གླེང་བརྗོད་ལྷ་ཡི་ཚངས་ཐིག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »གླེང་བརྗོད་ལྷ་ཡི་ཚངས་ཐིག
གླེང་བརྗོད་ལྷ་ཡི་ཚངས་ཐིག
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2020-12-30ལྟ་ཀློག (2079)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གླེང་བརྗོད་ལྷ་ཡི་ཚངས་ཐིག

བཛྲ་ཚུལ་ཁྲིམས་རྒྱ་མཚོས།

    གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་དགུ་བའི་མཐར་ཕིན་ཕྱིན་འཛིན་གྲྭའི་ཆེད་དེབ༼ལྷག་བསམ་གྱི་གླིང་ཀ༽ཞེས་པའི་སྔོན་འགྲོའི་གཏམ། 

བསིལ་ལྡན་གངས་རིའི་མཚན་སྙན་འདི་ཡིས།།

གྲངས་མེད་སྐྱེ་འགྲོའི་རྣ་དབང་གསོ་ཞིང་།།

གདོང་དམར་བོད་པའི་ངོ་མཚར་དེ་ཡིས།།

མཐའ་ཀླས་སྐྱེ་རྒུའི་ཡིད་དབང་འཕྲོག་གོ།

    ཅིའི་ཕྱིར་ཡིན། ཚན་རིག་གི་འོད་སྣང་ཉམས་ཕྲ་ཞིང་། དཔལ་འབྱོར་གྱི་ནགས་ཀློང་མཐའ་ཆུང་བའི་མི་རིགས་ཤིག་ལ། སྟེང་འཆི་མེད་ལྷ་ཡིས་བསྟོད་བསྔགས་གནང་ཞིང་། འོག་གདེངས་ཅན་ཀླུ་ཡིས་སྨོན་པ་བྱེད། འདི་ལ་དྲི་མེད་ཤེལ་དཀར་ཞུན་མའི་གངས་རིས་བསྐོར་ཞིང་། དྭངས་གསལ་ཆུ་ཀླུང་སྟོང་གི་འགོ་ཁུངས་མངའ་བས་ཡིན་ནམ། འོན་ཏེ་ས་སྟེང་ནགས་ཚལ་སྟུག་པོས་ཐང་ཆེན་གཡོགས་ཤིང་། ས་འོག་གཏེར་མཛོད་མང་བོས་ཀླུ་ཡུལ་ཕམ་པས་ཡིན། ཡང་ན་དཔའ་མཛངས་སྙིང་སྟོབས་ལྡན་ཞིང་། བློ་དཀར་གཞུང་རྒྱུད་དྲང་བའི་མི་རིགས་ཏེ། ཕ་རྒྱུད་སྤྲེའུའི་རིགས་ལས་བྱུང་བའི་བོད་མི་རིགས་འདི་ཉིད་གནས་པས་ཡིན། ངས་བལྟས་ན་འདི་དག་ནི་གཞན་ལས་ཁྱད་པར་དུ་འཕགས་པར་འཇོག་བྱེད་ཀྱི་གཙོ་བོ་མ་ཡིན་སྙམ། འོ་ན་འཕགས་ཆོས་ཀུན་གྱི་གཙོ་བོ། ཡིད་དབང་འགུགས་པའི་གསང་འཕྲུལ་དེ་གང་ཡིན་ཞེ་ན། བོད་རང་གི་ཐུན་མོང་མ་ཡིན་པའི་བཅུ་ཕྲག་རིག་པའི་གཞུང་ལུགས། དེ་ལས་ཀྱང་དུག་གསུམ་ནད་ཀྱི་བཙན་རྫོང་རྨེག་མེད་དུ་གཞོམ་པའི་ནང་རིག་འཕྲུལ་གྱི་འབར་མདེལ། སྡུག་བསྔལ་ཚ་གདུང་དྲག་པོ་ལྷག་མེད་དུ་གཞིལ་བའི་དམ་ཆོས་བདུད་རྩིའི་ཆབ་རྒྱུན་འདི་ཉིད་ལྡན་པ་འབའ་ཞིག་གི་དྲིན་དུ་འཁུམས་སོ།།

    ཡིན་ན་ཡང་ཇི་སྐད་དུ།

ཕྱོགས་ལྷུང་འཁྱོག་པོའི་ཡིད་ལྡན་དག།

ཇི་སྲིད་རང་དང་མ་མཐུན་པ།།

དེ་སྲིད་དྲང་སྲོང་མཆོག་ཉིད་ཀྱི།།

གསུང་ལའང་མོས་པའི་སྐབས་མ་མཆིས།།

ཞེས་གསུངས་པ་ལྟར་ཕྲག་དོག་དང་ཕྱོགས་ལྷུང་ངན་པའི་དུག་ཆུ་ནག་པོས་སེམས་རྒྱུད་ཀུན་ནས་མྱོས་པའི་མཁས་རློམ་ཀླད་མེད་འགའ་རེས། རང་ཉིད་བླུན་པོ་ཡིན་པའི་བླུན་སྐྱོན་ནང་རིག་ལ་འགེལ་ཞིང་། རང་ལ་འཇོན་ཐང་མེད་པའི་ངན་ཁག་ཡོད་ཚད་སྲོལ་རྒྱུན་ལ་དཀྲི་བར་བྱེད་པ་ནི་མ་རིག་རྨོངས་མུན་བཙན་པོའི་དབང་འོག་ཏུ་ཚུད་པའི་ཆོས་ཉིད་ཡིན་པས་ལྷག་པར་ཡ་མཚར་རྒྱུ་མེད་དེ། 

