ཆོས་ཀྱི་གོ་བ་ཐན་ཐུན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་ལྡོང་ཡོན་ཏན་རྒྱ་མཚོ། »ཆོས་ཀྱི་གོ་བ་ཐན་ཐུན།
ཆོས་ཀྱི་གོ་བ་ཐན་ཐུན།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2020-10-30ལྟ་ཀློག (5874)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཆོས་ཀྱི་གོ་བ་ཐན་ཐུན།


ལྡོང་ཡོན་ཏན་རྒྱ་མཚོ།

     བློ་བསྐྱེད་ཅེས་པ་ནི་སྔར་གོ་མ་མྱོང་བ་ཞིག་གསར་དུ་ཐོས་པའི་དོན་མིན་པར། སྔར་མ་ཤེས་པ་ཞིག་ཤེས་སུ་བཅུག་པའོ།།


    སྔོན་གྱི་བཀའ་གདམས་པ་རྣམས་ཀྱིས། ད་རེས་ཕྱུགས་ལས་བྱེ་བྲག་འབྱེད་པའི་དུས་ཡིན་ཞེས་ཡང་ཡང་གསུངས། ཕྱུགས་ནི་དུད་འགྲོའི་མིང་སྟེ། བྱེ་བྲག་འབྱེད་པ་ནི་ཁྱད་པར་འབྱེད་པའོ།། མིའི་ལུས་རྟེན་ཐོབ་ཀྱང་།བསམ་བློ་དང་བྱ་བ་དུད་འགྲོ་ལས་དབྱེ་བ་མེད་ན་ཁྱད་པར་འབྱེད་མ་ཐུབ་པ་རེད། དེས་ན། མི་ཞིག་ཡིན་ཚེ།འཇིག་རྟེན་ཕྱི་མ་ཕན་ཆད་ཀྱི་བསམ་སྦྱོར་ཞིག་ཅིས་ཀྱང་ཡོད་དགོས་པར་འདུག

    ཡར་འགྲོ་མ་ཐུབ་ནའང་། མར་མི་ལྷུང་བ་ཞིག་གལ་ཆེའོ།།


བསམ་རྒྱུ་དྲན་རྒྱུ་ཅི་ཡང་མེད་པར། གཡམ་རྒྱུགས་དང་ལད་མོ་ཙམ་གྱིས་ཆོས་བྱས་པའི་གོ་མི་ཆོད།


བྱང་ཆུབ་ལམ་རིམ་ཆེ་ཆུང་ནི་རྗེ་བདག་ཉིད་ཆེན་པོའི་ཐུགས་ཀྱི་བཅུད་ཡིན་པས། རང་གིས་ཀྱང་ཚེ་གང་བོར་ཆིག་དྲིལ་དུ་ཉམས་སུ་ལེན་ནུས་པ་ཞིག་ཨེ་འཁྱོང་ལ་འབད་པ་བྱེད་འདོད།


སྟོན་པ་ཐུགས་རྗེ་ཅན་གྱི་མཛད་པ་ཐམས་ཅད་ལས་གསུང་གི་མཛད་པ་གཙོ་བོ་དང་། གསུང་རབ་ཐམས་ཅད་ཀྱི་རྩ་བ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་ཡིན་ནོ།།


རང་གཞན་སེམས་ཅན་ཐམས་ཅད་མཐའ་མེད་པའི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་རང་དབང་མེད་པར་འཁྱམས་པའི་རྩ་བ་བདག་འཛིན་ལ་ཐུག་པས།  དེ་མ་སྤངས་བར་དུ་འཁོར་བ་ལས་ལྡོག་པའི་ཐབས་མེད། སྲིད་པའི་རྩ་བ་གཅོད་བྱེད་དངོས་ནི་སྟོང་ཉིད་རྟོགས་པའི་ལྟ་བའོ།།


སྒྲིབ་པ་ཕྲ་རགས་ཐམས་ཅད་རྩ་བ་ནས་འདོན་པ་ལ་སྟོང་ཉིད་རྟོགས་པའི་ལྟ་བ་གཅིག་བུས་མི་ཆོག་པར། བྱང་ཆུབ་ཀྱི་སེམས་སོགས་ཐབས་ཁྱད་པར་ཅན་དང་འབྲེལ་ནས་ཡུན་རིང་བོར་སྐྱོང་དགོས།


ཟབ་རྒྱས་གཉིས་སུ་མ་འདུས་པའི་ཉམས་ལེན་ཞིག་མེད་ལ། ཟབ་རྒྱས་ཀྱི་མཛད་པར་མ་ཚང་བའི་སངས་རྒྱས་ཀྱི་མཛད་པ་ཞེས་པ་ཞིག་ཀྱང་མེད།

༡༠


རྒྱུས་མེད་ཀྱི་ཡུལ་དུ་འགྲོ་ཚེ་ལམ་སྟོན་མཁན་ཚུན་ཆད་བླ་མའི་ཐུགས་རྗེ་དང་བྱིན་རླབས་ལ་གོ་བ་ལེན་ཚུལ་ཡོད།

༡༡


སོ་ཐར་བསྟན་པའི་རྩ་བ་ཡིན་པས།བསྟན་པ་གནས་མི་གནས་སྡོམ་པའི་འབོག་ཆོག་དང་གཞི་གསུམ་སོགས་ཀྱི་ཕྱག་ལེན་དྲི་མ་མེད་པ་ཚུལ་བཞིན་དུ་སྤྱོད་པའི་དགེ་འདུན་པ་ཡོད་མེད་ཀྱི་སྒོ་ནས་འཇོག་པའི་རྩ་གནད་དེ་ལ་ཐུག་ཡོད།

༡༢


རང་རྒྱུད་ཀྱི་བསྟན་པ་རང་གིས་བཤིག་ཟེར་བ་ནི། དཔེར་ན། གྲྭ་བས་ཆང་འཐུང་བ་དང་ལྟ་ལོག་བྱས་པ་ལྟ་བུའི་སྟེང་ནས་གོ་བ་ལེན་དགོས།

