སྲིང་མོའི་འོ་སྤྲིས་ལས་ཐོན་པའི་བདག་གི་བསམ་གཞིག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་འཇིགས་མེད་རྒྱལ་མཚན། »སྲིང་མོའི་འོ་སྤྲིས་ལས་ཐོན་པའི་བདག་གི་བསམ་གཞིག
སྲིང་མོའི་འོ་སྤྲིས་ལས་ཐོན་པའི་བདག་གི་བསམ་གཞིག
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2020-12-20ལྟ་ཀློག (6142)རྩོམ་ཁུངས: ངེད་དྲ་བ།

སྲིང་མོའི་འོ་སྤྲིས་ལས་ཐོན་པའི་བདག་གི་བསམ་གཞིག

 

     ཉིན་ཁ་ཤས་ཀྱི་སྔོན་ལ་མི་གཞན་ཞིག་གིས་ཁ་པར་ཡོང་ནས་བཤད་རྒྱུར། ཁྱོད་ཀྱི་སྲིང་མོ་ཕྱུགས་ལས་ན་རྒྱུན་སྡོད་བྱས་ཡོད་པ་དེ་ཁྱོད་སྡོད་སའི་ར་སྐོར་དུ་ཐོན་ཡོད་པས་ཁྱེད་བསུ་རུ་འགྲོ་དགོས་ཟེར། སྐད་ཆ་དེ་ཐོས་འཕྲལ་ངའི་སེམས་སུ་ངའི་སྲིང་མོ་འདི་ནི། སྲིང་མོ་རྣམས་ལས་ཆེས་དཀའ་སྡུག་མྱོང་མཁན་དང་གཉོམ་ཆུང་ཞིག་ཡིན་པས། ཁོ་མོ་ལ་རོགས་ཅི་ཞིག་དགོས་བྱུང་ན་རང་ཉིད་ཀྱིས་ཅི་ནུས་ཅི་ལྕོགས་བྱེད་དགོས་བསམ། ཁོ་མོ་ཁྱིམ་དུ་འཛུལ་མ་ཐག་བཤད་རྒྱུར་ཕུ་བོ་བདེ་མོ་ཡིན་ནམ་ཞེས་འཚམས་འདྲི་བྱས་ཤིང་ལག་ཏུ་བཟུང་བའི་ལྗིད་ཏིག་ཏིག་གི་ཅ་ལག་རྣམས་མདུན་ཅོག་གི་སྟེང་ལ་བཞག་སྟེ། འདི་ན་མར་ཕྱུར་དང་འོ་མ། འོ་ཁ་བཅས་ཡོད་པས་འཁྱག་ས་ཞིག་ལ་ཞོག་ཟེར། ངས་སྲིང་མོར་ཇ་ལྡུག་ཞོར་དུ་ཁྱོད་ཀྱིས་ཟླ་སྔོན་མར་མར་ཕྱུར་མང་བོ་ཞིག་བསྐུར་ཡོད་པས་ཚང་མ་ང་ལ་འབྱོར་སོང་། ནམ་རྒྱུན་དེ་འདྲའི་མང་བོ་ཞིག་ཁྱེར་ཡོང་བས་ཁྱོད་ལ་དཀའ་ལས་བཟོས་སོང་ཞེས་བཤད། སྲིང་མོས་འཛུམ་མདངས་དང་སྨྲེང་སེམས་འདྲེས་མས་ཉམས་ཀྱིས་དེ་ནི་ངེད་འབྲོག་པ་ཚོས་སྒྲུབ་ཐུབ་ཅིང་འོས་སུ་བབ་པ་ཞིག་རེད་ཟེར། ཉིན་གོང་ལ་ཉེ་བས་ངས་ཡུལ་མི་གཞན་རྣམས་བོས་ནས་ངེད་ཚོས་ལྷན་དུ་ཟ་མ་ཟ་ཞོར་དུ་ཁ་བརྡ་བྱེད་ཅེས་བཤད་མོད། མོ་ཡར་ལངས་ནས་ཕུ་བོ་ད་ངེད་གཉིས་འགྲོ་རྒྱུ་ཡིན། ཚ་བོ་འདི་མེད་ན་ལམ་མི་ཤེས་པས་ངས་ཁོ་ཁྲིད་ཡོང་བ་ཡིན། ད་ཕྱིར་ལ་མ་སོང་ན་ཁྱིམ་མི་གཞན་པ་རྣམས་ཀྱིས་ནད་པ་སྨན་པར་སྟོན་མི་ཐུབ་ཟེར་བཞིན་བྲེལ་ཚབས་ངང་བུད་སོང་།