    ཇི་སྐད་དུ། 

གང་དག་ཕྲག་དོག་དུག་ཆུས་མིག་ལོང་ཞིང་།།

སྙིང་ནི་ཞེ་སྡང་གདུག་པའི་སྦྲུལ་གྱི་ཚང་།།

ཡིད་ལ་འཁྲུལ་བའི་དཀྱིལ་འཁོར་ཡོངས་རྫོགས་པ།།

འདི་ཡིས་མི་འཛིན་ལོག་པའི་གཞུང་ལུགས་གང་།།

བ་ལང་ཁྱུ་ཡི་འཁོར་གྱིས་ཁེངས་ལྡན་པ།།

མཁས་པའི་མདུན་སར་ངོ་ཚ་ཡོངས་བོར་ཏེ།།

འབྲེལ་མེད་བྱུང་རྒྱལ་མུ་ཅོར་ལྷུན་ལེན་པ།།

འདི་ཡིས་མི་སྨྲ་ལོག་པའི་གཏམ་ནི་ཅི།།

ཞེས་གསུངས་པ་ཉིད་ལས་མ་འདས་པའི་ཕྱིར་རོ།། དེས་ན་སློབ་དཔོན་བདེ་བྱེད་བདག་པོས། 

བདག་ནི་སངས་རྒྱས་ཕྱོགས་མི་འཛིན།།

སེར་སྐྱ་སོགས་ལ་མི་སྡང་ཡང་།།

གང་ཞིག་རིག་པར་ལྡན་པའི་ཚིག།

དེ་ཉིད་སྟོན་པར་ཡོངས་སུ་འཛིན།།

ཞེས་གསུངས་པ་ལྟར་ཕྱོགས་ལྷུང་དང་ཕྲག་དོག་གི་རབ་རིབ་བསལ། ལོ་རྒྱུས་དང་རིག་གཞུང་གི་འཇིངས་པ་བརྒལ། རྟོག་དཔྱོད་དང་ཞིབ་འཇུག་གི་རིམ་པ་བརྒྱུད། ཕྱི་ནང་གི་མཁས་པའི་གསུང་ཚུལ་བསྡུར། གནའ་དེང་གི་མཁས་པའི་རྗེས་སུ་འབྲངས་ནས་རང་ཅག་ཁ་བ་རི་བོའི་ལོ་རྒྱུས་བཤུལ་ལམ་རིང་མོར་ཕྱི་མིག་བལྟས་ན་རིག་རྒྱུ་མཐོང་རྒྱུ་མང་སྟེ། ཚང་ཚིང་གི་ནགས་ཁྲོད་དུ་ཞིམ་མངར་གྱི་ཤིང་ཏོག་སྤྱོད་པའི་སྤྲེལ་ཚོགས། གངས་དཀར་གྱི་གཟི་མདངས་རྒྱས་ཀྱང་སེམས་རྒྱུད་ལ་སྨག་གིས་ཁྱབ་པའི་གདོད་མ། རྒྱལ་བློན་གྱི་ཐུགས་རྗེ་བསིལ་བས་འཁོར་འབངས་ཀྱི་ཚ་གདུང་བཅིལ་བའི་བདེ་སྐྱིད། ངོ་མཚར་གྱི་ལྷག་བསམ་རྫོགས་པས་ཡིག་རིགས་ཀྱི་ཉི་འོད་གསལ་བའི་གཏམ་རྒྱུད། ཕྱིས་འབྱུང་གི་གདུལ་བྱའི་དོན་དུ་བཀའ་བསྟན་གྱི་གླེགས་བམ་བརྩེགས་པའི་མཛད་རྗེས་སོགས་རྨད་བྱུང་ངོ་མཚར་འབུམ་ཕྲག་གི་དྲི་བསུང་ཕྱོགས་བརྒྱར་འཐུལ་བའི་སྐྱེད་ཚལ་ཉམས་དགའ། རང་རང་གི་གོ་སའི་དོན་དུ་ནང་འཁྲུག་གི་ཁྲག་མཚོ་བསྐྱིལ་བའི་གཤོང་བུ། སྟོབས་རྩལ་གྱི་ཁེངས་པ་དྲག་པོས་གཞན་སྡེ་ལ་ཐུབ་ཆོས་བརྩམས་པའི་དམག་འཁྲུག རང་ཡུལ་གྱི་ཕ་ས་ཤོར་ཏེ་དབྱིན་ཇི་ཡི་བརྙས་བཅོས་མྱོང་བའི་ངོ་ཚ་སོགས་ཉམས་རྒུད་ཀྱི་ཤུགས་རིང་འབྱིན་པའི་མྱ་ངམ་ཐང་ཆེན་སོགས་ཅི་ཡང་སྣང་བས་འཕེལ་འགྲིབ་སྲང་གི་འདེགས་འཇོག་མང་དུ་མཆིས་མོད། འོན་ཀྱང་དེ་དག་ཡོད་ཚད་ལོ་རྒྱུས་ཀྱི་ངོ་བོར་འདས་ཟིན་པས་བཟང་ངན་གང་ཡིན་ཡང་ཕྱིར་ལེན་ཐབས་མེད་པས་དེ་ཁོ་ན་གླེང་བཞིན་བསྡད་ན་ཕན་ཐོགས་ཅི་ཡང་མེད་མོད། འོན་ཀྱང་ད་ལྟ་ཡང་འཛམ་གླིང་མི་རིགས་ཁྲི་ཕྲག་མང་བོའི་ཁྲོད་ནས་ང་རང་བོད་པ་ཡིན་ཞེས་མགོ་བོ་མཐོན་པོར་བཏེགས་ནས་སྨྲ་ཆོག་ཆོག་ཡིན་ཞིང་། མི་རིགས་སྟོང་ཕྲག་དུ་མའི་ནང་ནས་ངའོ་སྙམ་པའི་ང་རྒྱལ་གྱིས་འགྱིང་ཆོག་ཆོག་འདི་ནི་སྔོན་བྱོན་ལོ་པཎ་དག་གི་སྐུ་དྲིན་ཡིན། ཆོས་དང་རིག་གནས་འདིའི་གཟི་བྱིན་ཡིན་པ་སུ་ཡིས་བསུབ། དེའི་ཕྱིར་སྔོན་བྱོན་མེས་པོ་དག་གིས་མ་བྱུང་བ་གང་ཡང་མེད་པས་དེ་དག་གི་རྗེས་ཤུལ་ལ་དགག་ཚིག་གི་ཕྱགས་མ་གཡུགས་དགོས་དོན་གང་ཡང་མ་མཆིས་སྙམ། དེས་ན་བདག་གིས་བཤད་འདོད་པ་ནི་སྔོན་རབས་མེས་པོའི་ཕྱག་རྗེས་བླ་ན་མེད་པ་འདི་མི་ཉམས་གོང་འཕེལ་དུ་བཏང་སྟེ་རྒྱུན་འཛིན་བྱེད་པ་དང་ཆགས་གཅིག་དེང་རབས་ཚན་རིག་གིས་མཚོན་པའི་གསར་བྱུང་རིག་གནས་སྣ་ཚོགས་ཀྱིས་ཁ་སྣོན་བྱས་ཏེ་ང་ཚོའི་བོད་མི་རིགས་འདི་བསམ་འབྱོར་གཉིས་ཀའི་ཆ་ནས་སྔོན་ཐོན་ཅན་ཞིག་ཏུ་གཏོང་རྒྱུ་ནི་འུ་ཅག་གི་ཕྲག་ཏུ་བབས་པའི་འོས་འགན་རེད་ཅེས་སྙིང་གཏམ་འདི་ཉིད་ཡིན། 

    ད་ལྟ་རང་ཅག་བོད་རིགས་ལས་བྱེད་པ་དང་སློབ་མ་ལ་ལས། ནང་བསམ་པའི་དཔལ་ཡོན་ནི་དེ་འདྲའི་གལ་མི་ཆེ་ཡི། གཙོ་བོ་ཕྱིའི་འབྱོར་བ་ཡར་རྒྱས་ལ་འགྲོ་རྒྱུ་གལ་ཆེ་ཞེས་ཟེར་བ་ནི་གཙོ་ཕལ་གོ་ལྡོག་ཅིང་བསམ་གཞིགས་ཞིབ་མོ་མ་གནང་བའམ་གནང་ཡང་མ་ཤེས་པ་ཁོ་ན་ཡིན་ཏེ། ནང་བསམ་པའི་དཔལ་ཡོན་ཟེར་ཡང་ཆོག ཕྱིའི་འབྱོར་བའི་འཕེལ་རྒྱས་ཞེས་ཀྱང་རུང་། མཐར་གཏུགས་ན་བདེ་སྐྱིད་ངོ་མ་ཞིག་ཐོབ་ཆེད་ཡིན་པ་གཏན་ཚིགས་ཀྱིས་སྒྲུབ་དགོས་དོན་མི་འདུག་སྙམ། གལ་ཏེ་ཕྱིའི་འབྱོར་བ་ཁོ་ནས་བདེ་སྐྱིད་ངོ་མ་ཞིག་བསྐྲུན་ཐུབ་ན། འབྱོར་བའི་ཆུ་ཚད་ཆེས་མཐོ་བའི་ཨ་རི་དང་གཞན་གྲོང་ཁྱེར་ཆེན་མོ་དག་ན་ལྷའི་འབྱོར་བ་ལྟ་བུ་ལ་ལོངས་སྤྱོད་པའི་ཕྱུག་བདག་ཚོ་ཅིའི་ཕྱིར་མི་སྐྱིད། ཁོ་ཚོ་ནི་ཕལ་ཆེར་ཟས་རང་གྲུབ་དང་གོས་རང་གྲུབ་ལྟ་བུ་ཟེར་ཡང་འུད་ཆེན་པོར་མ་སོང་སྙམ་པ་ལྟ་བུའི་ཚན་རིག་ལག་རྩལ་གྱིས་བསྩལ་བའི་ཆེས་མཐོའི་འཚོ་བར་ལོངས་སྤྱོད་པ་ནི་དཔེར་ན། རང་འགུལ་གྱོན་གོས་འཁྲུད་ཆས་དང་ཆེས་གསར་བྱུང་གི་ལག་རྩལ་གྱིས་བསྡེབ་པའི་འདག་ཕྱེ་དྲི་ཞིམ་ལ་བརྟེན་ནས་གཙང་ཞིང་དྲི་ཞིམ་འཐུལ་བའི་གོས་བཟང་ཉིན་བཞིན་གྱོན་ཐུབ་པར་མ་ཟད། གལ་ཏེ་རང་ཉིད་ཅུང་ཟད་ཙམ་ཡང་འགུལ་མི་འདོད་ན་ཁ་པར་ཐེངས་གཅིག་གིས། གོས་འཁྲུ་ལས་ཁུངས་ནས་མཛེས་ཤིང་ཡིད་དུ་འོངས་པའི་བུ་མོ་གཞོན་ནུ་མ་དག་མངགས་ཏེ་བཞིན་འཛུམ་དམུལ་ལེར་ང་ལ་ཞབས་ཞུ་བསྒྲུབ་པའི་གོ་སྐབས་གནང་བ་ཐུགས་རྗེ་ཆེ་ཞེས་གུས་འདུད་དང་བཅས་ཏེ་ཞབས་ཞུ་བསྒྲུབ། འགྲིམ་འགྲུལ་སྟབས་བདེར་གྱུར་བས་གནའ་སྔ་མོར་རྟ་རྒྱབ་ནས་ཟླ་བ་ནས་ཟླ་བར་བགྲོད་དགོས་པའི་ལམ་ཐག་རིང་བོའི་ཡུལ་དག་ཀྱང་ད་སྐབས་གཉིད་ཐུན་གཅིག་གིས་བགྲོད་ཐུབ་པར་མ་ཟད། གློག་རྡུལ་ཡིག་ཆས་དང་དྲ་ཚིགས་ཁ་པར་ལ་བརྟེན་ནས་འགྲོ་གྲོན་ཉུང་ཟད་ཅིག་གིས་གོ་ལ་ཆེན་པོའི་ཤར་ནུབ་ཏུ་གྱེས་པའི་གཉེན་ཉེ་གྲོགས་མཆེད་དག་གིས་དུང་བའི་སྙིང་གཏམ་གླེང་ཆོག་མོད། འོན་ཀྱང་