༡༣


བླ་མ་རྣམ་པའི་ཞལ་རྒྱུན་དུ། མཉམ་མེད་ཇོ་བོ་རྗེས་མཛད་པའི་ལམ་སྒྲོན་ནི། སངས་རྒྱས་ཀྱི་བསྟན་པ་དང་ཆོས་ཀྱི་བཅའ་ཡིག་ཡིན་གསུངས།

༡༤


ཆོས་མིན་གྱི་བྱ་བས་ཚེ་འདི་ཁོ་ན་དོན་དུ་གཉེར་མཁན་དང་། ཆོས་དང་ཆོས་མིན་བསྲེས་ནས་ཚེ་འདི་ཁོ་ན་དོན་དུ་གཉེར་མཁན་གཉིས་ནི་ལམ་སྒྲོན་དངོས་བསྟན་གྱི་སྐྱེས་བུ་ཆུང་ངུ་མིན།

༡༥


སྐྱེས་བུ་ཆུང་ངུ་ཁྱད་པར་ཅན་གྱི་བསམ་པ་ཙམ་ཡང་རྒྱུད་ལ་མེད་ན་གང་བྱས་ཆོས་སུ་མི་འགྲོ་བས།འགག་མདོ་ངོ་མ་འདི་ན་ཡོད།

༡༦


སྔགས་ཉམས་ལེན་གྱི་རྨང་གཞིར། བྱང་ཆུབ་ཀྱི་སེམས་དང་ཡང་དག་པའི་ལྟ་བ་གཉིས་ནི་མེད་མི་རུང་གི་ཆོས་ཡིན།


༡༧


ལམ་རིམ་ལས། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་གསུངས་པ་ནི། གཞི་མཐུན་ཡོད་པའི་འགལ་མེད་ལ་མི་བྱེད་པར། ཚ་གྲང་ལྟ་བུར་འགལ་བ་མེད་པ་ལ་བྱེད་དགོས་པར་སྣང་།



༡༨


སྐད་ཅིག་མ་མི་རྟག་པའི་མཚན་ཉིད་དུ་ཤེས་ཀྱང་། སྐད་ཅིག་གིས་འཇིག་ཚུལ་མ་བསམ་པར་མི་རྟག་པ་ཇི་ལྟར་སྒོམ།


༡༩


དད་པ་དང་ཤེས་རབ་མ་རྒྱས་པར་རྟོགས་པ་རྒྱས་ཚུལ་ཞིག་མེད་པས། རྟོགས་པ་མཐོ་ཡང་གཞུང་ལུགས་མི་ཤེས་ཟེར་བ་བླུན་གཏམ་ཡིན།


༢༠


དད་པ་ནི་སྣོད་དང་། ཤེས་རབ་ནི་དེའི་ནང་བཅུད་ལྟ་བུ་ཡིན་ཏེ། དད་པ་དང་ཤེས་རབ་འཕེལ་བ་ལ་ཉམས་ལེན་འཕེལ་བ་ཞེས་བྱའོ།

༢༡


མིག་བཙུམ་སྟེ་ཙོག་བུར་བསྡད་པ་ཙམ་ལ་སྒོམ་མི་ཟེར། སྒོམ་ལ་འཇོག་སྒོམ་དང་དཔྱད་སྒོམ་གཉིས་ཡོད། འཇོག་སྒོམ་དང་ཞི་གནས་ཀྱི་སྒོམ་དོན་གཅིག  དཔྱད་སྒོམ་དང་ལྷག་མཐོང་གི་སྒོམ་དོན་གཅིག་ཅེས་པ་རྗེ་བླ་མའི་དགོངས་པ་རྨ་མེད་པའོ།། གསུང་རབ་ཐམས་ཅད་གདམས་ངག་ཏུ་འཆར་བ་དཔྱད་སྒོམ་སྒོམ་དུ་ཤེས་པ་ལ་རག་ལས།འཇོག་སྒོམ་ལ་དཔྱད་སྒོམ་སྔོན་དུ་འགྲོ་དགོས།


༢༢


  རྒྱལ་བའི་གསུང་རབ་ལ་འདོར་ལེན་དང་བཤད་སྒྲུབ་རེས་འཇོག་མི་བྱེད་པར། ཟུང་འབྲེལ་དུ་ཉམས་སུ་ལེན་པ་དེ་ཧ་ཅང་གལ་ཆེན་པོ་ཡིན་འདུག


༢༣


རང་རེ་མདོ་སྔགས་ཀྱི་ཆོས་ཆ་ཚང་དར་སའི་བོད་ཡུལ་དུ་སྐྱེས་ཀྱང་། གཞུང་མང་བོ་སྦྱངས་ནས་སུ་ལ་འཆད་ཟེར་མཁན་གྱི་རིགས་ཤིག་ཡོད་པ་དེ་ཚོས། ཐོས་པའི་ཕན་ཡོན་རྩ་བ་ནས་ཤེས་མེད།


༢༤


དུས་ཐམས་ཅད་དུ་གསུང་རབ་ཀྱི་དོན་དང་བླང་དོར་གྱི་གནས་ལ་དཔྱད་པ་ཞིབ་མོ་བཏང་སྟེ། སྤང་བླང་མ་ནོར་བ་དང་དགེ་བའི་འདུ་ཤེས་དང་མི་འབྲལ་མཁན་དག་ལ་ཆོས་པ་ཟེར།


༢༥


མ་ཎིའམ་ཡིག་བརྒྱ་སོགས་གཟུངས་སྔགས་རེ་བགྲངས་ནས་བསྡད་འདུག་ཅེས་དམའ་འབེབ་མི་རུང་སྟེ།སངས་རྒྱས་ཀྱི་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྔགས་ཀྱི་གདངས་སུ་ཤར་བ་ལ་སྙིང་བོ་དང་ཉེ་སྙིང་ཟེར་ཞེས་བསྐྱེད་རྫོགས་ཀྱི་གཞུང་མང་བོར་འབྱུང་ངོ་།།


༢༦


བྱང་ས་ལས། དམ་པའི་ཆོས་ལ་རིན་པོ་ཆེའི་འདུ་ཤེས་དང་།མིག་གི་འདུ་ཤེས། སྣང་བའི་འདུ་ཤེས། ཕན་ཡོན་ཆེ་བའི་འདུ་ཤེས། ཁ་ན་མ་ཐོ་བའི་འདུ་ཤེས་བཅས་ལྡན་དགོས་པར་གསུངས་པ་དེས་སེམས་ལ་ཕན་པ་ཆེན་པོ་འབྱུང་།


༢༧    


ཐོས་པ་བྱེད་ཚུལ་ལ་རིགས་མང་ཡང་། བླ་མ་དང་དགེ་རྒན་ལས་ཉན་པ་དེ་ཐོས་པའི་མཆོག་ཡིན་པར་གསུངས།


༢༨   


གནས་བསྐོར་དུ་སོང་ནའང་ཕན་ཡོན་ལོས་ཡོད་དེ། བློ་ཁ་ནང་དུ་བསྐོར་ནས་ཐོས་པའི་དོན་ལ་ཡིན་མིན་གྱི་རྟོག་དཔྱོད་ཞུགས་པ་དེ་ཆུད་མ་ཟོས་ན་རྣམ་མཁྱེན་གྱི་ཉེར་ལེན་དུ་འགྱུར་བས། དེ་གཉིས་ལ་གཙོ་ཕལ་ནི་ཅིས་ཀྱང་ཡོད་འདུག་གོ།།


༢༩


གྲྭ་ས་ཆེན་མོ་དག་ཏུ། ཚོགས་དང་ཆོས་གྲྭ་གཉིས་ལས་ཐོག་མར་ཆོས་གྲྭར་འཇུག་བཞིན་པ་དེར་ཡང་གོ་རྒྱུ་ཟབ་མོ་ཡོད་དེ། དང་བོ་ནས་བློའི་འཆར་སྒོ་ཕྱིན་ཅི་ལོག་ཏུ་མ་སོང་བ་ཞིག་གལ་ཆེ་བས་སོ།།


༣༠


ང་ཚོས་རྐང་ལག་མི་བདེ་བ་སོགས་ལ་ནད་ཀྱི་འདུ་ཤེས་སྐྱེ་ཡང་། འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་མང་བོ་ནད་ཀྱི་གྲངས་སུ་མི་འཇོག་པ་འདི་ལས་ཡ་མཚན་པ་ཞིག་ག་ན་ཡོད།  

༣༡


བློ་ཁ་ནང་ལ་ཕྱོགས་ན། བཀའ་གདམས་གོང་མ་ཚོས། སོས་དུས་མེད་པའི་ནད་པ། ཐར་དུས་མེད་པའི་བཙོན་བུ། ཕྱིན་དུས་མེད་པའི་མགྲོན་པོ། ཞེས་གསུངས་པ་འདི་ལ་གནས་ལུགས་ཟབ་མོ་ལྡན་ཡོད།


 

༣༢


ལུས་ཀྱི་ནད་ནི་ཅི་ཙམ་རིང་ཡང་ལོ་བཅུ་ཕྲག་ཁ་ཤས་ཡིན་ལ། དེ་ཕྱི་ནས་སྨན་དཔྱད་ཀྱིས་བཅོས་པས་ཆོག་མོད། སེམས་ཀྱི་ནད་ནི་ཐོགས་མེད་ནས་ཞུགས་པས། དམ་པའི་ཆོས་ཀྱི་བདུད་རྩི་མ་བསྟེན་པར་གསོ་བར་མི་ནུས་པའི་ཁྱད་པར་ཡོད།


༣༣


  སྡུག་ཀུན་ཕྲ་རགས་ཀྱི་གཅོང་ནད་ལས་གྲོལ་བ་ལ། དམ་པའི་ཆོས་ཀྱི་སྨན་མཆོག་ལས་གཞན་ཅི་ཞིག་བསྟེན་ཨང་།


༣༤


ང་ནི། སྐྱོན་རྟོག་གི་དབང་དུ་སོང་བའི་ནད་པ། དལ་འབྱོར་སྟོང་ལོག་ཏུ་བྱེད་པའི་ནད་པ། རྟག་འཛིན་གྱི་དབང་དུ་སོང་བའི་ནད་པ།སྡུག་ཀུན་ཀྱིས་མནར་བའི་ནད་པ། རང་གཅེས་འཛིན་གྱིས་བསླུས་པའི་ནད་པ། སྲིད་ཞིའི་སྡུག་བསྔལ་གྱིས་གཙེས་པའི་ནད་པ་སོགས། ཧ་ཅང་ཉམ་ཐག་པའི་ནད་པ་སྙིང་རྗེ་བོ་ཞིག་རེད་དོ།།


༣༥


ཆོས་ནི་སངས་རྒྱས་ཀྱིས་ཀྱང་བཀུར་བའི་ཞིང་ཡིན་པས། ཆོས་ལ་གུས་པ་བསྐྱེད་པའི་ཕྱིར། ཆོས་འཆད་པ་བོས་ཁྲི་སྟན་མཐོན་པོ་སོགས་ཀྱི་བསྙེན་བཀུར་ཕུན་སུམ་ཚོགས་པ་བདག་གིར་བྱེད་ཆོག


༣༦


ཆོས་འཆད་པ་བོས་ཆོས་ཁྲིའི་མདུན་དུ་ཕྱག་གསུམ་འཚལ་བ་ནི། སྟོན་པ་དང་ཆོས་ལ་རིམ་གྲོ་བསྐྱེད་པའོ།།


༣༧


ལམ་རིམ་ནི་རང་གི་ཉམས་ལེན་གྱི་སྟེང་ནས་གསལ་བྱེད་ཀྱི་དཔེ་དང་། སྒྲུབ་བྱེད་ཀྱི་གཏན་ཚིགས། ཤེས་བྱེད་ཀྱི་ལུང་དང་ལྡན་པར་འཆད་དགོས་ཚུལ་གསུངས་པས། རང་ཉམས་ལ་དཔག་ན་ཤིན་ཏུ་ངོ་ཚ་དགོས་པའི་གནས་ཡིན་མོད། བཀའ་དྲིན་ཅན་གྱི་བླ་མ་རྣམ་པའི་གསུང་སྒྲོས་དག་བསྐྱར་བས་ཀྱང་བྱིན་རླབས་དང་ཕན་ཡོན་ཞིག་ལོས་ཡོད་སྙམ།


