མི་ཆོས་ཀུན་སྤྱོད་སློབ་གསོ་ནི་ཁྱིམ་ཚང་སློབ་གསོ་ནས་འགོ་གཟུག་དགོས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 21 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» སྤྱི་ཚོགས་སློབ་གསོ། »མི་ཆོས་ཀུན་སྤྱོད་སློབ་གསོ་ནི་ཁྱིམ་ཚང་སློབ་གསོ་ནས་འགོ་གཟུག་དག
མི་ཆོས་ཀུན་སྤྱོད་སློབ་གསོ་ནི་ཁྱིམ་ཚང་སློབ་གསོ་ནས་འགོ་གཟུག་དགོས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2020-11-06ལྟ་ཀློག (7589)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མི་ཆོས་ཀུན་སྤྱོད་སློབ་གསོ་ནི་ཁྱིམ་ཚང་སློབ་གསོ་ནས་འགོ་གཟུག་དགོས།

སྒོ་མེ་གསང་བདག་ལྷུན་གྲུབ།

རྩོམ་པ་བོ་ངོ་སྤྲོད་མདོར་བསྡུས།
   གཅེས་མིང་ལ་སེང་བྷེའམ་སྒོ་མེ་སེང་བྷེ་ཟེར། མདོ་སྨད་མཚོ་སྔོན་པོའི་ལྷོ་རྒྱུད།དབུས་ཚྭ་མཚོའི་ཤར་རྒྱུད་ཀྱི་ཆོས་རྗེས་ཡུལ་ཚོ་མོག་དབུས་སྡེ་བའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། ལོ་བཅུ་གསུམ་བར་དུ་ཕྱུགས་རྫིར་ལུས། ༢༠༠༤ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་བོད་སྐད་ཡིག་དངོས་གཞིའི་བསླབ་གནས་དང་། སློབ་གྲྭ་དེའི་ཁྲིམས་ལུགས་སློབ་གླིང་གི་ཁྲིམས་ལུགས་དངོས་གཞིའི་བསླབ་གནས། གློག་ཀླད་ཆ་འཕྲིན་སློབ་གླིང་གི་གློག་ཀླད་ཆེད་སྦྱོང་འཛིན་ཡིག་བཅས་བླངས་ཏེ་སྔ་ཕྱིར་ཆབ་མདོ་དང་། ལྷོ་ཁ་མཚོ་སྨད། ལྷོ་ཁ་གྲོང་ཁྱེར་མཐོ་འབྲིང་གསུམ་པ་སོགས་སུ་དགེ་རྒན་གྱི་བྱ་བ་གཉེར། ༢༠༡༣ལོར་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་ནས་རྩོམ་རིག་རམ་འབྱམས་པའི་བསླབ་གནས་བླངས། ད་ལྟའི་བར་སློབ་དཔྱོད་སློབ་ཁྲིད་ཀྱི་ཞོར་ཏུ་དཔྱད་རྩོམ་དང་། བརྩམས་སྒྲུང་། སྙན་ངག ལྷུག་རྩོམ། སྒྱུར་རྩོམ། དམངས་རྩོམ་བཏུས་བསྒྲིགས་སོགས་བརྒྱ་ལྷག་བོད་ཁམས་ཀྱི་དུས་དེབ་སོགས་སུ་སྤེལ་བ་དང་། སྔ་རྗེས་སུ་ཤུལ་བཞག་རིག་གནས་བརྩམས་ཆོས《བོད་ཀྱི་དངོས་མིན་རིག་གནས་ཤུལ་བཞག་གི་དཔེ་རིས》༼མཉམ་ལས༽དང་མི་ཆོས་བརྩམས་ཆོས巜བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་མི་ཆོས་ཀུན་སྤྱོད་སློབ་གསོའི་སྐོར་གླེང་བ》དང《བོད་ཀྱི་གནའ་རབས་མི་ཆོས་ཀུན་སྤྱོད་ཀྱི་འཕེལ་འགྱུར་ལ་དཔྱད་པ།》ལོ་རྒྱུས་བརྩམས་ཆོས《བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་སྒོ་མེ་ཟེགས་སྒང་ཚོ་པའི་ཁྱིམ་རྒྱུད་གཡུ་ཡི་མགུལ་རྒྱན།》བཅས་བརྩམས།
  ད་ལྟའི་བར་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་སོགས་སུ་གདན་ཞུ་བྱས་པ་ལྟར་སློབ་གསོའི་ཕྱོགས་ཀྱི་འཆད་ཁྲིད་ཐེངས༥༠མ་ཟིན་ཙམ་སྤེལ།
  ད་ལྟ་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སློབ་གསོ་ཅུད་སློབ་དཔྱོད་ཁང་དུ་ཕྱག་ལས་གནང་མུས་ཡིན།