འདོད་ཡོན་སྤྱད་པས་མི་ངོམས་ཏེ།།

རྒྱལ་བོའི་བང་མཛོད་ནོར་གྱིས་མིན།།

ཞེས་པ་ཇི་འདྲའི་བདེན་པ་ལ་ཨང་། ཁོ་ཚོ་ནམ་ཡང་ཡིད་ཚིམས་པ་མེད་པར་ད་དུང་འདི་ལས་ལྷག་པའི་མཁོ་ཆས་ཤིག་ཡོད་ན་སྙམ་པའི་འདོད་སྲེད་ཀྱི་མེ་ལྕེ་བཅིལ་མི་སྲིད་པར་གནས་པ་ཤེས་ཐུབ་བོ།། 

    ད་དུང་དེའི་མི་ཚད་འཛམ་གླིང་རང་བཞིན་ཅན་དུ་གྱུར་བའི་འཇིགས་སྐྲག་དང་མྱ་ངན་གྱིས་རྟག་ཏུ་གཙེ་བར་་བྱེད་དེ། ཆུ་དང་ཟས་རིགས་ཡོད་ཚད་རྫས་འགྱུར་གྱིས་ལྷད་པས་འཚོ་བྱེད་མ་ལུས་འཆི་རྐྱེན་དུ་གྱུར་བའི་སྡུག་བསྔལ། ལག་རྩལ་དང་འབྱོར་བ་ཆེ་ཡང་བསམ་པ་མ་རུང་བས་འཇིགས་སྐུལ་སྣ་ཚོགས་ཀྱི་སྡུག་བསྔལ། སྐུ་འཕྲོག་བཅོམ་གསུམ། ཁྱོད་ཤི་ང་གསོན། བདག་རྒྱལ་གཞན་ཕམ་སོགས་མདོར་ན།