༣༨


ཆོས་འཆད་པ་བོ་ལས་ཉན་པ་བོའི་ཁྲི་སྟན་མཐོ་བ་དང་། ཆོས་འཆད་པ་བོ་ལས་ཉན་པ་བོ་དབང་ཤེད་ཆེ་བ་སོགས་ནི་ཆོས་པའི་ཉམས་རྒུད་ལས་གཞན་ཅི་ཡང་མིན།


༣༩


རྣམ་དཀར་གྱི་བྱ་བ་གང་ལ་འཇུག་ཀྱང་། ཐོག་མཐའི་བྱ་བ་གཉིས་ནི་ལམ་གོལ་སར་འགྲོར་མི་འཇུག་པའི་ཐབས་དང་མན་ངག་ཡིན།


༤༠


ཆོས་འཆད་པ་བོའི་འཆད་ལུགས་དང་། ཆོས་ཉན་པ་བོའི་ཉན་ལུགས་སོགས་ཆོས་ནས་བཤད་པ་བཞིན་བྱུང་བ་ལ་འཆད་ཉན་རྣམ་དག་སོང་བ་ཟེར།

༤༡


གཏན་དུ་ཕན་པའི་དོན་ལྡན་གྱི་ཕྱོགས་མི་མཐོང་བར། གཡོ་སྒྱུ་ཁྲམ་གསུམ་སོགས་དོན་མེད་པའི་བྱ་བ་ལ་རིག་པ་རྣོ་ཞིང་མྱུར་བ་ནི་ཤེས་འཆལ་ལོ།།ཤེས་འཆལ་བླུན་པོའི་རྟགས་ལྔ་བོར་རེ་རེར་དཔྱད་ན་ལྷག་པར་དུ་གོ་བ་གསར་བ་རྙེད་རྒྱུ་ཡོད།


༤༢


གསུང་རབ་ལ་བརྟེན་ནས་ཀྱང་དོན་གོ་ནུས་པར་མ་ཟད། ད་ལྟ་དྲ་ཚིགས་སོགས་འཕེལ་རྒྱས་སུ་སོང་བས། དཔེ་ཁྲིད་གང་འདོད་དུ་ཉན་ཆོག་ན། བཤེས་གཉེན་ཞེས་པ་ཞིག་ལོགས་སུ་བསྟེན་དགོས་དོན་མེད་སྙམ་པ་ནི་ནོར་བ་ཆེན་པོ་སྟེ། ས་ལམ་གྱི་རྟོགས་པ་རྒྱུད་ལ་སྐྱེ་བ་དང་། དེའི་གེགས་སེལ་བོགས་འདོན་ཐམས་ཅད་ཀྱི་རྩ་བ་བླ་མ་ལ་རག་ལས་པས། རྩ་བ་བོར་ཏེ་ཡལ་ག་འཛུགས་པའི་ལས་ལ་འཇུག་པར་མི་བྱའོ།།


༤༣


སྦྱོར་བའི་ཆོས་དྲུག་ནི་ཉམས་ལེན་གྱི་སྤྱི་སྡོམ་ཆེན་པོ་ཞིག་ཡིན་པས་སླ་ཆོས་སུ་མི་གཏོང་བ་གལ་ཆེ།


༤༤


ཆོས་བསྒྲུབ་ན་རྒྱལ་བའི་བཀའ་དང་བླ་མའི་གསུང་དཔང་བོར་འཇོག་དགོས་པ་ལས། དུས་རབས་དང་མཐུན་མིན་དང་སྤྱི་ཚོགས་ལ་འཚམ་མིན་གཙོ་བོར་བྱེད་མི་རུང་སྟེ། འབྲོམ་སྟོན་ཆོས་ཀྱི་རྒྱལ་བོས། འཇིག་རྟེན་པ་ཀུན་དང་མི་མཐུན་ན་ཆོས་ཡིན། མཐུན་ན་ཆོས་མིན་གསུངས་པ་མ་ལགས་སམ།

༤༥


ལས་འབྲས་དང་དཀོན་མཆོག་ལ་བློ་ཕུགས་གཏོད་པ་དང་། རང་རང་གི་ལས་བདག་གིར་བྱེད་པ་ནི། མཆོག་དང་ཕུལ་དང་གྱ་ནོམ་པའོ།།


༤༦


དགོན་པའི་སྲང་བར་དང་གཙུག་ལག་ཁང་གི་ཕྱི་ནང་སོགས་གད་བདར་བྱེད་པ་ནི་ཅོལ་ཆུང་དང་བླུན་པོའི་ལས་མ་ཡིན་ཏེ། བྱི་དོར་གཉིས་འཛོམས་ཀྱིས་སྤངས་རྟོགས་ཀྱི་ལག་རྗེས་འཇོག་པར་གསུངས་པས་སོ།།


༤༧


སོ་སོ་སྐྱེ་བོའི་སེམས་ནི་རས་གཞི་ལྟ་བུ་དང་། སྲེད་པ་ནི་སྣུམ་ལྟ་བུ་ཞིག་ཡིན་ན། ཉོན་མོངས་པ་གཞན་དག་ནི་ས་རྡུལ་ལྟ་བུ་ཞིག་གོ།།


༤༨


དང་བོར་ཀུན་སློང་བཅོས་རྒྱུ་མེད། བར་དུ་ཀུན་སློང་གཏོང་རྒྱུ་མེད། མཇུག་ཏུ་དགའ་སྣང་དང་བསྔོ་སྨོན་ཅི་ཡང་མེད་པའི་དགེ་ལས་སུ་བསྙད་པ་དེ་ཚོ་ནི་ཆེས་ཤིན་ཏུ་ལྟར་སྣང་བའོ།།


