བྱིས་སྐྱོང་སློབ་གསོ་ནི་སྐད་ཆ་ནས་འགོ་བརྩམ་ན་འགྲིག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» སློབ་གྲྭའི་སློབ་གསོ། »བྱིས་སྐྱོང་སློབ་གསོ་ནི་སྐད་ཆ་ནས་འགོ་བརྩམ་ན་འགྲིག
བྱིས་སྐྱོང་སློབ་གསོ་ནི་སྐད་ཆ་ནས་འགོ་བརྩམ་ན་འགྲིག
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2020-12-22ལྟ་ཀློག (6440)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།། བྱིས་སྐྱོང་སློབ་གསོ་ནི་སྐད་ཆ་ནས་འགོ་བརྩམ་ན་འགྲིག

ཧྲོང་བོ།  བསོད་ནམས་ཚེ་བརྟན།

    ང་རང་བྱིས་སྐྱོང་ཁང་གི་དགེ་རྒན་ལས་ཀ་བསྒྲུབ་ནས་ལོ་ངོ་དྲུག་བདུན་ཙམ་འགོར་སོང་།དེ་བས་དུས་ཡུན་ཐུང་ངུའི་ནང་བྱིས་སྐྱོང་སློབ་གསོའི་ཐད་ནས་བསམ་ཚུལ་ཐར་ཐོར་ཞིག་ཁ་བ་རི་ལ་འབུལ་ན་འདོད།ལར་བྱིས་སྐྱོང་ཁང་ནས་བྱིས་པས་ཡི་གེ་འབྲི་ཀློག་བྱ་དགོས།ཀུན་སྤྱོད་ཡག་པོར་གོམས་དགོས། འཇོན་ནུས་སྔོག་འདོན་བྱ་དགོས། རོལ་རྩེད་སྣ་ཚོགས་ཀྱི་ལམ་ནས་སློབ་སྦྱོང་གི་སྤྲོ་བ་སྐྱེད་སྲིང་བྱ་དགོས་པ་སོགས་མི་སུམ་ཅུར་བསམ་པ་སུམ་ཅུའི་དཔེ་བཞིན་བཞེད་ཚུལ་མོད་པོ་ཡོད་མོད། རང་ཉིད་ཀྱི་བསམ་ཚུལ་ལྟར་ན་རོལ་རྩེད་རང་བཞིན་གྱི་ཁྲིད་ཐབས་ལས་ལུས་ཕུང་འཚར་སྐྱེ་དང་བློ་རིག་གསོ་སྐྱོང་མཉམ་བསྐྱེད་བྱས་ཏེ་ཕྱོགས་ཡོངས་འཇོན་ནུས་ཅན་ལ་སྐྱེད་སྲིང་བྱ་རྒྱུ་དེ་སེམས་ཡོད། བྱིས་པའི་ཕྱོགས་ཡོངས་སྐྱེད་སྲིང་བྱ་དགོས་ཚེ་མི་རིགས་རང་གི་སྐད་ཆ་ནས་མགོ་བརྩམ་སྟེ་སྐད་ཆ་སློབ་གསོ་སྔྱོང་བརྡར་བྱ་རྒྱུ་དེ་ཡིན།སྐད་ཆ་དག་མོ་ཞིག་མ་འཁྱོངས་ཚེ་ཤེས་བྱ་འཇོན་པོ་ཞིག་བསླབ་རྒྱུ་ཤིན་ཏུ་དཀའ་ཁག་ཆེ་འདུག་པ་མཚན་མོའི་སྐར་མ་བཞིན་གསལ་ལེར་མངོན་འདུག།ལྷག་པར་བྱིས་སྐྱོང་ཁང་གི་བྱིས་པ་ཞིག་ལ་མཚོན་ནས་བཤད་ན་རང་གི་འཚོ་གནས་ཀྱི་ཁོར་ཡུག་ལ་ལྟ་ཞིབ་དང་ཕ་མ་དང་དགེ་རྒན་གཉིས་ཀྱི་ཁ་བརྡ་བརྒྱུད་ནས་རིམ་གྱིས་སྐད་ཆའི་རྨང་གཞི་བསྐྲུན་དགོས་ལ་འཇོན་ནུས་སྔོག་འདོན་ཀྱང་བྱ་དགོས།ཨ་རའི་ཆེད་མཁས་སློབ་གསོ་བ་ཞིག་གིས་༼ གལ་ཏེ་སྔ་ཙམ་ནས་བྱིས་པའི་སྐད་ཆའི་བརྗོད་ནུས་གསོ་སྐྱོང་མ་བྱས་ཚེ་བྱིས་པའི་ཀླད་པ་འཕེལ་རྒྱས་ཡག་པོ་འབྱུང་ཐུབ་རྒྱུ་མེད།དངོས་ཡོད་ལས་ར་སྤྲོད་བྱུང་བ་ལྟར་ན།ལོ་༦ལ་མ་སོན་པའི་ཡར་སྔོན་དུ་བྱིས་པར་དུས་ལྟར་གསལ་དག་སྙན་གསུམ་འཛོམས་པའི་སྐད་ཆ་བསླབ་ཚེ།བྱིས་པ་དེའི་ཤེས་རབ་འཕེལ་བའི་མགྱོགས་ཚད་ན་མཉམ་བྱིས་པ་གཞན་ལས་ཤིན་ཏུ་མགྱོགས་པ་དང་དེ་ལས་ལྡོག་སྟེ་དུས་ལྟར་སྐད་ཆའི་སློབ་གསོ་ཤུགས་མ་བརྒྱབ་ཚེ་བྱིས་པའི་རིག་པ་རྟུལ་བོར་གྱུར་ཏེ་སློབ་སྦྱོང་སྐབས་དཀའ་ངལ་ཆེན་པོར་འཕྲད་ཀྱི་ཡོད་པ་རེད༽  ཅེས་པའི་གསུངས་ལས་བྱིས་སྐྱོང་ཁང་དུ་སྐད་ཆའི་སློབ་གསོ་སྦྱོང་བརྡར་བྱ་དགོས་པའི་གལ་ཆེན་རང་བཞིན་དང་སྐད་ཆའི་བརྗོད་ནུས་བྱིས་པའི་ཀླད་པའི་རྩལ་ནུས་དང་དབང་བོ་ཐམས་ཅད་ལ་འབྲེལ་བ་དམ་ཟབ་ཡོད་པ་ཞིབ་མོར་བསྟན་ཡོད།དངོས་གནས་བདེན་པར་འདུག ང་རང་ཚོ་བྱིས་སྐྱོང་སློབ་གསོ་དངོས་བརྒྱུད་དེ་དཔྱད་ན་ཁོང་གི་ལེགས་བཤད་འདིའི་རིན་ཐང་ཞིབ་ཏུ་རྟོགས་ཡོང་།མདོར་ན་སྐད་ཆ་ནི་འགྲོ་བ་མིའི་ཐུན་མོང་གི་ཁྱད་ཆོས་ཤིག་ཡིན་པར་ངེས་ཏེ་སྔ་མོ་ནས་སྐད་ཆའི་བརྗོད་ནུས་མཐོར་འདེགས་དང་སྐད་ཆ་སློབ་གསོའི་རྨང་གཞི་བརྟན་པོར་འཇགས་རྒྱུ་དཔྱིད་ཀའི་ཆར་བཞིན་དགོས་གལ་ཆེ།རང་རྒྱལ་སློབ་གསོ་པུའུ་ཡིས་༼ལོ་༣ནས་༦བར་གྱི་བྱིས་པའི་སློབ་སྦྱོང་དང་ འཕེལ་རྒྱས་ཕྱོགས་སྟོན་༽ལས་བསྟན་པས་ཁྱབ་ཁོངས་ལྔ་ལས་ཀྱང་༼བདེ་ཐང་།སྐད་ཆ།སྤྱི་ཚོགས།

