སྐད་འཕྲིན་རྒྱབ་ལྗོངས་ཀྱི་སེམས་གཏམ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་ལྡོང་ཡོན་ཏན་རྒྱ་མཚོ། »སྐད་འཕྲིན་རྒྱབ་ལྗོངས་ཀྱི་སེམས་གཏམ།
སྐད་འཕྲིན་རྒྱབ་ལྗོངས་ཀྱི་སེམས་གཏམ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2020-10-29ལྟ་ཀློག (5295)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

སྐད་འཕྲིན་རྒྱབ་ལྗོངས་ཀྱི་སེམས་གཏམ།

སློབ་དཔོན་རྣམ་གསུམ།

 

བཛྲ་ཚུལ་ཁྲིམས་རྒྱ་མཚོ།  
    
ཆོས་གྲོགས་དམ་པ་ཁྱོད་ཀྱི་བསམ་དོན་གེགས་མེད་ལྷུན་འགྲུབ་ཤོག སྐུ་ཚེ་མི་འགྱུར་རྡོ་རྗེའི་ཁམས་བཞིན་བརྟན་པར་ཤོག   

ལྡོང་ཡོན་ཏན་རྒྱ་མཚོ།
   
ཁོང་གི་སྣེ་ཁྲིད་དང་ཁྱེད་ཀྱི་ཤེས་རབ་ཡོད་པས་སློབ་གླིང་འདི་ལ་གཞོམ་བྲལ་གྱི་གསོན་ཤུགས་རྒྱས་ཤིང་དོན་ལྡན་གྱི་གྲགས་པ་འབར། འདས་པའི་མི་ལོ་ཉེར་ལྔའི་རིང་ལ། ང་ཚོ་ཁྱིམ་ཚང་གཅིག་གི་འདུ་ཤེས་དང་མཛའ་བརྩེའི་ཀློང་ནས་གྱག་གྱོག་གི་ལམ་ཕྲན་མང་བོ་ཞིག་བརྒྱུད་མྱོང་ཡང་། ཕན་ཚུན་ལ་ཡིད་ཆེས་དང་རམ་འདེམས་བྱེད་མཚམས་མ་བཞག  དལ་མོར་ཕྱིར་དྲན་རེ་བྱས་ན། མི་ཞིག་གིས་མི་ཚེའི་ཕྱེད་ཀ་ཙམ་ལ་སྐྱིད་སྡུག་མཉམ་མྱོང་དང་བརྩེ་བར་གས་ཆག་ཤོར་མ་མྱོང་བ་དེ་དད་འདུན་ཆེ་བའི་སློབ་བུ་ཚོས་ཀྱང་མིག་དཔེར་གཟུང་འོས་སྙམ་བཞིན་ཡོད། ད་ལྟ་ཕྱི་ནང་གི་འགལ་རྐྱེན་རྒོད་དྲགས་པས། ང་ཚོས་སྔར་ལས་ལྷག་པར་འབད་པ་བྱེད་དགོས་ལ། སློབ་གླིང་གི་ངོས་ནས། མི་རིགས་ཀྱི་ཆ་ནས། ཁྱེད་རྣམ་གཉིས་ཀྱི་སྐུ་ཚེ་བརྟན་རྒྱུ་དེའང་ཆེས་གལ་ཆེན་དུ་མཐོང་བཞིན་ཡོད་ལགས།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།
  
ཁྱོད་ཀྱིས་བཤད་པ་རྣམས་བདེན་པ་རེད། ལྡོང་ཡོན་ཏན་རྒྱ་མཚོ་ལགས། གལ་ཏེ་རིན་མི་དགོས་པའི་ངོ་བསྟོད་ཙམ་ཡིན་ན་ནི་ཚིག་ཇི་ཙམ་སྙན་རུང་དོན་དངོས་ལ་ཕན་པ་གང་ཡང་མེད་མོད། འོན་ཀྱང་ཁྱོད་ནི་མི་ལོ་ཉེར་ལྔའི་རིང་ཁོང་གི་དཔུང་རོགས་ལས་ཕྱིར་ནུད་མ་མྱོང་བ་དེས། ཁྱོད་ཀྱིས་བཤད་པ་ལ་རིན་ཐང་ཡོད་པ་ར་སྤྲོད་བྱས་ཡོད། 
    