༤༩  


སྐུ་གསུང་ཐུགས་རྟེན་མཆོད་པའི་རྟེན་དུ་བཀྲམ་པའི་ཁུངས་ནི། སྟོན་པ་དགེ་འདུན་གྱི་གྲལ་དབུར་མ་ཕེབས་པའི་ཚེ་མི་མཛེས་ཚུལ་ཉན་ཐོས་རྣམས་ཀྱིས་ཞུས་ངོར། ངའི་ཚབ་ཏུ་སྐུ་བརྙན་བཞུགས་པར་གསུངས་པ་དེ་དང་། འཇམ་དཔལ་རྩ་རྒྱུད་ལས། རྐང་གཉིས་དམ་པ་སྟོན་པ་ཡི།།སྐུ་གཟུགས་མཆོད་རྟེན་དག་ཀྱང་བྱ། །ཞེས་སོགས་སོ།།


༥༠


མི་རྒས་ན་གྲལ་མགོ་དང་། ལྷ་རྒས་ན་གྲལ་མཇུག་ཟེར་བ་བཞིན། རྒྱུ་བཟང་ངན་དང་གསར་རྙིང་ལ་ལྟོས་ཏེ་སྟོན་པའི་སྐུ་སོགས་གྲལ་མཇུག་དང་གྲལ་མཐའ་སོགས་སུ་འཇོག་པ་ནི་སྐྱབས་འགྲོའི་གནད་མ་ཤེས་པའི་རང་མཚང་ངོ་།།


༥༡

ཀུན་མཁྱེན་འཇམ་དབྱངས་བཞད་པས་རྗེ་བླ་མའི་གསུང་རབ་རྣམས་གླེགས་བམ་ཐམས་ཅད་ཀྱི་སྟེང་དུ་བཞུགས་སུ་གསོལ་བ་རྣམ་ཐར་ལས་འབྱུང་ལ། དཔོན་སློབ་བྱམས་པ་རིན་པོ་ཆེས། འཆི་ཁར་ཡང་ལམ་རིམ་ཆེན་མོ་སྔས་སུ་བཞག་སྟེ་མགོ་གཏུགས་ནས་དད་གུས་དང་བཅས་འཆི་རྒྱུ་བྱུང་ན་འཕོ་བའང་དེ་ཀ་ཡིན་ཞེས་གསུངས། འདི་ནི་ཞེན་ཕྱོགས་བྱས་པ་མིན་ཏེ། ཚིག་རེ་རེའི་ནང་ན་གསུང་རབ་ཐམས་ཅད་ཀྱི་གནད་དམར་རྗེན་དུ་བཏོན་ནས་གསལ་བར་བསྟན་ཡོད་པས། བརྗོད་བྱའི་ཆ་ནས་གསུང་རབ་ཐམས་ཅད་ལས་རབ་དང་ཕུལ་དང་སྙིང་བོར་གྱུར་བས། སྟེང་དུ་བཞུགས་འོས་སུ་ཡོད་པས་དེ་ལྟར་མཛད་ཅེས་གུང་ཐང་བསྟན་པའི་སྒྲོན་མེས་གསུངས།


༥༢


སྐུ་མཐེ་བོང་ཙམ་ལས་མེད་ཀྱང་། རྒྱལ་བ་སྲས་བཅས་དེའི་རྡུལ་ཕྲ་རབ་རེ་རེར་གནས་པར་མོས་ན་དངོས་སུ་བཞུགས་པ་དང་ཁྱད་མེད་པས། རྟེན་ཟེར་དོན་ཡང་དེ་ཡིན་ནོ།།


༥༣


བཤམ་རྒྱུའི་མཆོད་རྫས་དང་། བཤམ་དུས་ཀྱི་ཀུན་སློང་། བཤམ་ཚུལ་གྱི་བཀོད་པ་བཅས་ཕུན་སུམ་ཚོགས་པ་ཞིག་ཡོང་ན། རྒྱུ་ཚེགས་ཆུང་ངུས་བསགས་སྦྱངས་ཆེན་པོ་འགྲུབ་པའི་གནད་ཅིག་ཡོད།


༥༤


རྐུན་མ་ངན་ཤོས་ནས་ཆོས་པ་བཟང་ཤོས་སུ་གྱུར་བའི་འབན་གུང་རྒྱལ་ཚུལ་ཁྲིམས་རྒྱལ་བ་མཆོག་ནི། སེམས་ཀྱི་མཁར་སྒོར་གཉེན་པོའི་མདུང་ཐུང་ཐོགས་པའི་དཔའ་རྒོད་ཅིག་གོ།།


༥༥


ཆུ་མཆོད་བཤམས་ཚེ། སྣོད་འོད་འབར་བ་ཕྱིས། དྲང་བོར་བསྒྲིགས།བར་ཐག་སྙོམས། རན་པར་དགང་། གཙང་མར་བཤམས།ཆོས་བཞིན་འབུལ་དགོས་སོ།།


༥༦


ཆོས་ཞེས་པ་སེམས་ཀྱི་འཕྲུལ་ཡིན་པས།ཆོས་སུ་འགྲོ་མི་འགྲོའི་རྩ་བ་སེམས་ལ་ཐུག་ཡོད།


༥༧


དམ་པའི་གསུང་ལ་ཡིད་ཆེས་པ་དང་། ལས་འབྲས་ལ་ཡིད་ཆེས་པ་གཉིས་གནད་གཅིག་ཏུ་འབབ་པའི་སྐབས་ཡོད།


༥༨


བོད་པའི་ཁྱིམ་པ་བ་རྣམས་ཀྱིས་ང་ལ་དམ་སྡོམ་ཅི་ཡང་བསྲུང་རྒྱུ་མེད་པས་སྣང་བ་གང་དྲན་བྱེད་ཆོག་སྙམ་པ་ནི་ནོར་བ་སྟེ། བླ་མ་ཡི་དམ་དཔང་བོར་བཞག་སྟེ་མནའ་ཆུ་ཚུན་ཆད་འཐུང་ནས་སྔགས་ཀྱི་དམ་སྡོམ་བསྲུང་བར་ཁས་མ་བླངས་མཁན་ཞིག་བཙལ་ཡང་རྙེད་དུ་མེད་པའི་ཚོད་མིན་ནམ།


༥༩


རང་གི་བླ་མ་དེ་གཞན་གྱི་སྣང་ཚོད་ལ་ཇི་ལྟར་ཡང་། རང་ལ་ལྟོས་ཏེ་མཚན་ཉིད་བཅུ་དང་ལྡན་ཡོད་ན་དེས་མ་ཆོག་པ་ཅི་ཞིག་ཡོད།


