སྙན་ངག་ཚན་པ་འགའ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »སྙན་ངག་ཚན་པ་འགའ།
སྙན་ངག་ཚན་པ་འགའ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2021-01-05ལྟ་ཀློག (2847)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

༄༅།། བདག་གི་ཚ་མོ་བདེ་སྐྱིད་གཡང་སྒྲོན་གྱི་སྐྱེས་སྐར་ལ་བྲིས་པའི་ཤིས་ཚིག་གཡང་གི་རང་སྒྲ།

 

བཛྲ་ཚུལ་ཁྲིམས་རྒྱ་མཚོ།


གཉེན་ཉེ་གྲོགས་ལ་དུང་ཞིང་ཕྱི་ཐག་རིང་།།

རྒྱ་ཡན་མི་གཏོང་རང་འགྲིག་རང་གིས་སྡོམ།།

ཁྲེལ་དང་ངོ་ཚ་ཤེས་པའི་ཚ་ཆུང་མ།།

བདེ་སྐྱིད་གཡང་སྒྲོན་གཡང་གིས་བསྲུང་བར་ཤོག།

 

ཁྱོད་ཀྱི་སྐྱེས་སྐར་བསུ་བའི་ལེགས་སྐྱེས་སུ།།

ཞང་བོས་ཞིང་གི་མཆོག་ལ་སྐྱབས་འཇུག་ཞུ།།

བླ་མ་ཡི་དམ་དཀོན་མཆོག་རྣམ་གསུམ་གྱིས།།

ཁྱོད་སྙིང་བྱིན་རླབས་འོ་མཚོར་བསྐྱིལ་བར་ཤོག།

 

ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས།།

མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ།།

དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླས།།

བསྲུང་ཞིང་ནམ་ཡང་ན་བ་མེད་པར་ཤོག།

 

ཚེ་དཔག་མེད་མགོན་རྣམ་པར་རྒྱལ་མ་དང་།།

རྒྱལ་ཡུམ་སྒྲོལ་མ་དཀར་མོ་ལ་སོགས་པའི།།

ཚེ་ལ་དབང་བའི་ལྷ་ཚོགས་རྣམས་ཀྱི་མཐུས།།

ཚེ་བསོད་ཀླུང་རྟ་དར་ཞིང་སྐྱིད་པར་ཤོག།

 

མདོར་ན་ལུས་བདེ་སེམས་སྐྱིད་བར་ཆད་མེད།།

ཕ་མ་གཉེན་ཉེ་གཟའ་ཚང་མགོ་ལུས་འཛོམས།།

ཅི་བསམ་ལྷུན་གྲུབ་འཆམ་མཐུན་གཡང་གི་དཔལ།།

ཅི་དགར་རོལ་བའི་བསོད་ནམས་ཐོབ་པར་ཤོག།

ཅེས་ཞང་བོ་བཛྲ་ཚུལ་ཁྲིམས་རྒྱ་མཚོས་མདོ་སྨད་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་ནས་བྲིས་ཏེ་སྤྲིང་བའོ།།


༄༅།། རང་ཉིད་ངོ་ཤེས་རྒྱུ་ཅི་ནས་ཀྱང་གལ་ཆེ།

 

བཛྲ་ཚུལ་ཁྲིམས་རྒྱ་མཚོ།


གཞན་གྱིས་རང་ལ་འུད་བསྟོད་བྱེད་པའི་ཚེ།།

རང་རྒྱུད་རང་གིས་ཤེས་པ་ཤིན་ཏུ་གལ།།

ཡོན་ཏན་མེད་ན་སྟོང་སྐད་འབྲུག་གི་སྒྲ།།

ལས་དང་བསོད་ནམས་སྤྲིན་ཕུང་ཡལ་བའི་རྒྱུ།།

 

གཞན་གྱིས་རང་ཉིད་ཁྲི་ལ་བཀུར་བའི་ཚེ།།

རང་རྒྱུད་ཁྲིམས་ཀྱིས་བསྣུམ་མིན་བརྟག་པ་གལ།།

རྣམ་དག་ཚུལ་ཁྲིམས་མི་ལྡན་རིན་ཆེན་ཁྲིར།།

འགྱིང་ལ་བྲེལ་བ་མི་བཟད་དམྱལ་བའི་རྒྱུ།།

 

གཞན་གྱིས་རང་གི་རྐང་བར་ཕྱག་འཚལ་ཚེ།།

རང་རྒྱུད་ལུང་རྟོགས་ཡོན་ཏན་ལྡན་མིན་བརྟག།

གང་ཡང་མེད་ན་ཕོད་པ་ཆེ་ཙམ་གྱིས།།

རང་ཉིད་བྱིན་རླབས་གཏེར་དུ་ག་ལ་འགྱུར།།

 