ཁྱིམ་ཚང་ནི་མི་ཚེའི་སློབ་གྲྭ་ཐོག་མ་ཡིན་ལ་སློབ་གྲྭའི་སློབ་གསོའི་རྨང་གཞི་ཡང་ཡིནཏེ། དེ་བཞིན།  ཕ་མ་ནི་མི་ཚེ་ཐོག་མའི་དགེ་རྒན་ཡིན་ལ། མི་རྒྱུད་ལེགས་མིན་གྱི་བཤད་སྟངས་དེ་ཡང་ཁོ་བོས་བསམས་ན་ཕ་མ་བཟང་པོས་བུ་རབས་ཚ་རྒྱུད་རྣམས་ལ་མི་ཆོས་སློབ་གསོ་གཏོང་མཁས་ཀྱི་ཆ་ནས་བཤད་པ་ལས།  ཉིང་མཚམས་སྦྱར་བ་ཙམ་ནས་རུས་པ་ནག་པོ་དང་བསམ་སྦྱོར་སྡུག་པོ་ཅན་ཞིག་མིན།  ཕྲུ་གུའི་འཚར་ལོངས་ཁྲོད་ཀྱི་མི་ཆོས་ཀུན་སྤྱོད་ཀྱི་སྐྱེད་སྲིང་དང་། རང་གཤིས་ཀྱི་བཟང་ངན། མི་གཞིའི་ཆགས་ཚུལ། ཤེས་བྱར་དགའ་མོས་སོགས་ཕ་མས་མི་ཆོས་སློབ་གསོ་དང་འབྲེལ་བ་དམ་པོ་ཡོད། དེ་བས། ཕ་མས་རང་གི་བུ་བུ་མོར་མི་ཆོས་ཀུན་སྤྱོད་ཀྱི་སློབ་གསོ་གཏོང་བའི་འགན་འཁུར་དེ་ངེས་པར་ཕྲག་ཏུ་ལེན་དགོས། མི་ཞིག་གི་མི་ཚེ་ཐོག་མའི་འཚོ་བ་ནི་ཁྱིམ་ཚང་ནས་འགོ་བརྩམ་དེ་སྤྱི་ཚོགས་ལ་ཕྱོགས་དགོས་པས།  སློབ་གསོ་ཡོད་ཚད་སློབ་གྲྭའི་ལས་ཀ་ཞིག་མིན། བྱིས་པའི་འགྲོ་འདུག་སྤྱོད་གསུམ་གྱི་དུས་ཚོད་ཆེས་རིང་ཤོས་ནི་ཁྱིམ་ཚང་གི་འཚོ་བ་ཡིན་ཏེ། ཁྱིམ་བདག་གིས་དུས་རྒྱུན་རང་གི་བུ་དང་བུ་མོ་ཁྱིམ་དུ་སྡོད་དུས་འགྲོ་འདུག་སྤྱོད་གསུམ་ཀྱི་ཐད་ལ་ཆུ་བོའི་རྒྱུན་བཞིན་མི་ཆོས་ཀུན་སྤྱོད་ཕྱོགས་ཀྱི་སློབ་གསོ་གཏོང་རྒྱུ་ནི་རྗེས་ཕྱོགས་རང་གཞན་སྐྱེ་རྒུ་ཀུན་ལ་ཕན་པའི་མི་ཞིག་ཆགས་པའི་ཆེད་དུ་ཡིན། ཕ་མ་དང་མཉམ་དུ་མེད་དུས་སུའང་སློབ་གྲྭ་དང་འབྲེལ་འདྲིས་གཞོགས་འདེགས་བྱས་ཏེ་ཁྱིམ་ཚང་དང་སློབ་གྲྭས་ནུས་པ་མཉམ་སྤེལ་གྱིས་སློབ་གྲྭའི་སློབ་གསོ་ལ་རྒྱབ་སྐྱོར་དང་།  སློབ་གྲྭས་ཁྱིམ་ཚང་ལ་བཏོན་པའི་རེ་བ་སོགས་ལ་མཐོང་ཆེན་བྱས་ན་ད་གཟོད་སློབ་ཕྲུག་རྣམས་སྒོ་ཀུན་ནས་ཤེས་བྱའི་སྤུས་ཚད་ལྡན་པ།  མི་ཆས་ཀུན་སྤྱོད་ལྡན་པ། ལས་ཀའི་ནུས་རྩལ་ལྡན་པའི་མི་འཇོན་ཐང་ཅན་ཞིག་ཏུ་འཚར་ལོངས་འབྱུང་ངེས། གཞན་སློབ་གྲྭའི་ཕྱོགས་ནས་ཀྱང་ཐུགས་ཁུར་ཆེན་པོ་བྱ་དགོས་ཏེ། སློབ་གྲྭ་ནི་སློབ་གསོའི་མ་ལག་ཚང་བའི་སྒྲིག་གཞི་ཞིག་ཡིན་པས་དགེ་རྒན་གྱིས་ངེས་པར་ཏུ་སློབ་གསོའི་མ་ལག་ཚང་བའི་སྒོ་ནས་ཁྱིམ་ཚང་སློབ་གསོར་མཐོང་ཆེན་དང་། སློབ་མའི་ཁྱིམ་བདག་ལ་འབྲེལ་བ་དམ་པོ་བྱས་ཏེ་སྐྱེད་སྲིང་བྱ་དགོས། 