༦༠


རྒྱུད་སྡེ་རྣམས་སུ་བླ་མ་ལོ་བཅུ་གཉིས་སུ་བརྟག་དགོས་པར་གསུངས་ཀྱང་། ད་ལྟ་ཉིན་བཅུ་གཉིས་ལའང་བརྟག་མཁན་ཉུང་བ་ནི་མྱུར་ལམ་ལ་ཞུགས་པ་མ་ཡིན་པར། ཉེན་ཁའི་གནས་སུ་ལྷགས་པའོ།།

༦༡


མཚན་ཉིད་ཚང་བའི་བླ་སློབ་ཟུང་དུ་འབྲེལ་ན། གཤོག་པ་གཉིས་ལྡན་གྱི་བྱ་ནམ་མཁར་འཕུར་བ་བཞིན་རྣམ་གྲོལ་སྒྲུབ་པར་ཚེགས་མེད།


༦༢


རྒྱ་བོད་ཀྱི་པཎ་གྲུབ་མང་བོ་ཞིག་གི་འཕྲིན་ལས་ནམ་མཁའ་དང་མཉམ་པ་བྱུང་བའི་རྩ་བ། བཤེས་གཉེན་ཚུལ་བཞིན་དུ་བསྟེན་པ་ཐུག་པར་གསུངས།


༦༣


རང་གི་བླ་མར་དམོད་པའི་མི་དང་གྲོགས་བསྒྲིག་རྒྱུ་ཕར་ཞོག དེ་འདྲའི་མི་དང་ལན་གཅིག་ཙམ་ཡང་མི་འཕྲད་པའི་སྨོན་ལམ་འདེབས་འདོད།


༦༤


དད་པ་ཁ་ལ་ཡོད་མཁན་མང་ཡང་སྙིང་ན་ཡོད་མཁན་ཉུང་།


༦༥


དང་བའི་དད་པ་ཆགས་ལྡན་གྱིས་ཆགས་ཡུལ་མཐོང་བ་ལྟ་བུ་དང་།མངོན་འདོད་ཀྱི་དད་པ་སྐོམ་པས་ཆུ་འཚོལ་བ་ལྟ་བུ། ཡིད་ཆེས་ཀྱི་དད་པ་བུ་ཆུང་མ་ལ་ཡིད་རྟོན་པ་ལྟ་བུ་ཞིག་དགོས།


༦༦


བྱིན་རླབས་ཀྱི་ཆུ་རྒྱུན་འབབ་དགོས་ན། དད་གུས་ཀྱི་གཤོང་བུ་མེད་ཐབས་མེད།


༦༧


ངའི་བླ་མ་ཚོའི་ནང་ན་སངས་རྒྱས་ཤིག་ཡོད་སྲིད་མོད་གང་ཡིན་བསམ་པ་ལས། ཐམས་ཅད་སངས་རྒྱས་སུ་བསྒོམ་ན་ཁེ་ཆེ་ལ་ཉེན་མེད།


༦༨

རྣམ་དཀར་གྱི་ཡོན་ཏན་ཡིན་ན་སངས་རྒྱས་ཀྱི་འཕྲིན་ལས་ཡིན་པས་ཁྱབ་ལ། དེའི་བདག་རྐྱེན་ཡེ་ཤེས་ཆོས་སྐུ་དེ་བླ་མས་ཆོས་གསུངས་པའི་ཀུན་སློང་ཡིན་པས་དེ་བླ་མའི་རྒྱུད་ལ་མེད་ན་ག་ན་ཡོད།དེ་བས་ན་སངས་རྒྱས་ལས་འོས་མེད། ཅེས་གྲོ་ལུང་བའི་བསྟན་རིམ་ལས་གསུངས་སོ།།


༦༩

བདག་རྐྱེན་ཀྱི་སྒོ་ནས་དང་། བྱིན་རླབས་ཀྱི་སྒོ་ནས། མཛད་པའི་སྒོ་ནས་བླ་མ་སངས་རྒྱས་སུ་བསྒྲུབ་ཚུལ་ཡོད།


༧༠


མ་ཤེས་པ་དང་མ་མཐོང་ན། མེད་དང་མིན་སྙམ་པ་ནི་སྐྱོན་རྟོག་འབའ་ཞིག་གོ།།

༧༡


ཆོས་ཐམས་ཅད་ཐུགས་སུ་ཆུད་ཅིང་འཆད་པ་ལ་མཁས་ན། ཕར་ཕྱིན་འཆད་ཀྱང་ལམ་རིམ་ཡིན་ལ་དབུ་མ་འཆད་ཀྱང་ལམ་རིམ་ཡིན། མདོ་འཆད་ཀྱང་ལམ་རིམ་ཡིན་ལ་སྔགས་འཆད་ཀྱང་ལམ་རིམ་ཡིན།གོམས་ཆ་ཆེ་ན། རྟའི་ཡོབ་ཆེན་ནང་ལ་རྡོག་པའི་ཡུན་ལ་ལམ་རིམ་ཆ་ཚང་རེ་ཐུགས་ལ་འཆར་ཐུབ་ཅིང་། སྒྲོལ་བསྟོད་ཚར་རེ་འདོན་པའི་ཡུན་ལའང་ལམ་རིམ་ཆ་ཚང་རེ་ཐུགས་ལ་འཆར་ཐུབ།


༧༢


སྔོན་ཆོས་ཀྱི་ཕྱིར་དུ། སྐུ་ལ་མར་མེ་སྟོང་བཙུགས་པ་དང་།ལྕགས་གཟེར་སྟོང་བཏབ་པ། མེ་དོང་དུ་མཆོང་བ། པགས་པས་ཤོག་བུ་དང་ཁྲག་གིས་སྣག་ཚ། རུས་པས་སྨྱུ་གུ་བྱེད་མཁན་མང་བོ་བྱུང་ཞིང་། ད་ལྟ་འཇིག་རྟེན་གྱི་ཕྱིར་དུ། གཡང་ལ་མཆོངས་པ་དང་། དཔྱང་ལ་འདོགས་པ། ཟས་བཅད་བྱེད་པ། ཡན་ལག་གཅོད་པ། རང་སྲོག་འདོར་བ་སོགས་ཆེས་ཆེར་མང་།