ཚན་རིགསྒྱུ་རྩལ༽སྐད་ཆ་ནི་ཤེས་བྱ་ཐམས་ཅད་ཀྱི་འཇུག་སྒོ་ཡིན་པ་བསྟན་ཡོད།ངས་ཀྱང་བསམ་ན་སྐད་ཆའི་རྨང་རྡོ་མེད་ན་ཤེས་བྱ་གང་ཡང་སློབ་ཐབས་བྲལ་འདུག་སྙམ།དེ་བས་རང་གི་ཉམས་མྱོང་ལས་སྐད་ཆའི་བརྗོད་ནུས་ཇི་ལྟར་གསོ་སྐྱོང་བྱ་དགོས་ཤེ་ན།

གཅིག  བོད་ཀྱི་སྲོལ་རྒྱུན་སློབ་གསོ་ལས་སྐད་ཆའི་བརྗོད་ནུས་སྐྱེད་སྲིང་བྱ་ཐུབ།

   ང་རང་བོད་པ་ཚང་ལ་གནའ་སྔ་མོ་ནས་བྱིས་སྐྱོང་ཁང་ཞེས་སློབ་གྲྭ་ཞིག་ཆེད་དུ་མེད་མོད།འོན་ཀྱང་དེ་འཚམ་གྱི་བྱིས་པ་སྐྱོང་སྟངས་ཀྱི་སློབ་གསོའི་ཐབས་ཤེས་མི་རིགས་གཞན་པ་དང་བསྡུར་ན་གནོང་མི་དགོས་པ་ཞིག་ཡོད་སྐད་འདུགརྒྱས་པར་ཤེས་འདོད་ན་གཞུང་གཞན་ལས་ཤེས་པར་བྱའོ།འདིར་ཡི་གེ་མང་བར་དོགས་ནས་མ་བྲིས།ཉེ་རབས་ལོ་རབས་བརྒྱད་ཅུ་དང་དགུ་བཅུ་ལ་ཕྱིར་འདང་རེ་རྒྱོབས་དང་ཤེས་ཡོང་།དུས་སྐབས་དེར་ཉིན་མོར་རོང་འབྲོག་རང་རང་གི་འཚོ་བ་བྲེལ་རྒྱུ་དང་དགོང་མོར་ནུབ་ཇ་འཐུང་རྗེས་རུ་ཁ་ཁྱིམ་མཚེས་ཀྱི་བྱིས་པ་ཚང་མ་ལྷན་དུ་འཛོམས་སུ་བཅུག་ཏེ་རུ་སྐོར་དེའི་ཨ་མྱེས་སོགས་ཀྱིས་གནའ་གཏམ་བཤད་པ།ཁེད་དང་གཏམ་དཔེ་བཤད་པ།གེ་སར་སྒྲུང་སོགས་བཤད་པའི་གོམས་སྲོལ་ཡག་པོ་ཞིག་བོད་ཡོངས་ལ་ཆགས་ཡོད་པ་ཀུན་གྱིས་ཤེས་གསལ་རེད།གོམས་སྲོལ་དེ་ད་ལྟའང་ས་ཆ་གཞན་ན་ད་རུང་ཉམས་མེད།འདི་དག་གི་ཐབས་ཤེས་ནི་དང་ཐོག་བྱིས་པའི་ཉན་ནུས་དང་རྗོད་ནུས་མཐོར་འདེགས་བྱས་ནས་སྐད་ཆའི་བརྗོད་ནུས་ལ་རིམ་བཞིན་རྨང་གཞི་སློབ་གསོ་བསྐྲུན་པ་ཡིན།དེ་རྗེས་སྐད་ཆའི་ནུས་པ་ལ་བརྟེན་ནས་ཤེས་བྱ་ཡོད་ཚད་སྔོག་འདོན་བྱ་རྒྱུའི་ཤེས་རབ་ཀྱི་སྒོ་ཆེན་ཞིག་ཕྱེས་ཡོད།དེ་བས།བདག་གིས་ཀྱང་བྱ་འགུལ་གང་རུང་གི་སྐབས་སུ་གནའ་གཏམ་སྙིང་བོར་གདམས་ནས་བཤད་ཅི་ཐུབ་བྱས་ཏེ་གནའ་གཏམ་ཉི་ཤུ་མས་ཡས་ཤིག་བྱ་འགུལ་ནང་འདྲེན་དུ་ནམ་རྒྱུན་རེས་མོས་ཀྱིས་བཤད་པ་ཡིན།བྱིས་པ་རེ་རེའི་རིག་སྟོབས་མི་འདྲ་བའི་དབང་གིས་ལ་ལས་དག་མོར་བཤད་ཐུབ་