འཁོར་བ་ཁབ་ཀྱི་རྩེ་མོ་ན།།

བདེ་བ་སྐད་ཅིག་ཙམ་ཡང་མེད།།

ཅེས་པ་དངོས་གནས་རེད་སྙམ་དུ་འཇུག་པའི་སྐྱོ་སྣང་དང་མྱ་ངན་སྣ་ཚོགས་འབྲལ་མི་ཐུབ་པ་འདི་ཕྱིའི་འབྱོར་བ་ཁོ་ན་མཆོག་ཏུ་བཟུང་ནས་དེ་ཁོ་ན་ཁྱབ་སྤེལ་བཏང་བའི་མཇུག་འབྲས་ཡིན་པ་ང་ཚོས་གསལ་བོར་ཤེས་དགོས། དེས་ན་བསམ་པ་གཙོ་བོ་དང་འབྱོར་བ་ཕལ་བར་བཞག་སྟེ་བསམ་འབྱོར་གཉིས་ཆར་ཡར་རྒྱས་གཏོང་བའི་སློབ་གསོ་ནི་ཤིན་ཏུ་གལ་ཆེ་ཞིང་གནད་ཕིགས་པའི་བྱེད་ཐབས་དམ་པ་ཉིད་དུ་ཤེས་དགོས་ལ་ཤེས་ཟིན་པའི་ན་གཞོན་མི་ཉུང་བ་ཞིག་བྱུང་དང་འབྱུང་མུས་སུ་མཆིས། དེས་ན་དེ་རིང་ཡང་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་སྐབས་དགུ་བའི་མཐར་ཕྱིན་སློབ་མ་རྣམས་ཀྱིས་ཀྱང་དེ་ལྟ་བུའི་སློབ་གསོའི་ཁ་ཕྱོགས་དེ་གཞིར་བཟུང་ནས་བརྟན་གཡོ་མ་ལུས་པའི་བདེ་འཇགས་དང་དེ་ལས་ཀྱང་མིའི་རིགས་ཡོངས་ཀྱི་ཞི་བདེ། ནང་སྒོས་བོད་མི་ཡོངས་ཀྱི་བདེ་སྡུག་ལ་བསམ་གཞིགས་བཏང་ཞིང་ལྷག་བསམ་དཀར་བའི་རང་མདངས་ཡིག་གཟུགས་སུ་ཤར་བ།༼ལྷག་བསམ་གྱི་གླིང་ཀ༽ཞེས་པའི་རྩོམ་དེབ་འདི་ཉིད་འཁྲུངས་པ་རེད་ལགས། འདིའི་ནང་ན་སྐྱེ་ཁམས་བདེ་སྙོམས་བྱེད་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར། སེམས་ཁམས་ཞི་བདེར་འགོད་པའི་ནང་རིག་ལྟ་སྤྱོད་ཀྱི་སྐོར། ཚེ་སྲོག་གཟི་མདངས་བསྐྱེད་པའི་མི་ཚེའི་རིན་ཐང་སྐོར། མི་རིགས་ཡར་རྒྱས་གཏོང་བྱེད་སློབ་གསོའི་ཁ་ཕྱོགས་སྐོར། རང་རིགས་བྱུང་བ་ཤེས་བྱེད་སྔོན་བྱུང་ལོ་རྒྱུས་ཀྱི་སྐོར། དོན་མཐུན་འཚོ་བ་གསལ་བྱེད་ཡང་དག་འཚོ་སྡོད་ཀྱི་སྐོར། ཀུན་སྤྱོད་བསམ་བློ་གསལ་བྱེད་སྤྱི་ཚོགས་གླེང་བརྗོད་ཀྱི་སྐོར། འབྱུང་གཞིའི་འདུ་བ་སྙོམས་བྱེད་གསོ་རིག་གཞན་ཕན་གྱི་སྐོར་སོགས་ཡོད་པར་མ་ཟད། གཞན་ཡང་གླུ་གར་རོལ་མོའི་ཐད་ཀྱི་བསམ་ཚུལ། སྐད་ཡིག་རྩོམ་རིག་ཕྱོགས་ཀྱི་ལྟ་ཚུལ་སོགས་སྣ་ཚོགས་དང་། སྐད་བརྡ་ཐོར་བུ། རྫས་དངོས་རྒྱུན་ཤེས། སྒྲུང་གཏམ་དང་སྙན་རྩོམ། བསྒྱུར་རྩོམ་སོགས་ཕྱོགས་ཀུན་འདུས་པས་རྩོམ་དེབ་བཟང་གྲས་ཤིག་ཏུ་བརྩིས་ནའང་མི་རུང་བ་ཆེར་མེད་སྙམ། འོན་ཀྱང་འདིར་སྤྱིར་འགྲོ་བ་ཡོངས