མདོར་ན།  བྱིས་པའི་ཆུང་དུས་ཀྱི་རང་གཤིས་དེས་མི་ཚེ་ཧྲིལ་བོར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱིན་ཡོད་པས་བྱིས་པའི་མི་ཆོས་ཀུན་སྤྱོད་སློབ་གསོ་དེ་ཧ་ཅང་གལ་ཆེན་ཡིན།   དེ་ཡང་།  ཁྱིམ་ཚང་ཞིག་གི་མི་ཆོས་ཀུན་སྤྱོད་སློབ་གསོ་ལེགས་འགྲུབ་ཐུབ་མིན་ལའང་མི་ཆོས་ཀུན་སྤྱོད་སློབ་གསོའི་མ་ལག་རེ་རེར་འགྲེལ་བ་ཆེན་པོ་ཡོད་པས།  ཁྱིམ་ཚང་གཙོས་སློབ་གྲྭ་ཕྱོགས་གཉིས་ནས་འབད་པ་ཆེར་བསྐྱེད་དགོས་སོ།། 

གཤམ་ནས་བྱིས་པ་སྐྱེད་སྲིང་སྐབས་ཉམས་འཇོག་དགོས་པ་འགའ་ཤེས་ཚོད་ཀྱིས་གླེང་བར་བྱས་ན་འདི་ལྟ་སྟེ།