ང་ཡང་འུད་བསྟོད་བྱེད་པ་ལ་གཏན་ནས་མི་དགའ་བ་ཞིག་ལགས་པས། ངས་འཇིགས་མེད་རྒྱལ་མཚན་ལ་ཚིག་གང་སྙན་བསྡུས་ནས་སྐད་ཆ་སྐམ་པོ་རྐྱང་རྐྱང་གིས་བསྟོད་པ་བྱེད་མ་མྱོང་མོད། འོན་ཀྱང་ ང་ཁོང་གི་ལྷག་བསམ་ལ་ཐེ་ཚོམ་ཟ་མ་མྱོང་། ངས་དུས་རྒྱུན་དུ་རིན་མི་དགོས་པའི་ངོ་བསྟོད་འབའ་ཞིག་བྱས་མ་མྱོང་ཡང་། ང་ཁོང་གི་སྙིང་སྟོབས་ལ་ཡིད་ཆེས་ལྷོད་མ་མྱོང་། དེའི་ཕྱིར་ང་ཡང་སྐྱིད་སྡུག་གང་ལ་ཐུག་ཀྱང་ཁོང་གི་དཔུང་རོགས་ལས་ཕྱིར་འབུད་མ་མྱོང་། 

ལྡོང་ཡོན་ཏན་རྒྱ་མཚོ།
      
ལགས་སོ་སློབ་དཔོན་རིན་པོ་ཆེ།  ང་མི་ལོ་ཉེར་ལྔར་རྭ་རྒྱའི་ལུང་བ་འདི་དང་ཤེས་རིག་སློབ་གླིང་ལ་ཁ་བྲལ་མ་མྱོང་བ་དོན་དངོས་ཡིན་མོད། ང་ལྟ་བུའི་ཐོས་ཆུང་དང་ནུས་ཆུང་ཞིག་གིས་གནམ་འདེགས་ཀྱི་ཀ་བ་མི་ཉན་པ་དེ་རང་སེམས་ན་གསལ་བོ་ཡིན། འོན་ཀྱང་། ང་ཚོའི་དམ་བཅའ་དང་རང་གི་ཆོད་སེམས་ལ་བརྩི་འཇོག་གིས་ཟླ་ཕོག་མཐོ་ས་དང་གྲོང་ཁྱེར་སྐྱིད་སར་རྒྱུགས་མ་སོང་བ་དེས་ཁ་དོན་མཚུངས་པའི་ལས་ལ་འབད་པ་བྱས་པའི་ཁུལ་ཡིན། གཙོ་བོ་དགེ་རྒན་འཇིགས་མེད་རྒྱལ་མཚན་མཆོག་གི་སྣེ་ཁྲིད་དང་བཤེས་གཉེན་དམ་པ་ཁྱེད་ཀྱིས་ང་ཚོ་དགེ་སློབ་ཡོངས་ལ་གནའ་དེང་རིག་པའི་ཤེས་བྱ་ཕངས་མེད་དུ་གནང་ཞིང་ཞི་དྲག་གི་བསླབ་སྟོན་གང་དགོས་དུས་དང་དུས་སུ་བསྩལ་བའི་དྲིན་གྱིས་ཤེས་རིག་ནོར་བུའི་སློབ་གླིང་དང་ཐོན་མིའི་སློབ་གསོ་ཞེས་བོད་པ་མང་བོ་ཞིག་གིས་རེ་བས་བལྟ་ས་དང་སེམས་ཀྱི་ཉན་སར་གྱུར་ཡོད་པ་དེ་རེད། ད་ལྟ་དགེ་རྒན་དང་ལས་བཟོ་བ་ཡོངས་ཀྱིས་སྟོབས་ཤུགས་གཅིག་སྒྲིལ་དང་ལྷག་བསམ་གཙང་མས་རམ་འདེཊ་བྱེད་བཞིན་ཡོད་པས་ཅུང་དགའ་འོས་པ་ཞིག་རེད། གཙོ་བོ་སློབ་དཔོན་དམ་པ་ཁྱེད་ཀྱི་སྐུའི་བསྙུང་གཞི་མྱུར་དྭངས་དང་དགེ་རྒན་འཇིགས་མེད་རྒྱལ་མཚན་ཚང་གི་རླབས་ཆེ་བའི་ཕྱག་ལས་མང་བོར་འགལ་རྐྱེན་མི་འབྱུང་རྒྱུ་དེ་གཙོ་བོ་རེད། འདི་ནི་ངའི་སེམས་ཀྱི་རང་མདངས་ཡིན་ལགས།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།
  