༧༣


སྔོན་གཞན་ལྟ་ཅི་གཅེས་པའི་སྲོག་ཕུལ་ཀྱང་ཆོས་གནང་མཁན་ཉུང་བ་ཆོས་བསོད་ཆུང་རྟགས་དང་། ད་ལྟ་ཆོས་ཞུ་བ་བོའི་འབད་རྩོལ་ལ་མ་ལྟོས་པར་མན་ངག་སྒོ་སྐྱེལ་བྱེད་མཁན་མང་བ་ཆོས་བསོད་ཆེ་རྟགས་ཡིན་ཞེས་ཀྱང་བཤད་དཀའ་འོ།།


༧༤


བསྟན་པ་ལ་མཇལ་ཞེས་པ་ནི། ཕྲེང་བ་ཐོགས་པ་དང་། ཕྱག་འཚལ་བ། མཆོད་པ་འབུལ་བ་དང་སྐོར་བ་བྱས་པ་ཙམ་ལ་མི་ཟེར་བར། རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་ལ་ཐོས་བསམ་སྒོམ་པས་ཚུལ་བཞིན་དུ་ཞུགས་པ་ཞིག་ལ་བྱེད་དགོས་སོ།།


༧༥


སྐུ་དངོས་ཀྱིས་རྗེས་སུ་བཟུང་། གསུང་དྲི་མ་མེད་པས་གདམས་ངག་བསྩལ། ཐུགས་བརྩེས་བསྐྱངས་ཤིང་ཤེས་རབ་ཀྱི་བློ་མིག་སྩོལ་མཁན་དེ་སངས་རྒྱས་དངོས་དང་མི་མཚུངས་ན་གཞན་སུ་ཞིག་མཚུངས་ཨང་།


༧༦


ད་ལྟ་ནི་བཟའ་བཏུང་མང་དྲགས་ཏེ་ཁྲག་ཤེད་མཐོ་ཞིང་ལུས་ཕུང་རྒྱས་པའི་སྐབས་ལགས་ཀྱང་། ཆོས་ཀྱི་མུ་གེ་བྱུང་སྟེ་བསམ་བློ་ཉམ་ཐག་པའི་སྐབས་རེད་ཅེས་བཤད་ཀྱང་ཐལ་མི་ཆེ་བའི་ཚོད་དུ་ཡོད།


༧༧

ང་ལ་དཀོན་མཆོག་གསུམ་པོར་དད་པ་གཙང་སང་ངེ་བ་ཞིག་ཡོད། སྔོན་གྱི་བག་ཆགས་དང་ཆོས་ལྡན་བོད་པའི་ཤུགས་རྐྱེན་སོགས་ཀྱི་བཀའ་དྲིན་ཡིན། ང་ལ་དགེ་ཚུལ་སློང་གི་སྡོམ་པ་ཞིག་ཡོད། དེ་ནི་མཁན་པོའི་བཀའ་དྲིན་ཡིན། ང་ལ་རིག་གནས་ཡོན་ཏན་ཕྲན་བུ་ཞིག་ཡོད། དེ་ནི་ཉིན་ལ་མཚན་མཐུད་དེ་་བསྐྱངས་པའི་དགེ་རྒན་ཚོའི་བཀའ་དྲིན་ཡིན། ང་ལ་དབང་ལུང་མན་ངག་ཁ་ཤས་བདོག དེ་ནི་བཀའ་དྲིན་གསུམ་ལྡན་གྱི་བླ་མ་དག་གི་བཀའ་དྲིན་ཡིན། ང་ནི་ངོ་ཚར་འཛེམས་ཤིང་ཁྲེལ་ཡོད་ཅུང་ཟད་ཡོད་པའི་མི་ཞིག་ཡིན། དེ་ནི་ཕ་མ་དང་གནས་ཀྱི་སློབ་དཔོན་རྣམ་གཉིས་ཀྱི་བཀའ་དྲིན་ཡིན། དེ་དག་གི་བཀའ་དྲིན་མིན་ན། ང་རང་ཉིད་ལ་ངོམ་རིན་ཡོད་པའི་ཡོན་ཏན་གཞན་ཅི་ཡང་མེད།


༧༨


བླ་མའི་འཕྲིན་ལས་ལས་གཞན་པའི་སངས་རྒྱས་ཀྱི་འཕྲིན་ལས་ཞེས་པ་ཞིག་ལོགས་སུ་མེད་པས། སངས་རྒྱས་ཀྱི་འཕྲིན་ལས་བདག་རྒྱུད་ལ་འཇུག་པར་བླ་མ་ལ་བརྟེན་དགོས་པ་སྨྲོས་ཅི་དགོས།


༧༩


 དགའ་དད་གཉིས་སྐབས་ཐམས་ཅད་དུ་འདྲ་བའང་མིན་ཏེ། ནོར་ལོངས་སྤྱོད་དང་ཆང་ལ་དགའ་བ་སོགས་སྲེད་པས་བསྡུས་པས་དད་པ་མིན་ལ། སྡུག་ཀུན་གྱི་ཉེས་དམིགས་ལ་འཇིགས་ཤིང་ཡིད་ཆེས་པ་དད་པ་ཡིན་ཡང་ཡིད་འབྱུང་བའི་རྣམ་པ་ཅན་ཡིན་པས་དགའ་བ་ཡིན་སར་མི་འགྲོ།


༨༠


བཤེས་གཉེན་སྦྱོར་བས་བསྟེན་པ་ཞེས་པ་ནི། དབང་བསྐུར་བའི་སྦྱོར་བ་སྟ་གོན་ལྟ་བུ་མ་ཡིན་པར།བསམ་སྦྱོར་གཉིས་ཀྱི་སྦྱོར་བ་ལག་ལེན་དུ་འགེལ་བ་ལ་གོ་དགོས།