གཅིག བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་དུ་འཇུག་དགོས།

   བྱིས་པའི་བདེ་ཐང་ནི་ལུས་སེམས་གཉིས་ཀྱི་བདེ་ཐང་ལ་གོ། བྱིས་པ་ཞིག་བདེ་ཐང་ངང་འཚར་ལོངས་འབྱུང་དུ་འཇུག་རྒྱུ་ནི་མི་གཤིས་ལེགས་པོ་ཞིག་སྐྱེད་སྲིང་བྱ་བའི་སྔོན་འགྲོའི་ཆ་རྐྱེན་དང་པོ་ཡིན།  ལུས་པོ་བདེ་ཐང་ཟེར་བ་ནི་བཟའ་བཏུང་དང་གཙང་སྦྲའི་ཕྱོགས་ནས་ཉམས་འཇོག་བྱས་ཏེ་ལུས་ལ་ན་ཚད་མེད་ཅིང་།  འབྱུང་བཞི་བདེ་བ་ལ་ཟེར།  དེ་བས་བཟའ་བཏུང་དང་གཙང་སྦྲ།  ལུས་རྩལ་སྦྱོང་བརྡར་ཕྱོགས་ལ་ཆ་རྐྱེན་ལེགས་པོ་བསྐྲུན་དགོས།  དེ་ཡང་བཟའ་བཏུང་ཕྱོགས་ནས་ཟས་བཅུད་ཀྱིས་མ་འདང་པ་ཡིན་ན། དོན་ལྔ་སྣོད་དྲུག་གི་འཚར་ལོངས་ལ་གནོད་པར་གྱུར་ནས་བསམ་གཞིགས་ཀྱི་ནུས་པ་ཉམས་པ་དང་།  སྤྱང་གྲུང་གི་རིག་པ་ལྡིབ་པ། ལུས་པོས་མི་ཐེག་པའི་རྐྱེན་སོགས་འབྱུང་བས། ང་ཚོ་བོད་རིགས་ཞིང་འབྲོག་རྣམས་ཀྱིས་བྱིས་པ་འཚར་ལོངས་ཁྲོད་བཟའ་བཏུང་གི་སྐོར་ལ་དོགས་ཟོན་དེ་འདྲ་བྱེད་ཀྱིན་མེད་པས་བྱ་སྟངས་དེ་བསྒྱུར་བཅོས་བྱ་དགོས།  ཡང་ཕ་མ་འགའ་རེས་བྱིས་པའི་ལུས་པོའི་འཚར་ལོངས་གཙོར་བཟུང་ནས་ཟས་བཅུད་གང་བཟང་གང་ལེགས་སྟེར་གྱིན་ཡོད། བོད་མིའི་ཁ་དཔེར།མས་སྟེར་ཚོད་མ་ཟིན་ན། བུས་ཟ་ཚོད་མི་ཟིནཞེས་པ་ལྟར། ཟས་བཅུད་མང་དྲགས་ནའང་ལུས་པོའི་འཚར་ལོངས་ལ་གནོད་ཅིང་ལེ་ལོ་དང་གཏི་མུག་གི་རྒྱུ་ཡང་དེ་ཡིན་པར་གསུངས། གསོ་རིག་གཞུང་དུ་མིའི་ཟས་སྤྱོད་ཚད་ལྡན་ནི་འདི་ལྟ་སྟེ། མིའི་ཕོ་བ་ཆ་གསུམ་དུ་བགོས་ཏེ། ཆ་གཅིག་ལ་བཟའ་བྱ་དང་། ཆ་གཅིག་ལ་བཏུང་བྱ། ཆ་གཅིག་སྟོང་པར་བཞག་ནས་རླུང་གི་འཁོར་རྒྱུགས་ལ་དགོས་པར་གསུང་ངོ་།། དེ་བས་ཕ་མས་ངེས་པར་ཟ་འཐུང་གི་སྐོར་ལ་འོས་འཚམ་ཀྱིས་བཀོད་སྒྲིག་དང་ལྟ་རྟོགས་བྱ་དགོས། ཡང་ཕ་མ་འགའ་རེའི་བྱིས་པའི་ལུས་ཕུང་སྐྱེས་སྟོབས་ལྡན་པ་དང་།  དུས་རྒྱུན་ཆམ་ནད་སོགས་ཀྱིས་མ་མནར་ན་བདེ་ཐང་ཡིན་བསམས་ཏེ་བྱིས་པའི་སེམས་ཁམས་ཀྱི་བདེ་ཐང་ལ་དོན་སྣང་བྱེད་ཀྱིན་མེད།  ང་ཚོས་བལྟས་ཚོད་ལ།  དོན་ལྔ་སྣོད་དྲུག་གི་འཚར་ལོངས་སྐབས་ས་ཆུ་མེ་རླུང་གི་བདག་རྐྱེན་སྟེང་ཟས་བཅུད་རམ་འདེགས་ཀྱིས་བྱིས་པའི་གཟུགས་པོ་བདེ་མོ་ཞིག་མཐོང་ཡང་།  བྱིས་པའི་སེམས་ཁམས་ཀྱི་བདེ་ཐང་ནི་ཆེས་གཙོ་སྟེ། ད་ལྟ་ང་ཚོ་བོད་རིགས་ཞིང་འབྲོག་བྱིས་པ་ཕལ་ཆེར་ཞིག་ལ་སེམས་ཁམས་བདེ་ཐང་མིན་པའི་སྣང་བ་ཡོད། དཔེར་ན། ང་ཚོ་བྱིས་པ་རྣམས་དངངས་འཚབ་ཆེ་བ། ཁེར་རྐྱང་ཁེར་འགྲོ་བྱེད་པ། སྨྲ་བརྗོད་ལ་མི་དགའ་བ། དགའ་སྐྱོ་ལ་དྭངས་མཐའ་མེད་པ། སྙིང་སྟོབས་དབེན་པ། དངངས་སྐྲག་ཆེ་བ། དཀའ་ངལ་ལ་སྐྲག་སྣང་ཆེ་བ། དྲང་བདེན་མིན་པ། གསར་གཏོད་ཀྱི་སྙིང་སྟོབས་དབེན་པ། བརྩོན་སེམས་མེད་པ། མི་ལ་གཞོགས་བསྙེས་ཆེ་བ། མཁྲེགས་བཟུང་ངང་ཐུང་ཡིན་པ། ལས་བདའ་ལ་དགའ་བ། བྱ་བར་ཐག་གཅོད་ཀྱི་སྙིང་སྟོབས་མེད་པ།  ངོ་ཚེ་ཆེ་བ་སོགས་ཀྱི་གནས་ཚུལ་མཐོང་རྒྱུ་ཡོད་པས་འདི་དག་ནི་བྱིས་པའི་སེམས་ཁམས་ལ་རག་ལས་པར་འདོད་དེ། དེ་བས་ཀྱང་བྱིས་པའི་སེམས་ཁམས་བདེ་ཐང་ལ་དོ་སྣང་མ་བྱས་པའི་སློབ་གསོའི་སྐྱོན་ཆེ་ཤོས་ཤིག་ཏུ་བསམས།  ཡང་ཕ་མ་འགའ་རེས་རང་གི་བུ་བུ་མོའི་རྒྱུགས་འབྲས་གཅིག་པོར་བསམ་བློ་བཏང་ནས།  རྒྱུགས་འབྲས་ལེགས་པོ་མ་ལོན་ཚེ་གཤེ་གཤེ་དང་།  ཐ་ན་རྡུང་རྡེག་བྱེད་ཀྱིན་ཡོད་པས།  བྱིས་པའི་སེམས་ཁམས་ཀྱི་བདེ་ཐང་ལ་གནོད་ཀྱིན་ཡོད།  དེ་བས་བྱིས་པའི་བདེ་ཐང་ནི། ལུས་སེམས་གཉིས་ཀྱི་བདེ་ཐང་ལ་གོ་བས།  ང་ཚོ་ཁྱིམ་བདག་གམ་ཕ་མ་རྣམས་ནས་གཟབ་ནན་བྱ་དགོས་པའི་དོན་དག་ཅིག་སྟེ།  བྱིས་པའི་ལུས་སེམས་གཉིས་ཀྱི་བདེ་ཐང་ལ་དོ་སྣང་ཆེན་པོ་བྱ་དགོས་པ་ཡིན། དེ་ནི་མི་གཤིས་ལེགས་ཤིང་།  མི་ཆོས་ཀུན་སྤྱོད་ལྡན་པའི་མི་ཞིག་སྐྱེད་སྲིང་བྱེད་པར་སྔོན་འགྲོའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཀྱང་ཡིན་སྙམ་མོ།།

 

གཉིས། ཕ་མའི་ཀུན་སྤྱོད་ལས་བྱིས་པར་ཤུགས་རྐྱེན་ཐེབས་ཚུལ།

   ཁྱིམ་ཚང་ནི་བྱིས་པའི་འཚར་ལོངས་ཁྲོད་ཀྱི་ཁོར་ཡུག་ཐོག་མ་ཡིན་པས།  ཁྱིམ་ཚང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ནས་བྱིས་པའི་སེམས་རྒྱུད་ལ་གཤིས་བཟང་གི་བག་ཆགས་ཟབ་མོ་ཞིག་འཇོག་རྒྱུ་ནི་ཕ་མ་ཀུན་གྱིས་ཡིད་འཇོག་བྱ་རྒྱུ་ཞིག་ཡིན།  ཡང་གཅིག་བཤད་ན་བྱིས་པའི་ཐོག་མའི་མི་ཆོས་ཀུན་སྤྱོད་ཀྱི་ལད་ཟློས་བྱ་ས་ནི་ཕ་མ་ཡིན་པས། ཕ་མ་རྣམས་ནས་རང་གི་འགྲོ་འདུག་སྤྱོད་གསུམ་ལ་ཉམས་འཇོག་དགོས།  ཕ་མ་ནི་བུ་ཕྲུག་གི་མེ་ལོང་ལྟ་བུ་ཡིན། ཕ་མས་ཕ་མ་ལ་བཟུང་བའི་སྲི་ཞུ།  ཕ་མས་མིང་སྲིང་ལ་བཟུང་བའི་བརྩེ་འདང་། ཕ་མའི་མི་ཆོས་ཀུན་སྤྱོད་དང་། འཚོ་བར་བཟུང་བའི་ལྟ་ཚུལ།  མིའི་འབྲེལ་འདྲིས། བྱ་བར་ཧུར་བརྩོན། སློབ་སྦྱོང་གི་རྣམ་འགྱུར། སྤུན་གྲོགས་ལ་བཟུང་བའི་བརྩེ་སེམས། བཟང་ངན་གྱི་དབྱེ་འབྱེད་བཅས་ལས་བྱིས་པར་བག་ཆགས་གཏིང་ཟབ་པ་ཞིག་འཇོག་བཞིན་ཡོད་པ་མ་ཟད། བྱིས་པའི་འཚར་ལོངས་དང་། སྤྱོད་སྟངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱིན་ཡོད། དེ་བས་བྱིས་པར་མི་ཆོས་ཀུན་སྤྱོད་ལེགས་པོ་ཞིག་ཆགས་ཐུབ་པར་ཐོག་མར་ཕ་མ་ལའང་མི་ཆོས་ཀུན་སྤྱོད་ལེགས་པོ་ཞིག་དགོས། གལ་ཏེ་ཕ་མར་ཀུན་སྤྱོད་ཚད་ལྡན་ཞིག་མེད་ན་བུ་ཕྲུག་གི་རྒྱུད་ལ་ཀུན་སྤྱོད་ལེགས་པོ་ཞིག་ཐོབ་པར་ཁག་པོ་ཡིན། ཇི་སྐད་དུཕ་མ་ནི་བྱིས་པའི་མེ་ལོང་ཡིན། བྱིས་པ་ནི་ཕ་མའི་གཟུགས་བརྙན་ཡིན།ཞེས་པའི་སྐད་ཆ་འདི་ནི་གནས་ལུགས་དང་ལྡན་པ་ཞིག་སྟེ། གཞན་ཡངགནམ་འོག་གི་གཞི་མ་རྒྱལ་ཁབ་དང་། རྒྱལ་ཁབ་ཀྱི་གཞི་མ་ཁྱིམ་ཚང་ཡིན། ཁྱིམ་ཚང་གི་གཞི་མ་རང་ལུས་ཡིན།ཞེས་པ་ལྟར་རང་ལུས་ཀྱི་གཞི་མ་ནི་མི་ཆོས་ཀུན་སྤྱོད་ཡིན་པས། མི་ཆོས་ཀུན་སྤྱོད་ཀྱི་གཞི་མ་ནི་ཐོག་མར་ཕ་མར་རག་ལས་པ་ཡིན། དེའི་དབང་གིས་ཕ་མའི་མི་ཆོས་ཀུན་སྤྱོད་ལས་རྒྱལ་ཁབ་དང་ཁྱིམ་ཚང་བཅས་ལ་དགེ་སྐྱོན་མི་ཉུང་བ་ཐོན་གྱིན་ཡོད། ཕ་མ་ནི་རྒྱལ་ཁབ་དང་ཁྱིམ་ཚང་བཅས་ཀྱི་གཞི་མ་རེད།  ཇི་སྐད་དུགང་ཞིག་གསེར་གྱི་རི་ལ་གནས་པས་ན། དེ་ཡིས་འདབ་ཆགས་ཐམས་ཅད་གསེར་དུ་བསྒྱུར། གང་ཞིག་དུག་གི་རི་ལ་གནས་པས་ན། དེ་ཡིས་འདབ་ཆགས་ཐམས་ཅད་དུག་ལ་བསྒྱུར།ཞེས་པ་ལྟར་བྱིས་པར་ཀུན་སྤྱོད་ལེགས་པོ་འབྱུང་བར་ཐད་ཀར་ཕ་མ་ལ་འབྲེལ་བ་དམ་པོ་ཡོད་པས། ཕ་མ་ནི་མི་ཆོས་ཀུན་སྤྱོད་ཕྱོགས་ཀྱི་མིག་དཔེ་གཞན་སྟོན་གྱི་བཤེས་གཉེན་ཐོག་མ་ཡིན་པ་ཕ་མ་ཀུན་གྱིས་གསལ་པོར་རྟོགས་དགོས་སོ༎

