་སར་ཕེབས་སྐབས། ང་ཡང་ཁོང་གི་ཞབས་ཞུར་སོང་བ་ཡིན། སྔོན་བསགས་བསོད་ནམས་བཟང་བོའི་མཐུ་ལས་སྐབས་དེར་ངེས་དོན་གྱི་མཁས་པ་ཆེན་པོ། སྙིགས་དུས་ཀྱི་ཐོན་མི་གཉིས་པ། བདག་གི་བླ་མ་རིན་པོ་ཆེ། མཚན་བརྗོད་པར་དཀའ་བ། དོན་གྱི་སླད་དུ་མཚན་ནས་སྨོས་ན་རྗེ་དམུ་དགེ་བསམ་གཏན་མཆོག་ཀྱང་གདན་འདྲེན་བྱས་པ་ལྟར་ཕེབས་འདུག་པར་མ་ཟད། དབྱར་ཟླ་གསུམ་གྱི་རིང་ལ་ང་ཚོ་ཁང་བ་གཅིག་ནས་བསྡད། ཟ་མ་མཉམ་དུ་ཟོས་ནས་བསྡད་པ་ཡིན། དེའི་སྐབས་དེར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་བ་མཆོག་ལྷ་སར་ཕེབས་པར་མ་ཟད། ཁོང་རིན་པོ་ཆེ་ཐོག་མར་ལྷ་ས་སྨན་རྩིས་ཁང་དུ་ཕེབས་པ་དང་མཇལ་བའི་སྐལ་བཟང་ཐོབ། དེའི་ཚེ་བོད་ཀྱི་གསོ་བྱེད་གཞུང་ལ་གཞན་དྲིང་མི་འཇོག་པའི་མཁས་པ་ཆེན་པོ་བྱམས་པ་འཕྲིན་ལས་མཆོག་གིས། དེར་ཡོད་རྣམས་རེ་རེ་བཞིན་ཁོང་ལ་མཚམས་སྦྱོར་བྱེད་ཀྱིན་འདུག ངའི་ཐད་དུ་ཕེབས་པ་ན། བྱམས་པ་འཕྲིན་ལས་མཆོག་གིས། འདི་ནི་བླ་བྲང་བཀྲ་ཤིས་འཁྱིལ་ནས་ཕེབས་པའི་གྲྭ་བ་ཚུལ་ཁྲིམས་རྒྱ་མཚོ་རེད་ཅེས་ཞུས་པར། ཀུན་གཟིགས་མཆོག་གིས་ང་ལ་ཨམ་སྐད་ཀྱིས། ཨོ། ཡ་ཁྱོད་བདེ་མོ་ཞེས་ང་ལ་ལག་འཇུ་གནང་གྲབས་མཛད། ངས་དེ་མ་ཐག་མགོ་སྒུར་ནས་མཇལ་ཁ་ཞུས་པར་ཁོང་གིས་ང་ལ་ཕྱག་དབང་གནང་སོང་། དེ་ནས་ཉིན་ཞིག རྗེ་དམུ་དགེ་རིན་པོ་ཆེ་དང་ངའི་ཨ་ཁུ་ཚང་རྣམ་པ་གཉིས་ལ་དམིགས་བསལ་གྱིས་གཟིམ་ཆུང་མཇལ་ཁ་གནང་སྐབས་ང་ཡང་ཞབས་ཞུར་འབྲངས་པས། ངེད་ཅག་དཔོན་སློབ་རྣམས་ཀྱིས་ལྷ་ལྡན་གཙུག་ལག་ཁང་གི་ཐོག་ཁའི་གཟིམ་ཆུང་ནས་ཁོང་ལ་མཇལ་ཁ་རེག པཎ་ཆེན་རིན་པོ་ཆེ་ཁོང་ཉིད་ཀྱིས་དངོས་སུ་འོ་ཇ་ཕོར་ཆུང་གི་ནང་འོ་ཇ་མངར་མོ་རེ་བླུགས་ནས་རེ་རེ་བཞིན་གནང་ཞིང་། ང་ལའང་དེ་ལྟར་ཁོང་རང་ཉིད་ཀྱི་ཕྱག་གིས་དངོས་སུ་གནང་བར་མ་ཟད། ཡཱ་འདི་བཏུང་། ཁྱོད་ལོ་ག་ཚད་ཡིན་ཞེས་དྲི་བ་གནང་། ངས་ང་ལོ་བཅོ་བརྒྱད་ཡིན་ལགས་ཞེས་ཞུས་པར། ཁོང་གིས་ང་ལ་ཁྱོད་ཀྱིས་དབུས་སྐད་ཨེ་གོ མི་གོ་ན་ངས་ཨམ་སྐད་ཀྱང་རྒྱག་ཤེས་གསུངས། ངས་གོ་ལགས་ཞེས་ཞུས། སྐབས་དེར་ངའི་སྣང་བ་ལ། ཁོང་གི་སྐུ་རི་རབ་ལྟར་བརྗིད་ཅིང་། གསུང་སྐད་ནི་འབྲུག་སྒྲ་ལྟ་བུ་ཡ་མཚན་པ་ཞིག་འདུག་པས། ཁང་བ་དང་མཐིལ་ཤིང་སོགས་ཚང་མ་འདར་སོང་སྙམ་པ་ཞིག་བྱུང་། དེ་ནས་ཡང་ཁོང་གིས་ང་ལ། ཁྱོད་འདི་འདྲའི་ལོ་ན་ཆུང་བ་ནས་བཟུང་མཁས་པ་འདི་འདྲའི་ཡ་མཚན་པ་དག་གི་གམ་ན་ཡོད་པས། ཆོས་དང་རིག་གནས་ཡག་པོ་སྦྱོངས་ཨཱ། རྗེས་ནས་བོད་མི་རིགས་དང་སངས་རྒྱས་ཀྱི་བསྟན་པའི་དོན་ཡག་པོ་སྒྲུབས། པེ་ཅིན་ལ་ཡོང་ན་ངའི་ནང་ལ་ཕེབས་ཤོག་ཨཱ་གསུངས།     