རང་ཅག་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ཞེས་པའི་ད་ལྟའི་གྲུབ་འབྲས་འདི་ལྟ་བུ་བྱུང་བ་ནི། རྒྱུ་རྐྱེན་མང་བོ་ཞིག་ལས་གྲུབ་པ་སྟེ། གཙོ་བོ་ནི་ཆོས་གྲོགས་དམ་པ་འཇིགས་མེད་རྒྱལ་མཚན་གྱི་རླབས་ཆེ་བའི་ལྷག་བསམ་དང་། གང་ལའང་མི་འཇིགས་པའི་སྙིང་སྟོབས་དང་། གཞན་དོན་ལ་སྤྲོ་བ་བརྟན་པའི་བརྩོན་འགྲུས་དང་། རླབས་ཆེན་གྱི་བྱ་བཞག་སྒྲུབ་པའི་ཐབས་ཇུས་སོགས་ཡིན་པ་སྨོས་མ་དགོས་མོད། འོན་ཀྱང་མི་གཅིག་གི་ནུས་པ་ཇི་ལྟར་ཆེ་ཡང་རམ་འདེགས་བྱེད་མཁན་མེད་ན་ནི། གྲུབ་འབྲས་ངོ་མཚར་ཞིང་ཕུན་སུམ་ཚོགས་པ་ཞིག་འོང་དཀའ་བས། སློབ་གླིང་འདིའི་དགེ་རྒན་དང་ལས་བཟོ་བ་སྤྱི་དང་། མཐར་ཕྱིན་ཟིན་པ་དང་སློབ་གྲྭར་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་ཡོངས་དང་། འདི་ལ་དངོས་ཤུགས་བརྒྱུད་གསུམ་ནས་རོགས་རམ་བྱེད་མཁན་ཐམས་ཅད་དེ་ཐུན་མོང་གི་འབད་འབུངས་ལས་བྱུང་བ་ནི་འདུས་བྱས་རྟེན་འབྱུང་གི་ཆོས་ཉིད་ལས་ཀྱང་འགྲུབ་པ་ཡིན་ནོ།།

ལྡོང་ཡོན་ཏན་རྒྱ་མཚོ།
      
རེད་ལགས། ངས་ཀྱང་དགེ་རྒན་འཇིགས་མེད་རྒྱལ་མཚན་ཚང་ནི། གྲུབ་འབྲས་སྣ་མང་གིས་ཐུགས་ཡིད་མི་ཚིམ་པའི་སྐྱེས་མཆོག་ཅིག་དང་། འགལ་རྐྱེན་བརྒྱ་སྟོང་ལ་དབུ་མི་སྒུར་བའི་དཔའ་བོ་ཞིག་ཡིན་པས། ཁོང་གི་མཛད་འཕྲིན་དང་ཕྱག་ལས་དེ་ས་གནས་ཤིག་གམ་མི་རིགས་ཤིག་ལ་འབྲེལ་བ་དམ་ཟབ་ཡོད་ཚུལ་གླེང་གི་ཡོད།  འོན་ཀྱང་། སློབ་གླིང་ཆེན་མོ་འདི་ལྟ་བུ་ཞིག་གི་འཕེལ་རྒྱས་ནི། མི་གཅིག་གི་འཇོན་ནུས་རྐྱང་རྐྱང་དང་ལྷ་གཅིག་གི་བྱིན་མཐུ་ཁོ་ནས་འགྲུབ་ཐུབ་པ་ཞིག་ག་ན་ཡིན། གོང་རིམ་གྱི་རྒྱབ་སྐྱོར། ཤེས་ཡོན་པའི་སྡོངས་གྲོགས། བོད་སྤྱི་ཚོགས་ཀྱི་ཡིད་ཆེས། དགེ་རྒན་དང་ལས་བཟོ་བའི་འབད་འབུངས། ཐ་ན་སྒོ་སྲུང་དང་ཇ་མ་དག་གི་རམས་འདེགས་ལའང་ཁ་འབྲལ་ཐབས་མེད་པ་ཞིག་རེད། མདོར་ན། སློབ་གླིང་འདི་བོད་ལ་དགོས་མཁོ་ཅན་ཞིག་ཡིན་པ་དོན་དངོས་ཡིན་ན། ཆོས་རྒྱུད་དང་གྲུབ་མཐས་མ་ཕྱེས་པར། ས་གནས་དང་ཕོ་མོར་ཁྱད་པར་མེད་པར། ཐམས་ཅད་ཀྱིས་སྲུང་སྐྱོབ་དང་མཐུན་རྐྱེན་བསྐྲུན་དགོས་པ་ནི་ཤིན་ཏུ་གལ་ཆེན་རེད་ཨང་ལགས།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།
དེར་མ་ཟད། ངེད་ཅག་ནི་བྱ་བཞག་འདི་ལྟ་བུ་ཞིག་སྒྲུབ་པ་ལ་སྨོན་ལམ་ལྷན་ཅིག་ཐེབས་ཡོད་པ་ཞིག་ཀྱང་ཡིན་ནམ་སྙམ་སྟེ། གལ་ཏེ་དེ་མིན་ན་འདི་ལྟར་རང་བཞིན་གྱིས་དམིགས་ཡུལ་དང་འདུན་མ་གཅིག་མཐུན་ལ་འབབ་པ་དཀའ་བས་སོ།།
   