་དང་སྒོས་མིའི་རིགས་ལ་ལྷག་བསམ་གླེང་བའི་སློབ་མ་འདི་དག་ལས་མང་ཆེ་བ་ནི། ལོ་བཞི་ལྔའི་སྔོན་དུ་ཡི་གེ་སྦྱོར་ཀློག་ཙམ་ལ་བྱང་བའི་ཚོད་དང་། དེ་ལས་ཀྱང་ཁ་ཤིས་ཤིག་ཀ་ཁའི་མགོ་རྔ་ཙམ་མི་ཤེས་མཁན་རེད། དེའི་ཕྱིར་ཁོ་ཚོས་བྲིས་པའི་དཔྱད་རྩོམ་ལ་དཔྱད་རྩོམ་གྱི་མཚན་ཉིད་ཚང་དཀའ་བར་མ་ཟད། ཚིག་གི་སྡེབ་སྦྱོར། དོན་གྱི་གོ་རིམ། བསྒྲུབ་བྱ་བསྒྲུབ་བྱེད་གང་གི་ཐད་ནས་ཀྱང་མི་སྙན་པ། ནོར་བ་དང་འཛོལ་བ་སོགས་མི་ཉུང་བ་ཞིག་ཡོད་པ་ནི་གསང་ཐབས་མེད་མོད། འོན་ཀྱང་དུས་ཡུན་ཐུང་ཐུང་ཞིག་ལ་རྩོམ་འབྲིའི་བྱང་ཚད་དང་བསམ་བློའི་ཆུ་ཚད་གཞན་ནས་ཐོབ་དཀའ་བའི་ཚད་འདིར་སླེབས་པའང་དངོས་གནས་རེད། དེའི་ཕྱིར་སློབ་མ་རང་གི་ཆུ་ཚད་ཇི་བཞིན་ཤེས་ཆེད་ཁོ་ཚོའི་རྩོམ་ཡིག་ལ་དགེ་སྐྱོན་གང་ཡོད་ཀྱང་ངས་སྒྱུར་བཅོས་ཆེན་པོ་མ་བྱས། དེས་ན་སྤྱིར་རྩོམ་རིག་ལ་དགའ་ཞིང་ནང་སྒོས་རང་རིགས་ལ་གཅེས་པའི་སྐལ་མཉམ་གྲོགས་པོ་མི་ཉུང་བ་ཞིག་གི་ལེགས་སྐྱེས་དམ་པར་འགྱུར་བ་ཁོ་ནར་མ་ཟད་ཀྱི། རྩོམ་རིག་སྤེལ་བའི་ན་གཞོན་ཡིན་ན་སྐྲ་ལོའི་ཁ་མདོག་དཀར་དམར་སེར་གསུམ་དང་ཕོ་མགོ་མོ་རུ་བསྒྱུར་བའམ་མོ་མགོ་ཕོ་རུ་བསྒྱུར་བ་སོགས་ཤེས་པ་རྣལ་དུ་མི་གནས་པའམ་མི་གཤིས་བྲལ་བ་ཞིག་ཡིན་དགོས་དོན་མེད་པའི་བསམ་བློ་དང་ཀུན་སྤྱོད་ཀྱི་འཕགས་ཆོས་ཤིག་ཀྱང་རང་ཆས་སུ་མངའ་བ་སོགས་སུས་ཀྱང་འགོག་མི་ནུས་ཤིང་མི་གཏུབ་པ་མང་བོའང་ཡར་ལྡན་དུ་ཚང་བས་དགའ་འོས་ཤིང་བསྔགས་རིགས་སོ།།

    ཞེས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་མིང་འཛིན་བཛྲ་ཚུལ་ཁྲིམས་རྒྱ་མཚོའམ་མི་ཕམ་ཚངས་སྲས་རིག་པའི་རལ་གྲིར་འབོད་པས་སློབ་གླིང་དུ་ཡོད་པའི་རང་ཤག་འོད་སྣང་འཁྱིལ་བའི་ལྡིང་ཁང་ནས་ས་ག་ཟླ་བའི་ཚེས་བཅུ་དགུའི་ཉིན་བྲིས་པའོ།།

རྩོམ་ཡིག་མཁོ་སྤྲོད་པ།  བྱམས་པ་དོན་གྲུབ།   གསར་འགོད་པ།   སྨར་ཁམས་མཁའ་འགྲོ་རྒྱལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། ca2g བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23499414
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།