དེང་སང་བྱིས་པ་ཁེ་སྐྱེས་ཀྱི་སྲིད་ཇུས་ལག་བསྟར་བྱས་པས།  ཁྱིམ་བདག་ལ་ལས་བུ་ཕྲུག་གཅེས་ལང་དུ་བཏང་ནས་ཅི་འདོད་བྱེད་དུ་འཇུག  ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་ཡང་ཇེ་ལེགས་སུ་སོང་སྟེ།  ཕ་མ་རྣམས་ནམ་རྒྱུན་ཆང་རག་གིས་སྦགས་ཏེ་ནང་མ་ཁང་དང་ཆང་ཁང་། ཇ་ཁང་སོགས་སུ་འཁྱམས་ནས་སྒྲིག་ཤོ་དང་རྒྱན་འཛིགས་ཁོ་ནར་མགོ་འགོར་བའི་རང་གི་ལྟ་སྤྱོད་བཙོག་པོ་རྣམས་བུ་ཕྲུག་གི་རྒྱུད་ལ་འཇོག་གི་ཡོད། དེ་ནི་ཡང་ཕ་མར་མི་ཚེ་རིན་ཐང་གི་ལྟ་བ་ལེགས་པོ་ཞིག་ཆགས་མེད་པས་ཡིན་ལ།  འཇིག་རྟེན་ཟང་ཟོང་གི་ལོངས་སྤྱོད་ཁོ་ན་ནི་བདེ་སྐྱིད་དུ་བསམ་པའི་ནོར་འཁྲུལ་གྱི་བསམ་བློ་ལས་བྱུང་བ་ཡིན།  མི་རིགས་དང་རྒྱལ་ཁབ་ཀྱི་མ་འོངས་པའི་འཕེལ་རྒྱས་ནི་ང་ཚོའི་བྱིས་པ་དག་ལ་རག་ལས་པས། ཕ་མ་རྣམས་ཀྱིས་རང་གི་བྱིས་པ་སྐྱེད་སྲིང་ལེགས་པོ་བྱ་རྒྱུ་ནི་དོན་དག་ཧ་ཅང་གལ་ཆེན་ཞིག་རེད།  སྤྱིར་བཤད་ན་ཕ་མ་རྣམས་ཀྱིས་མི་ཆོས་ཀུན་སྤྱོད་ལེགས་པའི་ཡ་རབས་གཤིས་བཟང་གི་རྗེས་རབས་པ་ཞིག་སྐྱེད་སྲིང་ཐུབ་ན་ནི།  མི་རིགས་ཀྱི་རྒྱན་ཆ་དང་།  མེས་རྒྱལ་གྱི་ལ་རྒྱ།  འཆམ་འཐུན་གྱི་གཞི་མ་བཅས་ཡིན་པས།  ང་ཚོ་ཕ་མ་རྣམས་ཀྱིས་ངེས་པར་དུ་རང་ཉིད་ཀྱི་བྱ་སྤྱོད་ནས་གཟབ་སྟེ་རང་གི་བྱིས་པ་རྣམས་ལ་ཆུང་དུས་ནས་རང་གི་མི་གཤིས་ལེགས་པའི་བག་ཆགས་ལེགས་པོ་ཞིག་འཇོག་ཐུབ་པ་བྱ་དགོས་སོ།། ཡང་ཁ་ཤས་ཀྱིས། ངའི་བུ་ཕྲུག་གི་འཚོ་ཚུལ་ངས་བཀོད་སྒྲིག་བྱས་ཚར་བས།  ཁྱོད་ལ་ཇུས་ཏོག་མེད་ཟེར་ན། དེ་ནི་བདེན་དེ་དུད་འགྲོས་ཀྱང་རང་གི་འཚོ་ཚིས་བསྒྲུབ་ཤེས་པས་སོ།། མིས་རང་གི་འཚོ་ཚིས་གཅིག་པོར་བསམ་བློ་བཏང་ན་ཉམས་པར་འགྱུར་བ་འོག་ནས་འཆད་པར་འགྱུར་བས་འདིར་ཚིག་གི་ཚོགས་པ་མི་སྤེལ་ལོ།།

 