ང་ཚོ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་འདིའི་ཆེས་ངོ་མཚར་བའི་ཁྱད་ཆོས་ནི། དགེ་སློབ་ལས་བཟོ་བ་དང་བཅས་པ་ཡོངས་ཀྱི་ཕན་ཚུན་བར་ཡིད་ཆེས་དང་དུང་སེམས། མཐུན་སྒྲིལ་དང་དད་པ་འདི་ཉིད་ཡིན། གལ་ཏེ་གོང་འོག་བར་ན་དབང་ཤུགས་དང་སྒོར་སྟོབས་འབའ་ཞིག་ལས་མེད། མངོན་ལྐོག་གི་བར་ན་ལས་འབྲས་བརྩི་བའི་བསམ་བློ་མེད། ལས་དོན་སྟེང་ལ་ལྷད་མེད་ཀྱི་ལྷག་བསམ་མེད་ན་ནི་ཆེས་ཤིན་ཏུ་ནས་ཀྱང་འཇིགས་སུ་རུང་བ་ཞིག་ཏུ་གོར་མ་ཆག དེས་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ནི་ནམ་ཡང་འབོར་མི་རུང་བ་ཞིག་གོ །

ལྡོང་ཡོན་ཏན་རྒྱ་མཚོ།
     
རེད་ལགས། གནའ་མི་བོད་ཀྱི་གཏམ་དཔེར་ཡང་། མིས་མི་བརྩིས་ན་བླ་མ་དང་མི་དཔོན།།ཤིང་གིས་ཤིང་ཁུར་ན་ལྷ་ཁང་དང་གསེར་ཁང་ཟེར།།ཟེར་བ་བཞིན། རྒན་གཞོན་དང་དགེ་སློབ་བར་ལ་བརྩི་འཇོག   སློབ་གཙོ་དང་དགེ་རྒན་བར་ལ་ཡིད་ཆེས། ལས་གྲོགས་དང་ལས་གྲོགས་བར་ལ་མཉམ་འབྲེལ་སོགས་ཡོད་ཚེ། ལས་གང་བསྒྲུབས་ཀྱང་བདེ་བླགས་ངང་འགྲུབ་འགྲོ་ལ། འགལ་རྐྱེན་ག་འདྲར་འཕྲད་ཀྱང་རང་བཞིན་གྱིས་སེལ་འགྲོ་བའང་ཆོས་ཉིད་དུ་འདུག  ཁྱད་པར་དུ། མི་རིགས་སློབ་གསོ་དང་རང་རིགས་ཡར་རྒྱས་སོགས་ཀྱི་ཆེད་དུ་བརྩོན་མཁན་ཞིག་ཡིན་ཚེ། འུར་ལངས་མི་རུང་བ་དང་ཁོ་ཆད་མི་ཉན་པའི་གདམས་ངག་དེ་ཡང་གསེར་སྲང་སྟོང་གིས་མི་ཁུགས་པའི་ལམ་སྟོན་གྱི་སྒྲོན་མེ་སེར་བོ་ཞིག་ཏུ་ངོས་ཟིན་བྱུང་ལགས།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།
   