  སྲིང་མོ་སོང་རྗེས་ངས་སྔ་འདང་ཕྱི་འདང་མང་བོ་ཞིག་བརྒྱབ་པ་ཡིན། ཁོ་མོ་ལ་དབྱར་རྩའི་ཐོན་ཁུངས་མེད་ལ་ནགས་སྲུང་སོགས་གོང་རིམ་གྱི་གཏན་ཆགས་ཁ་གསབ་གང་ཡང་མེད། ཡིན་ཡང་མོས་རྒྱུན་དུ་བཤད་རྒྱུར། ཁོ་མོ་མི་ཚེ་གང་བོར་གྲོང་ཁྱེར་དང་གྲོང་རྡལ་གྱི་འདབས་སུ་མི་སྤོར་བར་ཕ་མ་དྲིན་ཅན་གཉིས་ཀྱིས་བསྐྱངས་ཡོང་བའི་ཕྱུགས་ལས་གཉེར་ནས་སྡོད་རྒྱུ་ཡིན་ཟེར། ཁོ་མོ་ནི་རི་ཆུ་དང་རྩྭ་ཐང་ལ་དགའ་ཞིང་སྒོ་ཕྱུགས་ལ་དུང་བའི་སྲོལ་རྒྱུན་འཛིན་མཁན་རྣལ་མའི་རིགས་དེ་རེད། ང་ལ་མཚོན་ན་ཕ་མ་གཅིག་པའི་ཨ་ཅེ་གཉིས་དང་ནུ་བོ་ལས་གཞན་ཕ་མ་མིང་སྲིང་དང་ཕ་སྤུན་མ་སྤུན་སོགས་ཀྱི་མིང་སྲིང་ཧ་ཅང་མང་བོ་ཡོད་མཁན་ཞིག་ཡིན། དེ་དག་གི་ཁྲོད་དུ་རྒྱལ་ཁབ་ཀྱི་ལས་བྱེད་པ་དང་ཁེ་ལས་གཉེར་མཁན། སྒོ་ཕྱུགས་བཙོང་ཚར་ནས་གྲོང་ཁྱེར་དང་གྲོང་གསེབ་ཏུ་སོང་ནས་གླ་བ་བྱེད་མཁན། ཁེ་ལོག་ཚོང་ལོག་དང་རྒྱལ་འཇོག་དོམ་ལོག་བྱས་ནས་གཞན་གྱི་སློང་དངུལ་སློང་ཟས་ལ་བརྟེན་ནས་འཚོ་སྡོད་མཁན་ཡང་ཡོད། ད་དུང་འགོ་བ་ཆུང་ཆུང་དང་ཡོན་ཏན་འོས་འཚམ་ལྡན་མཁན་ཡང་རེ་གཉིས་ཡོད། ཁོ་མོ་ལྟ་བུའི་ཕྱུགས་ལས་རྐྱང་རྐྱང་གཉེར་ཏེ་ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་སྲོལ་རྒྱུན་གྱི་འཚོ་བ་དང་ཡུལ་སྲོལ་གོམས་གཤིས་ལ་བདག་པོ་བྱེད་མཁན་ཡང་སྐོར་ཞིག་ཡོད། ག་ལེར་འདང་ཞིབ་མོ་ཞིག་བརྒྱབ་ཚེ། ང་ཚོས་ཁོ་ཚོར་བཟུང་བའི་ལྟ་ཚུལ་དེ་རྩ་བ་ནས་ནོར་འདུག་པས། འདིར་ཁྱེད་ཅག་ལ་དགོངས་དག་དང་བཀའ་དྲིན་ཆེ་ཞུ། ཁྱེད་ཚོ་ནི་ང་ཚོ་བོད་པ་ཚང་གི་འཚོ་བ་ལ་མངར་ཁ་སྦྱིན་མཁན་གྱི་བདག་མོ་ཡིན་ལ། མི་རིགས་ཤིག་གི་ཕ་ས་དྲོད་མོ་སྲུང་མཁན་གྱི་དཔའ་མོ་ཡང་ཡིན། ཁྱེད་ཚོ་མེད་ན་སྦྲ་ནག་གྲུ་བཞིའི་ས་འདོགས་མེད་ལ་འབྲི་མར་སེར་བོའི་འཚོ་བཅུད་ཀྱང་མེད། དགུན་འཁྱག་གི་ཁ་བ་བུ་ཡུག་ལ་གདོང་གིས་གཏོད་ཅིང་དབྱར་གྱི་ཆར་ཆུ་འདམ་གསུམ་སོགས་དཀའ་སྡུག་སྣ་ཚོགས་ལ་མགོ་བོ་མི་སྒུར་བའི་བརྩོན་ལྡན་གྱི་འབྲོག་པ་རྣམ་པ། ཁྱེད་ཚོའི་གོམ་པ་རེ་རེའི་ཁྲོད་ན་མི་རིགས་ཤིག་གི་དཔའ་སེམས་ཡོད་ལ། ཁྱེད་ཚོའི་འཚོ་བའི་ཟུར་ཁ་རེ་རེ་ན་མི་རིགས་ཤིག་གིས་འདོར་དུ་མི་རུང་བའི་སྲོལ་རྒྱུན་གྱི་རིག་གནས་ཉལ་ཡོད། ཁྱེད་ཚོ་མེད་ན་ཡོན་ཏན་པ་དང་གཞུང་ཞབས་པ། སྒོར་མོ་ཅན་དང་གོ་ས་ཅན་གྱིས་ཕ་ས་དྲོད་མོ་ལ་བདག་པོ་ཇི་ལྟར་རྒྱགས། ཁྱེད་ཚོའི་བྱས་རྗེས་ནི་ཁང་རྩེག་མཐོན་པོ་བསྐྲུན་པ་དང་རྩོམ་རིག་པོ་ཏིར་བསྒྲིགས་པས་ཀྱང་འགྲན་པའི་བཟོ་ལྟ་ག་ལ་ཡོད་དེ། ལོ་ངོ་ཉི་ཤུ་དང་ལྔ་བཅུའི་རྗེས་སུ་ཁང་རྩེག་མཐོན་པོ་གསར་དུ་རྒྱག་ཆོག་ཅིང་། རྩོམ་རིག་པོ་ཏི་མང་པོ་ཡང་གསར་དུ་འབྲི་ཆོག་ཆོག་ཡིན། འོན་ཀྱང་ཤོར་ཟིན་པའི་ཕ་ས་དྲོད་མོ་དེ་སླར་ཡང་སུ་ཡིས་ལེན་ཐུབ། འབྲོག་པའི་རིན་ཐང་ལ་རྒྱུས་ལོན་གཏིང་ཟབ་མེད་ཅིང་བསམ་བློ་ཡི་ཕུ་ཐག་ཐུང་བའི་སློབ་གྲྭ་ཆེན་མོ་བ་དང་གཞུང་སྒྲུབ་ཁང་དྲོད་མོ་རུ་སྡོད་པའི་ཞིབ་འཇུག་མཁན་ལ་ལས། འབྲོག་པ་ཚོའི་མཛེས་དཔྱོད་ཀྱི་ལྟ་བ་དང་རིན་ཐང་གི་ལྟ་ཚུལ་ལ་གསར་སྒྱུར་བྱེད་པ་དང་སྲོལ་རྒྱུན་གྱི་འདུ་ཤེས་མཁྲེགས་གཏོར་བྱས་ནས་ཟོག་ལུག་བཤས་བཙོང་གི་གཞི་རྒྱ་ཆེ་རུ་བསྐྱེད་མ་ཐུབ་ན་འབྲོག་པའི་ཕྱུགས་ཐོན་དངོས་རྫས་རྣམས། ནམ་ཡང་རྒྱལ་སྤྱིའི་ཚོང་རའི་ཁྲོད་དུ་འཛུལ་བའི་གོ་སྐབས་མི་རྙེད་ཟེར་ནས་སྐད་ཆ་རྫིག་པོ་དང་སྦོམ་པོ་བཤད་མཁན་མང་བོ་འདུག་མོད། ཞིབ་འདང་མ་བརྒྱབ་པར་ཉན་ན་སྐད་ཆ་རིན་ཐང་ཅན་དང་གཟི་བརྗིད་ཅན་ཞིག་ཏུ་སྣང་སྲིད། སྤྱིར་འབྲོག་པའི་རིག་གནས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་ཕྱུགས་འཚོ་སྟངས་དང་འཚོ་བའི་སྤུས་ཚད་ཇེ་བཟང་དུ་གཏོང་བ། ཚན་རིག་གི་གྲུབ་ཆ་དང་དཔལ་འབྱོར་གྱི་སྒྲིག་གཞི་འོས་འཚམས་སུ་གཏོང་དགོས་པ་ནི་བསྙོན་དུ་མེད་པ་ཞིག་ཡིན་ཡང་། བོད་ཡུལ་གྱི་ཕྱུགས་ཐོན་དངོས་རྫས་རྣམས་སྤུས་ཚད་དམའ་བ་དང་དུས་རབས་གསར་བའི་ཚོང་རའི་དགོས་མཁོ་དང་མི་མཐུན་པས། རྒྱལ་སྤྱིའི་ཚོང་རའི་ཁྲོད་དུ་རིན་ཐང་མེད་པ་སོགས་ཀྱི་རྒྱུ་རྐྱེན་གཙོ་བོ་ནི། བླ་གྲྭ་ཚོས་སྡིག་པའི་ཉེས་དམིགས་བཤད་པ་དང་འབྲོག་པ་ཚོའི་བསམ་བློ་ལ་སྲོལ་རྒྱུན་གྱི་རྙིང་ཞེན་ཆེ་བས་ཡིན་ཟེར་བ་དེ། ཚོང་རའི་དཔལ་འབྱོར་གྱི་ཤེས་བྱས་དབེན་པའི་སྤོམ་བཤད་དང་། མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་ལ་འགན་མི་འཁུར་བའི་བློ་ཐུང་དག་གི་སྐད་ཆ་ཙམ་ལས་རིན་ཐང་ཅན་གྱི་སྐད་ཆ་ཞིག་ཡེ་ནས་མིན་པར་མ་ཟད། སྐད་ཆ་དེ་དག་ནི་འདྲེ་ཤར་སྒོར་གནས་པ་ལ་གླུད་ནུབ་སྒོར་འཕངས་པའི་དཔེ་དང་འདྲ་སྟེ། འོ་མར་ཞོ་ཕྱུར་སོགས་དྭངས་གཙང་གི་དཀར་ཟས་ཀྱི་རིགས་དང་ཤ་རྐང་རུས་གསུམ་གྱིས་མཚོན་པའི་དམར་ཟས་ཀྱི་རིགས། བལ་རྩིད་ཁུལ་པགས་སོགས་བཟོ་རྩལ་གྱི་རིགས། གསེར་དངུལ་ཟངས་ལྕགས་སོགས་གཏེར་རྫས་ཀྱི་རིགས། དབྱར་རྩ་དགུན་འབུ་སོགས་སྔོ་སྨན་གྱི་རིགས། མདོར་ན་བོད་ས་གནས་ཀྱི་ཞིང་ཕྱུགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་རྣམས་ཚད་ལྡན་གྱི་ལམ་ནས་སྔོག་འདོན་བྱས་ཏེ། ཐོན་རྫས་སྤུས་ལེགས་ཚད་མཐུན་དུ་གཏོང་བ་དང་ཐོན་རྫས་རྣམས་ཚོང་ར་ཅན་དུ་སྒྱུར་བ། ཚོང་ར་ཡང་རྒྱལ་སྤྱི་ཅན་དུ་བསྒྱུར་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་གལ་ཆེན་ཅིག་ཡིན་པ་སྨྲོས་མེད་མངོན་སུམ་རེད། འོན་ཀྱང་བྱ་བ་དེ་དག་ཞིང་འབྲོག་མང་ཚོགས་ཀྱི་འགན་ཁུར་དུ་བརྩི་བ་ནི་རྒྱང་རིང་གི་འཆར་གཞི་གང་ཡང་མེད་པའི་སྣ་ཐུང་ཤེས་མེད་ཀྱི་གླེན་གཏམ་ཁོ་ན་རེད་འདུག