༨༡


  ཆོས་འབྲེལ་ཡོད་པའི་བླ་མ་སུ་ཡིན་ཡང་ཡུལ་གཉན་པས། གསུང་ལ་འགལ་བའམ་ཐུགས་དང་མ་མཐུན་ན། རང་རྒྱུད་ལ་རྟོགས་པ་སྐྱེ་བའི་གེགས་སུ་འགྱུར་བས་ཤིན་ཏུ་ནས་ཀྱང་གཟབ་དགོས།


༨༢


ཐུན་ལས་ཀྱང་ཐུན་མཚམས་གལ་ཆེ་བས་རྣམ་གཡེང་གི་སྒོ་འགོག་ཅི་ཐུབ་བྱེད་དགོས་ཏེ། དམིགས་རྣམ་ལ་བློ་སྦྱོང་བ་དང་། ཚུལ་ཁྲིམས་དག་པ། ཚོགས་སྒོ་དུ་མ་ནས་གསོག་པ་གསུམ་ནི་ཐུན་མཚམས་སུ་མེད་མི་རུང་གི་ཡན་ལག་གོ།།ཐུན་དངོས་གཞིའི་སྐབས་དེ་གསུམ་མི་དགོས་པའང་མིན་ནོ།།


༨༣


དགེ་བའི་བྱ་བ་གང་ཡིན་ཡང་ནང་སེམས་རྒྱུད་འདུལ་བའི་ཐབས་སུ་འཁྱེར་བ་ལས་གཞན་དུ་ཅི།


༨༤


འཁོར་བ་ལ་ཞེན་ལོག་མེད་ན་སྒོམ་བརྒྱབ་སྟེ་བསམ་གཟུགས་བརྒྱད་ཐོབ་ཀྱང་སླར་འཁོར་བར་འཁོར་བའི་རྒྱུ་ལས་མ་འདས་པས། དེ་ནི་སེང་གེ་ཁྱི་ཡི་རྩེད་གྲོགས་སུ་ཤོར་བ་ལྟ་བུ་ཡིན།

༨༥


ཐོས་བསམ་སྒོམ་གསུམ་གྱི་རྒྱབ་རྟེན་ལ་ཚོགས་གསོག་སྒྲིབ་སྦྱོང་གལ་ཆེ་བ་ནི།ནས་ཀྱི་ས་བོན་ལ་ཞིང་ས་ཆུ་ལུད་དྲོད་གཤེར་སོགས་མེད་ཐབས་མེད་པ་བཞིན་ནོ།།


༨༦


དབང་བོའི་སྒོ་སྡོམ་པ་དང་དབང་བོའི་སྒོ་དགག་པ་གཉིས་མི་འདྲ་སྟེ། ཆགས་པའི་གཉེན་པོར་མི་སྡུག་པ་སྒོམ་པ་ལྟ་བུ་ནི་སྔ་མ་དང་། མིག་གིས་གཟུགས་ཡག་པོ་མཐོང་དུ་མི་འཇུག་པ་ལྟ་བུ་ནི་ཕྱི་མའོ།།



དགེ་ཚུལ་སློང་རྣམས་ཀྱིས་རྒྱུ་ནོམ་གྱི་ཆེད་དུ་དུས་ཚོད་དང་རྣམ་དཔྱོད་ཆུད་ཟོས་སུ་གཏོང་མི་རུང་སྟེ།འདུལ་གཞུང་དག་ལས། གོས་གོས་སྣམ་སྦྱར་ལ་རང་གི་པགས་པ་དང་། ལྷུང་བཟེད་མིག་བཞིན་གཅེས་པར་བསྐྱངས་དགོས་གསུངས་པའང་། སེར་སྣ་བྱས་པ་མིན་པར་ཚོལ་བའི་གཡེང་བ་ཆུང་བའི་ཆེད་དུའོ།།


༨༨


གསུང་རབ་ཀྱི་ཚིག་བློར་འཛིན་པ་དང་། དེའི་དོན་ལ་སེམས་པ། དེ་མ་བརྗེད་པར་ཡིད་ལ་འདྲིས་པར་བྱེད་པ་མཐའ་དག་སྒོམ་ཡིན་ཏེ། འབྲོམ་སྟོན་པས། ང་ཐོས་དུས་ཙ་ན་བསམ་སྒོམ་བདོ།།ཞེས་སོགས་གསུངས་པ་ལྟར་རོ། །

༨༩


ལས་དང་བོ་བ་ལམ་ལ་འཁྲིད་པའི་ཚེ་མ་མཛངས་མས་བུ་སྐྱོང་ལུགས་ལྟ་བུ་ཞིག་དགོས་པ་ལས། གང་ཟབ་གང་མཐོ་རྐྱང་རྐྱང་བསྟན་ན། རྒྱ་གར་རྒྱལ་བོ་ཞིག་གིས་པཎྜི་ཏ་གླང་བོའི་ཀོ་བ་ཅན་བཀྲོངས་པའི་གཏམ་རྒྱུད་ཀྱི་རྗེས་སུ་འགྲོ་ཉེན་ཆེ། ནད་གཡོག་བྱེད་ཚུལ་དང་བྱ་ཚང་འཇོག་ཚུལ་ནི་གདུལ་བྱ་འཁྲིད་ཐབས་ཀྱི་དཔེ་ཡག་ཤོས་གཉིས་ཡིན།


༩༠

སངས་རྒྱས་བྱང་སེམས་དང་ཡི་དམ་ཆོས་སྐྱོང་ཚང་མ་རང་ལ་ཐུགས་དགྱེས་ཤིང་འཕྲིན་ལས་སྒྲུབ་པར་བྱེད་པའི་མན་ངག་གཅིག་ཡོད་པ་ནི། དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བསྟེན་རྒྱུ་དེའོ།།

གསར་འགོད་པ། སྨར་ཁམས་མཁའ་འགྲོ་རྒྱལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། fc4i བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ཆོས་ཀྱི་གོ་བ་ཐན་ཐུན།   སྤེལ་མཁན།:  སྤེལ་དུས:2020/10/3
དགེ་རྒན་བཀའ་དྲིན་ཅན་གྱི་གསུང་འདི་ཐེངས་གཅིག་བལྟས་ཟིན།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23529883
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།