གསུམ། བྱིས་དུས་ནས་གོམས་གཤིས་ལེགས་པོ་དགོས་པའི་འདུ་ཤེས་བསྐྱེད་དགོས།

 གོམས་ན་སླ་བ་མི་གྱུར་པའི།། དངོས་དེ་གང་ཡང་ཡོད་མ་ཡིན།ཞེས་པ་ལྟར་ཆུང་བྱིས་པ་རྣམས་ཆུང་དུས་ནས་ཀུན་སྤྱོད་ལེགས་ཤིང་ཤེས་རིག་ལ་བརྩོན་པ།  དཀའ་ངལ་ལ་མི་སྐྲག་ཅིང་དཔའ་མི་ཞུམ་པ།  སློབ་སྦྱོང་ལ་མོས་ཤིང་འབྲེལ་འདྲིས་ལ་དགའ་བ།  ཕ་མར་སྲི་ཞུ་ལྡན་ཞིང་གཞུངས་རིང་བ།  རྒན་པར་བརྩི་བཀུར་ཆེ་ཞིང་དྲིན་ཤེས་པ་བཅས་ལ་གོམས་ཤིང་།  འདུ་ཤེས་ཀྱི་བསམ་བློ་ལེགས་པོ་ཞིག་སྐྱེད་སྲིང་བྱས་རྗེས་ཐོག་མཐའ་བར་གསུམ་དུ་མི་རིགས་དང་མེས་རྒྱལ་ལ་ཕན་ཐོག་པའི་འཇོན་མི་ཆགས་ཐུབ་པ་ཡིན།   ཇི་སྐད་དུ།  མིའི་ཡོན་ཏན་ལ་བསྒྱུར་བ་བྱེད་ཐུབ་སྟེ། མི་གཤིས་ནི་དེ་འདྲ་མ་ཡིན་ནོ།། ཞེས་པ་བཞིན་མི་ཞིག་ལ་གོམས་གཤིས་ཤིག་ཆགས་རྗེས།  ནམ་ཡང་བསྒྱུར་དུ་དཀའ།  དེ་བས་ཆུང་བྱིས་པར་གོམས་སྲོལ་ལམ་གོམས་གཤིས་ལེགས་པོ་ཞིག་ཆགས་པར་ཁྱིམ་ཚང་སློབ་གསོའི་མ་ལག་མེད་དུ་མི་རུང་བ་ཞིག་ཡིན།  གཞན་ཡང་སྐད་ཆའི་གོམས་གཤིས། འཚོ་བའི་འགྲོ་འདུག་སྤྱོད་གསུམ་གྱི་གོམས་གཤིས་བཅས་ཀྱི་ཐད་ལ་དེ་བས་ཉམས་འཇོག་དགོས་ཏེ།  མི་གཤིས་ལེགས་པའི་འཇོན་ལྡན་མི་ཞིག་གིས་མེས་རྒྱལ་དང་། སྤྱི་ཚོགས་བཅས་ལ་དགོས་ངེས་ཀྱི་བདེ་སྐྱིད་བསྐྲུན་ཐུབ་པས།  བྱིས་པར་གོམས་གཤིས་ལེགས་པོ་ཞིག་ཆགས་ཐུབ་པ་བྱ་རྒྱུའི་འདུ་ཤེས་དེ་ང་ཚོ་ལ་ནམ་ཡང་ལྡན་དགོས་ཏེ་འདི་ལ་མཐོང་ཆུང་གཏན་ནས་བྱ་རྒྱུ་མེད་དོ༎

 

བཞི། བྱིས་དུས་ནས་རང་ཁ་རང་གསོའི་བསམ་བློ་སྐྱེད་སྲིང་བྱ་དགོས།

བྱིས་པའི་དུས་ནས་རང་ཁ་རང་གསོ་བྱེད་པའི་བསམ་བློ་ཞིག་སྐྱེད་སྲིང་བྱེད་ཐུབ་པ་བྱུང་ན་བྱ་བ་གང་ཞིག་རང་ནུས་ཀྱིས་བསྒྲུབ་པ་དང་།  རང་ནུས་ཀྱིས་བསམ་གཞིགས།  རང་ནུས་ཀྱི་གསར་གཏོད་བཅས་ལ་ཆ་རྐྱེན་བསྐྲུན་པ་ཡིན།  དེ་འདྲ་ཡིན་ན་ད་གཟོད་མི་རིགས་དང་སྤྱི་ཚོགས། རྒྱལ་ཁབ་བཅས་ལ་ཤིན་ཏུ་མཁོ་བའི་མི་ཞིག་ཏུ་འགྱུར་ཐུབ་པ་ཡིན།  ཡིན་ཡང་ཕ་མ་ལ་ལས་བུ་ཕྲུག་གཅེས་ལང་དུ་བཏང་ནས་རང་ཉིད་ཀྱིས་སྒྲུབ་ཐུབ་པའི་ལས་ཀ་གང་ཡོད་ཐམས་ཅད་ཀྱང་ཕ་མས་བསྒྲུབ་པ། ཕ་མ་བུ་ཕྲུག་ལ་དགའ་བའི་ཚད་ཐལ་དྲགས་པ་སོགས་ཀྱིས་བུ་བུ་མོ་ལང་ཤོར་དུ་སོང་ནས་ཕ་མ་ལ་བརྟེན་པའི་འདུན་པ་ཆེ་རུ་སོང་སྟེ་འཚོ་གནས་ཀྱི་འགན་འཁུར་མེད་པ། ང་རྒྱལ་ཆེ་བ། བརྩོན་སེམས་མེད་པ་ཞིག་ཏུ་ཆགས་ཀྱིན་ཡོད་དེ། དེང་འདིར་ཕ་མ་འགའ་རེས་རང་གི་རྒྱུ་དབང་ལ་བརྟེན་ནས་བུ་དང་བུ་མོར་ལས་ཀ་འཚོལ་པའི་གོམས་གཤིས་ངན་པ་ཞིག་ཆགས་ཡོད།  དེས་བུ་དང་བུ་མོའི་བརྩོན་སེམས་དང་།  འགན་འཁྲིའི་སེམས་ཤུགས་ལ་གནོད་རྐྱེན་ཐེབས་ཏེ་མཐར་ཕན་ཐོགས་མེད་པའི་མི་ཞིག་ཏུ་འགྱུར་གྱིན་ཡོད།  དེ་ཡངཕ་མའི་གྲུབ་འབྲས་དང་བྱས་རྗེས་སོགས་ནི་བུ་ཕྲུག་གི་འཚོ་བའི་བརྟེན་ས་དང་དཔལ་འབྱོར་གྱི་འབྱུང་ས། དབང་ཆ་སོགས་ཀྱི་མ་རྩ་བྱེད་མི་རུང[2]ཞེས་པ་བཞིན།  བུ་ཕྲུག་གཅེས་ལང་དུ་གཏོང་བ་ནི་ནོར་འཁྲུལ་ཆེན་པོ་ལྡན་པའི་ལས་ཀ་ཞིག་ཡིན་པས་ཕ་མ་རྣམས་ཀྱིས་ངེས་པར་རང་གི་བུ་བུ་མོ་རང་རྐྱ་ཐུབ་པ་དང་། རང་དོན་ཤེས་པ། རང་ཁ་རང་གསོ་བྱེད་ཐུབ་པ་ཞིག་ཏུ་སྐྱེད་སྲིང་བྱེད་དགོས་པ་མ་ཟད། མི་སྒེར་དང་སྤྱི་ཚོགས་བར། ལས་ཀ་དང་ལོངས་སྤྱོད།  དབང་ཆ་དང་འོས་འགན་བར། གསར་གཏོད་དང་དགའ་སྤྲོ་བར་བཅས་ལ་འབྲེལ་བ་ལེགས་པོ་ཞིག་ཆགས་པར་འཇུག་པའམ་གོ་བ་གསལ་པོ་ཞིག་ལེན་ཏུ་བཅུག་སྟེ། རང་ཁ་རང་གསོ་བྱེད་པའི་བསམ་བློ་ཞིག་ངེས་པར་སྐྱེད་སྲིང་བྱ་དགོས་སོ།།

 

ལྔ། བྱིས་དུས་ནས་ཁྲིམས་སྲུང་གི་བསམ་བློ་སྐྱེད་སྲིང་བྱ་དགོས།

  ཁྲིམས་སྲུང་གི་བསམ་བློ་འདི་ཡང་མི་ཆོས་ཀུན་སྤྱོད་དང་དམ་དུ་འབྲེལ་ཡོད་པས། ང་ཚོ་ཞིང་འབྲོག་ཁུལ་དང་། ཡུལ་མཐའ་འཁོབ་གྱི་སློབ་གྲྭའི་སློབ་མ་དག་ལ་མཚོན་ན། ཁྲིམས་ལུགས་ཀྱི་འདུ་ཤེས་དཀོན་ཞིང་། ཁྲིམས་སྲུང་གི་ཤེས་བྱ་ཞན་པས། ཁྲིམས་འགལ་ལུགས་འགལ་གྱི་བྱ་བ་སྣ་ཚོགས་ཤིག་སྒྲུབ་པར་ཐེ་ཚོམ་མེད། འདི་དག་སློབ་མ་ཁོ་ནའི་སྐྱོན་མིན་པར་ཁྱིམ་ཚང་དང་སྤྱི་ཚོགས།  སློབ་གྲྭ་བཅས་ཀྱིས་ཁྲིམས་སྲུང་གི་བསམ་བློའི་འདུ་ཤེས་སྐྱེད་སྲིང་མ་བྱས་པར་རག་ལས་ཡོད།  ལྷག་པར་དུ་ཆུང་བྱིས་པའི་དུས་ནས་ཕ་མས་རང་གི་བུ་ཕྲུག་གི་བསམ་བློའི་འདུ་ཤེས་སྟེང་ལ་ཁྲིམས་ལུགས་ཕྱོགས་ཀྱི་ཤེས་བྱ་སྤེལ་དགོས་པ་མ་ཟད། བུ་ཕྲུག་གི་སེམས་ཁམས་ལ་རྒྱུས་ལོན་བྱས་ཏེ་མི་ཚེ་ལྟ་བ་ཡང་དག་ཅིག་ཆགས་པར་བཅུག་སྟེ། ཁྲིམས་ལུགས་སྲུང་མཁས་པ། བཀོད་མཁས་པ། རང་གིས་རང་གཅུན་ཐུབ་པའི་མི་ཞིག་ཏུ་སྐྱེད་སྲིང་བྱ་དགོས་ཏེ།  དེ་བཞིན་སློབ་གྲྭ་དང་སྤྱི་ཚོགས་ཕྱོགས་ནས་ཀྱང་དུས་རྒྱུན་ལོ་ཆུང་སློབ་མ་རྣམས་ལ་ཁྲིམས་ལུགས་ཤེས་བྱ་སྤེལ་གང་ཐུབ་བྱས་ཏེ།  མི་ཆོས་ཀུན་སྤྱོད་ཀྱི་རྒྱབ་སྐྱོར་ཏུ་གྱུར་བའི་ཁྲིམས་ལུགས་འདི་ལུགས་གཉིས་རྒྱབ་བརྟེན་ཏུ་འགྱུར་ཐུབ་པ་བྱ་དགོས་སོ།།

ལྷ་ས་ལྷོ་ཁ་གྲོང་ཁྱེར་སློབ་གསོ་ཅུད་སློབ་དཔྱོད་ཁང་།

西藏山南市教育局教研室  桑德龙珠   13658933136


གསར་འགོད་པ།  སྨར་ཁམས་མཁའ་འགྲོ་རྒྱལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 52u8 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23507217
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།