འབྲོག་པའི་བྱ་བ་ནི་རི་ཆུ་སྲུང་སྐྱོབ་ཀྱི་སྒོ་ནས་སྒོ་ཕྱུགས་འཚོ་སྐྱོང་བྱེད་རྒྱུ་དེ་ཡིན་ལ། ལོ་ངོ་སྟོང་ཕྲག་ནས་ཁྲི་ཕྲག་བར་གྱི་བྱ་བའི་ཉམས་མྱོང་དང་དེང་རབས་ཀྱི་སྔོན་ཐོན་འཚོ་བ་ཟུང་དུ་འབྲེལ་ཏེ་མདོ་དབུས་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ཕྱུགས་ལས་འཕེལ་རྒྱས་ཀྱི་ལམ་བཟང་མ་ནོར་བ་ཞིག་འཚོལ་དགོས། འོ་ན་ང་ཚོའི་ཞིང་ཕྱུགས་ཀྱི་ཐོན་རྫས་གཙོ་བོ་བྱས་པའི་བོད་ཁུལ་གྱི་ཐོན་རྫས་རྣམས་ཚད་ལྡན་དང་གཞི་རྒྱ་ཅན། ཚོང་ར་ཅན་དང་རྒྱལ་སྤྱི་ཅན་དུ་འགྲོ་མི་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་དེ་གང་ཡིན་ཞེ་ན་ཆེད་མཁས་པ་མེད་པས་ཡིན་ཏེ། འབྲི་འོའི་ཐོན་རྫས་ལྟ་བུ་ལ་མཚོན་ན་ངེས་པར་འབྲི་འོའི་ཆེད་མཁས་པ་ལ་བརྟེན་ནས་ཚད་ལྡན་གྱི་འབྲི་འོའི་ཐོན་རྫས་གསར་སྤེལ་བྱེད་དགོས། ཐོན་རྫས་གསར་བ་དེ་ཡང་ཚོང་ལས་དོ་དམ་གྱི་ཆེད་མཁས་པས་གཞི་རྒྱ་ཅན་དང་ཚོང་ར་ཅན་དུ་བསྒྱུར་དགོས། དེ་བཞིན་དུ་ཤ་རིགས་དང་འབྲུ་རིགས། ཀོ་རིགས་དང་སྤུ་རིགས། གྱོན་ཆས་དང་ཁྱིམ་ཆས་ཀྱི་རིགས། གཞན་ཡང་རྡོ་སྣུམ་རྫས་འགྱུར་སོགས་ཐོན་ཁུངས་ལས་སྣོན་གྱི་རིགས་དང་འཕྲུལ་ཆས་དང་གློག་རྡུལ་སོགས་བཟོ་སྐྲུན་གྱི་ལས་རིགས་གང་འདྲ་ཞིག་ཡིན་ཡང་གཙོ་བོ་ཆེད་མཁས་པའི་འཇོན་ནུས་ལ་རེག་ལས་པ་ཡིན། ང་ཚོའི་ཞིང་འབྲོག་གི་ཐོན་རྫས་རྣམས་ཇི་འདྲའི་འཚོ་བཅུད་ལྡན་ལ་དྭངས་གཙང་ལྷད་མེད་ཅིག་ཡིན་ཡང་། ཆེད་མཁས་པའི་ཞིབ་འཇུག་དང་གསར་སྤེལ་མེད་པར་ཞིང་འབྲོག་མང་ཚོགས་ཀྱི་ལག་རྩལ་ལ་བརྟེན་ནས་ཚོང་རར་འགྲོ་དགོས་ཚེ། དུས་རབས་ཉི་ཤུ་ནས་སུམ་ཅུའི་བར་སླེབས་ཀྱང་རྒྱལ་སྤྱིའི་ཚོང་རའི་རྗེས་སུ་ཆོད་མི་སྲིད་དེ། ལོ་ངོ་སྟོང་ཕྲག་ཡར་སྔོན་གྱི་འབྲོག་ཕྱུར་དེ་ད་ལྟའི་བར་དུ་རྒྱལ་སྤྱིའི་ཚོང་རར་འགྲིམས་པ་ཕར་ཞོག  