ཀྱང་ལ་ལས་བཤད་མི་ཐུབ་ནའང་ཐོས་བྱུང་གི་ཤེས་རབ་ལ་བརྟེན་ནས་ཁབ་གསོག་འབིག་བཞིན་སྐད་ཆ་རིམ་གྱིས་དག་མོ་རེ་འཁྱོངས་ཡོང་བ་བྱ་འགུལ་ལག་ལེན་ལས་ཤེས་ཡོང་།གཞན་ཡང་།བོད་སྲོལ་རྒྱུན་དམངས་སྲོལ་རིག་གནས་ལ་ཞིབ་ཏུ་དཔྱད་ན་བྱིས་ལོ་༣ནས་༦བར་ཀྱི་བྱིས་པ་ལ་འཚམ་པའི་དམངས་གླུ།བཤད་པ་དང་བསྟོད་པ་སྣ་ཚོགས།གཉིད་གླུ།མཛུབ་གུའི་རོལ་རྩེད་སོགས་གང་ལ་གང་འཚམ་དང་དེ་ལ་དེ་སྟོན་གྱི་ཡིད་ཀྱི་འཆར་སྒོ་སྐྱེད་སྲིང་དང་སྐད་ཆའི་སྨྲ་བརྗོད་མཐོར་འདེགས་བྱེད་སྤྱད་ཀྱི་ཐབས་ཤེས་འཇོན་པོ་རེ་ཡོད་པ་མ་ཟད།བྱིས་པའི་ཕྱོགས་ཡོངས་ཀྱི་ཤེས་བྱ་སྐྱེད་སྲིང་བྱ་ཐུབ་པའི་སློབ་གསོའི་མན་ངག་ཅིག་སྲོལ་རྒྱུན་དམངས་སྲོལ་ན་ཡོད་སྲིད་པས་དོ་སྣང་བྱ་རྒྱུ་གལ།སྔོན་བྱོན་མཁས་དབང་རྣམས་ཀྱིས་ཀྱང་སྲོལ་རྒྱུན་དམངས་སྲོལ་རིག་གནས་ནི་ཤེས་བྱ་ཀུན་འདུས་ཀྱི་ཚན་རིག་ཅིག་ཡིན་ཞེས་བརྗོད་པ་འདི་གནས་ལུགས་ཤིན་ཏུ་མངའ་བ་ཞིབ་ཏུ་དཔྱད་ན་ཤེས་ཡོང་།སྐབས་འདིར་དམིགས་ཀྱིས་བཤད་འདོད་པ་ཞིག་ནི་བྱིས་པ་ཚོ་དམངས་སྲོལ་ཁོར་ཡུག་བྱ་དངོས་ལ་རྒྱུས་མངའ་དང་དེ་ལས་སྐད་ཆའི་རྨང་འཇོག་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེན་པོ་འདུགདེང་རབས་ཁོར་ཡུག་ལས་དེང་རབས་ཀྱི་སྐད་ཆ་ལབ་ན་བོད་རང་གི་སྐད་ཆའི་བཅུད་རིམ་གྱིས་ཡལ་བཞིན་པའི་གནས་ཚུལ་ཛ་དྲག་ལ་ཅིས་ཀྱང་བསམ་དགོས།རང་གི་སྐད་ཆའི་བདག་པོ་རང་ཡིན་པ་ཚོར་ཏེ་བྱིས་པ་ཚོ་རང་གི་སྐད་ཆས་ལམ་ནས་བསྐྱངས་ཏེ་ཕྱོགས་ཡོངས་འཇོན་ནུས་ཅན་ལ་སྔོག་འདོན་སྐྱེད་སྲིང་བྱ་དགོས།དེ་མ་ཟད་ཁྲིད་ཐབས་དང་བོའི་ལམ་ནས་བདེ་ཐང་།སྐད་ཆ།སྤྱི་ཚོགས།   ཚན་རིག སྒྱུ་རྩལ་བཅས་ཁྱབ་ཁོངས་ལྔ་ཡི་ནང་དོན་འང་ཁྲིད་དགོས་ཤིང་བྱིས་པ་ཚོ་སྔ་མོ་ནས་སྐད་ཆའི་བཀག་རྒྱ་དང་ཤེས་བྱའི་བཀག་རྒྱ་ལས་སྒྲོལ་ཅི་ཐུབ་བྱ་དགོས།

 