    སྤྱིར་བཏང་བཤད་ན། ང་ནི་ཆེས་ཕལ་བའི་ནང་གི་ཕལ་བ་ཞིག་གམ། གྲྭ་རྐྱང་དཀྱུས་མ་ཞིག་ཡིན་པར་མ་ཟད། ལོ་ན་ཡང་ཧ་ཅང་ཆུང་བ་ལོ་བཅོ་བརྒྱད་ཙམ་ཡིན་པས། བསྟན་འགྲོའི་ཁུར་ཆེན་གྱིས་ཆེས་ཆེར་བྲེལ་བའི་དེ་འདྲའི་བླ་མ་ཆེན་པོ་ཞིག་གིས་གསུང་གླེང་དེ་འདྲ་མང་བོ་གནང་ཡུལ་དུ་ག་ལ་འགྱུར།   

    དེས་ན་ངས་ང་རང་གི་མི་ཚེའི་་འགྱུར་ལྡོག་བྱུང་ཚུལ་་གྱི་བརྒྱུད་རིམ་དེ་དང་འབྲེལ་བར་ཕྱིར་དྲན་བྱས་ན། ངའི་འཚོ་བའི་ཁྲོད་ནས་དངོས་སུ་མཐོང་ཞིང་། ངའི་སེམས་ཁོང་ནས་ནམ་ཡང་བརྗེད་མི་སྲིད་པའི་པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་བ་ཆེན་མོ་མཆོག་ནི། ནམ་ཡིན་ཡང་ཐུགས་ན་བོད་མི་རིགས་ཀྱི་དར་རྒུད། སངས་རྒྱས་ཀྱི་བསྟན་པའི་འཕེལ་འགྲིབ་མ་གཏོགས་མེད་ལ། དུས་དང་རྣམ་པ་ཐམས་ཅད་དུ་དེའི་ཆེད་དུ་བྲེལ་བའི་སྐྱེས་ཆེན་ཏེ། ཁོང་དྲན་ན་ནམ་ཡིན་ཡང་སེམས་གཏིང་ནས། ཨེ་མ། རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཟེར་བ་དེ་དངོས་གནས་འདི་འདྲ་ཞིག་ཡིན་རྒྱུ་རེད་སྙམ་པ་འཆར་བ་ཞིག་འདུག་གོ།


༼འདི་ནི་སེམས་ནས་བཤད་བསམ་ཡོད་ཀྱང་སྐར་ཉི་ཤུའི་རིང་ལ་བཤད་མ་ཚར་བ་རྣམས་ཡི་གེར་བཀོད་པའོ།།༽

རྩོམ་ཡིག་མཁོ་སྤྲོད་པ། བྱམས་པ་དོན་གྲུབ། གསར་འགོད་པ།  སྨར་ཁམས་མཁའ་འགྲོ་རྒྱལ།



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 85wb བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23503899
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།