ཐ་ན་རྣམ་པ་ཙམ་ཡང་འགྱུར་ཐུབ་ཀྱིན་མེད་པ་འདིས་གནས་ཚུལ་ཚང་མ་གསལ་ཐང་ཐང་བྱེད་ནུས། ང་ཚོའི་ཞིང་འབྲོག་གི་ལས་རིགས་རྣམས་འཕེལ་རྒྱས་དང་སྔོན་ཐོན་གྱི་ལམ་དུ་འགྲོ་མི་ཐུབ་པ་ལ་རྒྱུ་རྐྱེན་གང་མང་ཞིག་ཡོད་ཀྱང་། གནད་འགག་གི་གཙོ་བོ་ནི་ང་ཚོའི་ཁྱིམ་བདག་གི་རིག་གནས་ཆུ་ཚད་ཞན་ལ་མིག་རྒྱང་ཐུང་བ། སློབ་མའི་སྤྱི་ཕན་གྱི་བསམ་བློ་ཞན་ལ་ཕུགས་བསམ་གྱི་སྙིང་སྟོབས་ཆུང་བ། འགོ་བར་འོས་འགན་གྱི་ཆོད་སེམས་ཞན་ལ་སྣེ་ཁྲིད་ཀྱི་ནུས་པ་ཆུང་བ་ནི་ནད་ཀྱི་གཟེར་མིག་ལྟ་བུ་ཡིན། མ་འོངས་པར་ཞིང་འབྲོག་གི་ཁྱིམ་བདག་རྣམས་ཀྱིས་རང་གི་བུ་དང་བུ་མོ་རྣམས་རང་གི་རྗེས་སྐྱོང་གི་ཆེད་མཁས་པར་སྐྱེད་སྲིང་བྱེད་པ་དང་། བུ་དང་བུ་མོ་རྣམས་ཀྱིས་ཀྱང་རང་གི་ཕ་མེས་ཡང་མེས་ནས་བརྒྱུད་འོང་བའི་ཞིང་ཕྱུགས་ཀྱི་ཆེད་མཁས་པར་གྱུར་བ་ཙམ་དུ་མ་ཟད། ཆེད་མཁས་ཀྱི་ཡོན་ཏན་ལ་བརྟེན་ནས་ཞིང་ཕྱུགས་སྔོན་ཐོན་ཅན་དང་ཚན་རིག་ཅན་དུ་བསྒྱུར་ཏེ་འཛམ་གླིང་གི་ཡང་རྩེར་ཐོན་པར་བརྩོན་ལེན་བྱེད་དགོས། ས་གནས་ཀྱི་གཞུང་ཞབས་པ་དང་འགོ་ཁྲིད་པ་རྣམས་ཀྱིས་ཀྱང་རྒྱལ་ཁབ་ཀྱི་སྲིད་ཁྲིམས་ལ་བརྟེན་ནས་ས་གནས་ཀྱི་ཐོན་རྫས་རྣམས། གཞི་རྒྱ་ཅན་དང་རྒྱལ་སྤྱི་ཅན་དུ་འགྱུར་བར་གར་སྟེགས་བཟང་བོ་ཞིག་བསྐྲུན་ཐུབ་ཚེ། ད་གཟོད་ཞིང་ཕྱུགས་ཀྱི་ཐོན་རྫས་རྣམས་རིན་ཐང་ཅན་དུ་འགྱུར་ཐུབ། གཞན་ཡང་རྩོམ་ཡིག་འབྲི་མཁན་དང་གླུ་གཞས་ལེན་མཁན་རེ་འགས་བོད་པ་ཚོས་ཕྱུགས་རྗེས་དེད་ནས་ལོ་ངོ་སྟོང་ཕྲག་མང་བོ་བརྒལ་ཡོད་པས། ད་ནི་དེ་དག་བསྐྱུར་ནས་གྲོང་ཁྱེར་ཅན་དང་གོ་ལ་ཧྲིལ་བོ་གཞི་གཅིག་ཅན་དུ་གོམ་ཁ་སྤོ་དགོས་ཞེས་པའི་སྐད་ཆ་དང་བསམ་བློ་བསྒྱུར་ཏེ། བོད་པའི་སློབ་མ་ཚོས་ཞིང་ཕྱུགས་ཀྱི་ཆེད་ལས་སྦྱངས་ནས་ཞིང་འབྲོག་གི་ཆུ་ཚད་ཇེ་མཐོར་བཏང་སྟེ། ཞིང་ཕྱུགས་ཀྱི་ཐོན་རྫས་ལ་རིན་ཐང་བསྐྲུན་པར་སྐུལ་འདེད་ཀྱི་རྩོམ་ཡིག་འབྲི་བ་དང་གླུ་ཆུང་ལེན་དགོས། ཞིང་འབྲོག་གི་ཐོན་རྫས་རྣམས་རིན་ཐང་ཅན་དུ་འགྱུར་ཚེ་ཕྱུགས་འཚོ་མཁན་དང་ཞིང་འདེབས་མཁན་གྱི་འབྲོག་པ་དང་ཞིང་བ་རང་ཤུགས་ཀྱིས་ཇེ་མང་ནས་ཇེ་མང་དུ་འགྲོ་བར་གདོན་མི་ཟ། དེ་ནི་རང་ཁྱིམ་རང་བདག་དང་རང་སྐྱོང་རྣལ་མ་ཡོང་བའི་གདམས་ངག་གི་ཡང་སྙིང་ཡིན། དེ་དུས་ཀྱི་འབྲོག་པ་དང་ཞིང་བ་རྣམས་ནི་ཕལ་ཆེར་སྒོར་མོ་རྐྱང་རྐྱང་གི་ཆེད་དུ་མིན་མི་སྲིད་པས། ད་ལྟའི་འབྲོག་པ་དང་ཞིང་བ་ཚོའི་སྙིང་སྟོབས་དང་བརྩོན་འགྲུས། རྒྱུན་འཛིན་གྱི་བསམ་བློ་ལ་འགྲན་པའི་དོ་ཟླ་ག་ལ་ཡོད། མཐར་སྲིང་མོ་འོ་མཚོ་སྐྱིད་ཀྱིས་མཚོན་པའི་ཕ་ས་ཕ་ཁྱིམ་ལ་བདག་པོ་བྱེད་བཞིན་པ་དང་བྱེད་པར་འགྱུར་བའི་འབྲོག་པ་རྣམས་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ཁྱེད་ཅག་གི་ཞིམ་པ་མེད་པའི་སྙིང་སྟོབས་ལ་རྗེས་སུ་ཡི་རང་བྱེད་ཀྱིན་ཡོད། ཅེས་པ་འདི་ནི་རྭ་རྒྱ་བ་འཇིགས་མེད་རྒྱལ་མཚན་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་བརྩོན་ལེན་བྱེད་དགོས་པའི་ཞུ་གཏུགས་དོན་རྐྱེན་གྱི་དབང་གིས་གནའ་མཁར་ཟི་ལིང་དུ་སྡོད་སྐབས་བྲིས།

༢༠༢༠ལོའི་བོད་ཟླ་༡༡ཚེས་༢ལ།

གསར་འགོད་པ་འཇིགས་མེད་གྲགས་པ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། he6k བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  སྲིང་མོའི་འོ་སྤྲིས་ལས་ཐོན་པའི་བདག་གི་བསམ་གཞིག   སྤེལ་མཁན།: གངས་འོད། སྤེལ་དུས:2022/10/1
ཁོང་གི་གསུང་རྩོམ་དེའི་ཉིང་བཅུད་ནི་བྱམས་བརྩེ་ཡི་རིན་ཐང་དང་འཚོ་བའི་སྙིང་སྟོབས་བསམ་གཞིག་གི་ལྷག་བསམ་སོགས་མིའི་རིགས་ལ་ཚང་དགོས་པའི་ཀུན་སྤྱོད་དང་བཟོད་བརྩོན་གྱི་རྣམ་པ་གསལ་བོར་འདུག🙏🙏🙏
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23504180
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།