གཉིས།  ཁོར་ཡུག་ལྟ་ཞིབ་ཀྱི་བྱ་དངོས་ལས་སྐད་ཆའི་བརྗོད་ནུས་སྐྱེད་སྲིང་བྱ་ཐུབ།

བྱིས་པ་སུ་ཞིག་ཨ་མའི་མངལ་ལས་བཙས་པའི་ཉིན་དེ་ནས་བཟུང་ས་ཆུ་མེ་རླུང་གི་ཁོར་ཡུག་ཅིག་ནས་རིམ་གྱིས་འཚར་ལོངས་འབྱུང་དགོས་ཤིང་ཨ་མ་ཞེས་པའི་སྐད་ཆ་ནས་མགོ་བརྩམ་ཏེ་སྐད་ཆ་ཐན་ཐུན་རེ་བཤད་རྒྱུར་གོམས་པ་དེ་ཆོས་ཉིད་ཅིག་ཏུ་བརྩི་དགོས་།དུས་དེ་ནས་བཟུང་བྱིས་པས་རང་གི་ཕ་མ་གཉིས་ཀྱི་སྐད་ཆ་ལ་ལད་ཟློས་དང་རང་བློ་གང་ཤར་གྱིས་མིག་ལམ་གྱི་བྱ་དངོས་ཡོད་ཚད་ལ་མིང་རེ་བཏགས་ཏེ་སྐད་ཆ་སྦྱངས་འགོ་བརྩམ་པ་ཡིན།ཐོག་མར་སྐད་ཆ་བཤད་སྐབས་སུ་བྱིས་པའི་སྐད་ཆ་དག་མོ་འཁྱོངས་ཐུབ་མིན་ལ་ཐད་ཀར་བསམ་བློ་གཏོང་མི་ཉན།དཔེར་ན་གོ་རེ་ལ་གོ་གོ་དང་རྩམ་པ་ལ་པ་པ།ནུ་མ་ནུ་ནུ་ཟེར་སྐབས་ཡང་དག་ཡིན་མིན་བརྡར་ཤ་གཅོད་མི་ཉན།དེ་ལྟར་ན་བྱིས་པའི་སྨྲ་སྤོབས་ཡལ་འགྲོ་ལ་སྐད་ཆ་བཤད་འདོད་ཀྱི་འདུ་ཤེས་ཀྱང་མེད་པར་བཟོས་འགྲོ།ཁ་ལྕེ་མཉེན་ཕབ་ཀྱི་སྦྱོངས་པ་གོ་རིམ་ངེས་ཅན་བརྒྱུད་དགོས་པ་ཅིས་ཀྱང་ངེས་དགོས།མ་གོག་ལངས་ཐུབ་པའི་བྱིས་པ་ཞིག་སྲིད་ན་མེད་པ་བཞིན་བྱིས་པས་སྔ་མོ་ནས་གསལ་དག་སྙན་གསུམ་གྱི་སྐད་ཆ་མི་འཁྱོངས་པ་ཆོས་ཉིད་དུ་ངེས་ནས་ཕ་མ་དང་དགེ་རྒན་གྱིས་བྱིས་པའི་འཚར་ལོང་གི་གོ་རིམ་ལས་སྐད་ཆའི་སྨྲ་བརྗོད་མཐོར་འདེགས་དང་ནང་དོན་སྣེ་ཁྲིད་གང་ལེགས་བྱ་རྒྱུ་སྙིང་བོར་གདམས་ཏེ་རིམ་བྱུང་གི་སྐད་ཆར་བརྟེན་ནས་སྨྲ་ནུས་མཐོར་འདེགས་བྱ་དགོས།གཞན་ཡང་ཕ་མས་བྱིས་པའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་དོ་སྣང་བྱས་ཏེ་རང་ས་གནས་ཀྱི་ཁོར་ཡུག་དང་རིག་གནས།སྒྱུ་རྩལ་སོགས་ལ་བྱིས་པ་དང་མཉམ་དུ་ལྟ་ཞིབ་དང་དབྱེ་ཞིབ་ཟུང་འབྲེལ་གྱིས་བྱིས་པས་རང་ས་གནས་ཀྱི་རི་ཆུ་ནགས་གསུམ།རྟ་ནོར་ལུག་གསུམ།རི་སྐྱེས་སྲོག་ཆགས།མེ་ཏོག་སྣ་ཚོགས།མདོར་ན་དབྱར་དགུན་སྟོན་དཔྱིད་ཀྱི་མཛེས་ལྗོངས་ལ་རྒྱུས་མངའ་དང་ལྟ་ཀློག་བྱས་ཏེ་རོང་འབྲོག་འཚོ་བའི་ཁོར་ཡུག་དེ་ལས་སྐད་ཆ་སྦྱོངས་ཅི་ནུས་བྱས་ཏེ་བོད་སྐད་དག་མ་ཞིག་གི་རྨང་རྡོ་བསྐྲུན་དགོས་པ་དང་སྤྱི་ཚོགས་རྒྱུན་ཤེས་སྐྱེད་སྲིང་བྱ་དགོས།་དེ་མིན་དུས་ཀྱི་འགྱུར་བ་དང་ཉེ་བར་བཅར་ཚེ་དཔེ་ཀློག་བྱས་ནས་སྐད་ཆ་སློབ་གསོ་སྐྱེད་སྲིང་བྱ་རྒྱུ་ནི་དེང་དུས་སྤྱི་ཚོགས་ཚན་རིག་འཕེལ་རྒྱས་ཀྱི་ཁྱད་ཆོས་དགོས་བབ་ཡིན།བྱིས་སྐྱོང་ཁང་གི་བྱིས་པ་ཞིག་གིས་དཔེ་ཀློག་ཇི་ལྟར་བྱ་དགོས་ཤེ་ན།རི་མོ་ཀློག་རྒྱུ་དེ་ལ་ཟེར།གདོད་མ་ལྟར་ན་བྱིས་པས་རང་བྱུང་ཁམས་ལ་ལྟ་ཀློག་བྱས་ཏེ་ཤེས་ནུས་མཐོ་བར་བྱས་པ་ཡིན་ལ་དེང་སྐབས་དེ་ལས་ཅུང་འཕེལ་རྒྱས་བྱུང་ནས་བྱིས་པས་རི་མོ་ལ་ལྟ་ཀློག་བྱས་ནས་སྐད་ཆ་བསླབ་རྒྱུ་དང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་།སྤྱི་ཚོགས་འཆར་སྣང་ཡོད་དོ་ཅོག་ནི་རི་མོར་བྲིས་ཏེ་བརྩམ་ཆོས་རྩོམ་རྒྱུ་དེ་བྱིས་སྐྱོང་སློབ་གསོའི་གལ་ཆེན་རང་བཞིན་དུ་བརྩི་མཐོང་བྱེད་དགོས་པ་ཞིག་ཡིན།དེ་བས་ང་ཚོས་ཁོ་ཚོ་ལ་རི་མོ་ཅན་གྱི་དཔེ་ཆ་དང་སློབ་དེབ་རེ་མཁོ་སྤྲོད་བྱ་རྒྱུ་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད།དེ་བས་རྨ་ཆུ་རྫོང་སློབ་གསོ་ཅུའུ་ཡི་སྔོན་འགྲོ་སློབ་གསོའི་གཞུང་སྒྲུབ་ཁང་།ཞིན་ཧེ་རྫོང་སློབ་གསོ་ཅུའུ་སྔོན་འགྲོ་སློབ་གསོའི་གཞུང་སྒྲུབ་ཁང་དང་མི་སྒེར་གྱི་དཔེ་དེབ་སོགས་ཀྱིས་བྱིས་སྐྱོང་སློབ་གསོ་ལ་ཤིན་ཏུ་འཚམ་པས་དཔེ་ཆ་འཇོན་པོ་དག་པར་བསྐྲུན་བྱས་དང་བྱེད་མུས་་ཡོད།འདི་ནི་རང་རེ་ཚོ་དགའ་འོས་ཤིང་དོ་ཁུར་བྱས་ཏེ་བྱིས་པ་ཚོ་སྔ་མོ་ནས་དཔེ་ཀློག་ལ་གོམས་སུ་འཇུག་དགོས་པ་དང་དེ་ལས་བྱིས་པའི་