ད་ལྟ་ཆེ་བར་གྲགས་པ་མང་བོ་ཞིག།

ཉེ་བར་བཅར་ན་མི་གཞི་ཆེས་ཞན་ཡང་།།

ཚུལ་དང་ཚུལ་མིན་མི་ཤེས་བླུན་པོ་འགས།།

བསྟད་ནས་དགུང་ལ་ཁྱེར་བ་ལྷུང་ཉེན་ཡོད།།

 

མཁས་པ་ཡིན་ན་ལས་འབྲས་ཤེས་དགོས་བསམ།།

མཐོན་པོ་ཡིན་ན་ཉམས་རྟོགས་མཐོ་དགོས་སྙམ།།

གུས་བཀུར་འོས་ན་རང་རྒྱུད་གཙང་དགོས་བསམ།།

དེ་དག་མེད་ན་མཐོན་པོ་ཁོག་སྟོང་རེད།།

 

འདི་ལྟར་གཞན་གྱིས་སྨད་ན་མི་དགའ་རུང་།།

དོན་ལ་དེ་ལྟར་ཡིན་མིན་རང་གིས་བརྟག།

བདེན་ན་བདེན་དོན་སྙིང་ལ་ཉར་ཐུབ་ན།།

རང་རྒྱུད་ཐུབ་པ་ཆེན་པོའི་གོ་འཕང་ཐོབ།།



 ༄༅།། ངའི་སེམས་གཏིང་གི་སྨོན་པ་འཆོར་ས།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

 

ཤེས་ཡོན་ཤེས་ཡོན་ཟེར་བ་མང་མོད་ཀྱང་།།

ཤེས་ཡོན་ལ་ལ་གཞན་ལ་གནོད་བྱེད་ཡིན།།

ཤེས་ཡོན་ལ་ལ་རང་ཉིད་ཕུང་བྱེད་ཡིན།།

ཤེས་ཡོན་འགྲོ་ལ་ཕན་བྱེད་ཤིན་ཏུ་དཀོན།།

 

དེ་ཕྱིར་གང་བཟང་གང་གནོད་དཔྱད་ནས་ནི།།

རང་ཉིད་མི་ཕུང་གཞན་ལའང་མི་གནོད་པའི།།

ཤེས་ཡོན་གལ་ཆེ་གལ་ཏེ་འགྲོ་ཀུན་ལ།།

ཕན་བྱེད་ཤེས་ཡོན་སྦྱང་ན་དམ་པར་འགྱུར།།

 

གྲོགས་པོ་གྲོགས་པོ་ཟེར་བ་མང་མོད་ཀྱང་།།

གྲོགས་པོ་ལ་ལ་བཟའ་བཏུང་མོད་ན་འཁོར།།

གྲོགས་པོ་ལ་ལ་ཁེ་ཕན་མཐོང་ན་འཁོར།།

གྲོགས་པོ་ཉམ་ཉེས་བྱུང་ན་འཁོར་མཁན་ཉུང་།།

 

དེ་ཕྱིར་གང་བཟང་གང་ངན་ཤེས་ནས་ནི།།

གང་ཞིག་ཉེ་ན་རྣམ་དཀར་ཡོན་ཏན་ཀུན།།

འགྲིབ་བྱེད་གྲོགས་ངན་སྤངས་ནས་གྲོགས་བཟང་བོ།།

བསྟེན་ཚུལ་ཤེས་ན་རང་ཡང་བཟང་བོར་འགྱུར།།

 

མཁས་པ་མཁས་པ་ཟེར་བ་མང་མོད་ཀྱང་།།

མཁས་པ་ལ་ལས་གཞན་སྐྱོན་ཁོ་ན་རིག།

མཁས་པ་ལ་ལ་གཞུང་ལུགས་འཆད་ཤེས་ཙམ།།

མཁས་པ་རང་སྐྱོན་རིག་པ་ཤིན་ཏུ་ཉུང་།།

 

དེ་ཕྱིར་གཞུང་མང་འཆད་ལ་མཁས་ཙམ་དང་།།

གཞན་སྐྱོན་གླེང་ལ་དཔའ་བ་ཙམ་གྱིས་ནི།།

མཁས་པའི་མིང་སྟོང་ཙམ་ལས་དོན་མེད་པར།།

ཇི་བཞིན་ཤེས་ནས་སྒྲུབ་མཁས་མཁས་པའི་ཕུལ།།

རྩོམ་ཡིག་མཁོ་སྤྲོད་པ།  བྱམས་པ་དོན་གྲུབ།  གསར་འགོད་པ།  སྨར་ཁམས་མཁའ་འགྲོ་རྒྱལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། he6k བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  སྙན་ངག་ཚན་པ་འགའ།   སྤེལ་མཁན།: དྷཱི་ཡིག སྤེལ་དུས:2021/1/11
རྗེས་སུ་ཡི་རང་།🙏🌎🙏🌎🙏🌎
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23540777
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།