འཇོན་ནུས་སྔོག་འདོན་བྱ་ཤེས་རྒྱུར་འབད་འབུངས་བྱ་དགོས།དམིགས་ཀྱིས་ཞུ་དགོས་པ་ནི་སྤྱིར་ཀློག་ཅེས་པའི་ཡིག་འབྲུ་འདིའི་དོན་ནི་ཡི་གེར་བལྟས་ནས་ཚིག་འདོན་པའི་དོན་ཡིན་ལ་སྐབས་འདིའི་ཀློག་ནི་རི་མོ་ལ་བལྟས་ནས་སྐད་ཆ་བཤད་པ་གོ་བར་གྱིས།

 

གསུམ།   ཕ་མ་དང་དགེ་རྒན།འཚོ་བའི་མ་མ་གསུམ་གྱི་དཔེ་ཁྲིད་དང་ཁ་བརྡ་ལས་སྐད་ཆའི་བརྗོད་ནུས་སྐྱེད་སྲིང་བྱ་ཐུབ།

ལར་བྱིས་སྐྱོང་ཁང་གི་བྱིས་སྐྱོང་སློབ་གསོ་ནི་ཕ་མ་དང་དགེ་རྒན།འཚོ་བའི་མ་མ་གསུམ་གྱི་མཉམ་འབྲེལ་གྱིས་བསྒྲུབ་དགོས་པའི་སློབ་གསོའི་རྣམ་པ་གསར་བ་གསར་རྐྱང་ཞིག་ཡིན་པར་རྟོགས་དགོས། དཔེར་ན། མར། ཆུར་བ།ནས་རྩམ་གསུམ་གྱིས་ཟས་མཆོག་རྩམ་པ་གྲུབ་པ་བཞིན་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འབྲེལ་གཞི་ངེས་ཅན་ཞིག་ཡོད།ཕ་མ་བཟང་བོ་དེ་དགེ་རྒན་བཟང་བོ་ལ་མ་ཕྲད་ཚེ་མར་མེད་རྩམ་སྐྱ་༼   རྩམ་ནག གཏུལ་ནག༽   ལྟ་བུ།   ཕ་མ་བཟང་བོ་དེ་འཚོ་བའི་མ་མ་བཟང་བོ་ལ་མ་ཕྲད་ཚེ་ཆུར་མེད་རྩམ་པ་མགོ་རྗེན་ལྟ་བུ།དགེ་རྒན་དང་འཚོ་བའི་མ་མ་ཕ་མ་བཟང་བོ་ལ་མ་ཕྲད་ཚེ་ནས་རྩམ་མེད་པ་བཞིན་ཟས་མཆོག་དེ་ཉིད་གྲུབ་ག་ལ་ཐུབ།ད་རུང་དེ་གསུམ་ཡོད་པ་ཙམ་གྱིས་མི་ཆོག་པར་བརྫི་ཁུ་བབ་བསྟུན་རེ་མཁོ་བ་ནི་བྱིས་སྐྱོང་ཐབས་ཤེས་འཇོན་པོ་རེ་མཁོ་བ་དེ་བཞིན་ནོ།དེར་བརྟེན།མི་སྣ་འདི་གསུམ་གྱི་སྟོབས་ཤུགས་ལ་བརྟེན་ནས་བྱིས་སྐྱོང་ཁང་གི་སློབ་སྒྲུབ་གྲུབ་པ་ཡིན་ལ།དེ་གསུམ་གྱིས་སློབ་གསོའི་བརྫི་ཁུ་འོས་འཚམ་རེ་བླུག་ནས་སྐད་ཆ་སློབ་གསོ་ནས་འགོ་བརྩམས་ཏེ་བྱིས་པ་ཕྱོགས་ཡོངས་འཕེལ་རྒྱས་ཅན་ལ་སྐྱེད་སྲིང་ཅི་ནུས་བྱ་དགོས།ཁོ་ཚོ་ནོ་བྱིས་སྐྱོང་ཁང་གི་སྐད་ཆའི་མཛུབ་སྟོན་པ་དང་ཕྱོགས་ཡོངས་ཀྱི་སྣེ་ཁྲིད་པ་ཡིན་པས།ཁོ་ཚོས་གསལ་དག་སྙན་གསུམ་གྱི་སྐད་ཆ་བཤད་ཐུབ་རྒྱུ་དང་སྐད་ཆའི་ཆོས་ཉིད་སོགས་ལ་དུས་རྒྱུན་ཡིད་འཇོག་བྱ་དགོས།རྒྱུ་མཚན་བྱིས་པ་ཚོའི་མིག་ལམ་ནས་ཁོ་ཚོ་ནི་སངས་རྒྱས་ལྟ་བུའི་སྐྱེས་མཆོག་ཅིག་ཏུ་བརྩིས་ཡོད།དེ་བས་བྱིས་པ་ཚོས་ཆེས་ལད་ཟློས་བྱེད་སའང་ཁོ་ཚོའི་བྱ་སྤྱོད།  སྐད་ཆ། སྒྲུབས་སྟངས་རེད།ངས་སྔོན་མ་དགེ་གྲོགས་ཤིག་ལ་ཁ་བརྡ་འདི་འདྲ་ཞིག་ལབ་ཡོང་མྱོང་། ༼ ང་ཚོ་ལ་སྤྱོད་ཡོན་གཉིས་ལྡན་གྱི་བྱིས་པ་ཞིག་ཡོད་དགོས་བསམ་ན་ཐོག་མར་བྱིས་པའི་མདུན་ནས་སྤྱོད་ཡོན་གཉིས་ལྡན་གྱི་དགེ་རྒན་ཞིག་བྱ་རྒྱུའོ་༽ཞེས་བྱ་འགུལ་ལག་ལེན་གྱི་བསྡོམས་ཚིག་ཅིག་གླེང་མྱོང་།དེ་བཞིན་དུ་ང་ཚོས་མི་རིགས་རང་གི་གསལ་དག་སྙན་གསུམ་གྱི་སྐད་ཆ་བཤད་ཤེས་མཁན་གྱི་བྱིས་པ་ཞིག་སྐྱེད་སྲིང་བྱ་དགོས་ཤེ་ན།ཐོག་མར་བྱིས་པའི་མདུན་ནས་ང་རང་ཚོས་གསལ་དག་སྙན་གསུམ་གྱི་སྐད་ཆ་རེ་དུས་རྒྱུན་ལབ་རྒྱུ་གལ་བོ་ཆེ་ཡིན་པར་སྙམ།དེར་བརྟེན།ཕ་མ་དང་དགེ་རྒན།འཚོ་བའི་མ་མ་གསུམ་གྱིས་མི་རིགས་རང་གི་ཡུལ་སྲོལ་གོམས་གཤིས།བྱིས་སྐྱོང་སློབ་གསོ།སྐད་ཆ་སོགས་ཁ་ལ་བྱང་ནས་སེམས་ལ་འདྲིས་ཏེ་ཉིན་རེའི་འཚོ་བའི་ནང་གཅེས་ཕྲུག་ཚོ་དང་ལྷན་དུ་་ལབ་མོལ་བྱ་རྒྱུའི་ཁོར་ཡུག་ཅིག་བསྐྲུན་རྒྱུའི་གོ་སྐབས་ཤུགས་སྣོན་དང་བོད་རང་ལ་རང་གི་རིག་གཞུང་།གོམས་སྲོལ།ཁོར་ཡུག་དང་མཐུན་པའི་བྱིས་སྐྱོང་སློབ་གསོ་སྤེལ་སྟངས་ཤིག་ཡོད་པ་སྙིང་བོར་གདམས་ཏེ་སྔོན་འགྲོ་སློབ་གསོའི་ལས་དོན་ལ་འབད་ན་འཆི་ཁར་མིག་བཙིམ་ཐུབ་པ་བྱ་བ་ཐེ་ཚོམ་མེད་དོ།།

གསར་འགོད་པ། སྨྲ་ཁམས་མཁའ་འགྲོ་རྒྱལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། he6k བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23498723
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།