རྒྱའི་གཏམ་དཔེ་ལ། ཤིང་སྡོང་འཛུགས་གསོ་ལོ་བཅུའི་ཡུན། མི་གཞི་འཛུགས་བསྐྲུན་ལོ་བརྒྱའི་རིང་ཟེར་བ་ལྟར། སློབ་གསོ་ཟེར་བ་དེ་རྩྭ་སྐྱ་མེར་ཤོར་བ་ལྟར་འུར་ལངས་པ་ཙམ་གྱིས་ཡོང་ཐུབ་པ་ཞིག་གཏན་ནས་མ་རེད། འོན་ཀྱང་ཁོ་གཏིང་ནས་ཆད་དགོས་པ་ཞིག་ཀྱང་མ་ཡིན་ཏེ། མི་རིང་མི་ཐུང་བའི་འདས་ཟིན་པའི་མི་ལོ་ཉེར་ལྔའི་གྲུབ་འབྲས་འདིས་ཀྱང་མཚོན་ཐུབ་པས་སོ།།
    
དེས་ན་ད་དུང་མུ་མཐུད་དུ་ཆོས་གྲོགས་དམ་པ་འཇིགས་མེད་རྒྱལ་མཚན་གྱིས་གཙོས་རང་ཅག་དགེ་སློབ་ལས་བཟོ་བ་ཡོངས་ཀྱིས་བསམ་བློ་གཅིག་མཐུན་གྱི་སྒོ་ནས་མདུང་ཡུ་གཅིག་ལ་མཆིལ་མ་དང་། སྤོ་ཐོ་གཅིག་ལ་རྡོག་པ་ཞེས་པ་ལྟར། མཐུན་སྒྲིལ་གྱི་ལག་བརྡང་འཐོར་དུ་མ་བཅུག ལྷག་བསམ་གྱི་དྲོད་མདངས་ཡལ་དུ་མི་སྟེར།  བརྩོན་སེམས་ཀྱི་བང་ཁ་ལྷོད་དུ་མ་བཅུག ཤེས་རབ་ཀྱི་འོད་སྣང་ཉམས་སུ་མ་བཅུག་པར་མདུན་དུ་བསྐྱོད་ན་མདུན་ལམ་ལ་འོད་སྟོང་འཚེར་བ་སྨོས་མ་དགོས་ཏེ། མི་བཟློག་བརྟན་པའི་བརྩོན་འགྲུས་གོ་བགོས་ན། །ལུང་རྟོགས་ཡོན་ཏན་ཡར་ངོའི་ཟླ་བཞིན་འཕེལ། །སྤྱོད་ལམ་ཐམས་ཅད་དོན་དང་ལྡན་པར་འགྱུར། །གང་བརྩམས་ལས་ཀྱི་མཐའ་རྣམས་ཡིད་བཞིན་འགྲུབ། །ཅེས་པའི་གདམས་པ་ལྟར་ཡིན་པས་སོ།།

ལྡོང་ཡོན་ཏན་རྒྱ་མཚོ།
   
ལགས་སོ།།དོན་དངོས་དང་ཐུགས་སྨོན་གཞི་གཅིག་ཏུ་འདྲེས་པར་གྱུར་ཅིག  ལྷག་བསམ་དང་བརྩོན་པ་ཟུང་དུ་སྦྲེལ་བར་གྱུར་ཅིག  འགལ་རྐྱེན་དང་འཚེ་བ་དབྱིངས་སུ་དག་པར་གྱུར་ཅིག  ཆོས་རིག་དང་སློབ་གསོ་དབྱར་མཚོ་ལྟར་རྒྱས་པར་གྱུར་ཅིག  བདག་སོགས་ལྟོས་བཅས་ཀྱང་ཚེ་རབས་ཕྲེང་བརྒྱུད་དུ་ཐེག་པ་ཆེན་པོའི་མགོན་དགེ་བའི་བཤེས་གཉེན་གྱིས་དགྱེས་བཞིན་རྗེས་སུ་བཟུང་སྟེ། བོད་དང་བོད་མི་རིགས་ལྟ་བུའི་ཆོས་རིག་དར་ལ་ལས་འབྲས་སྲུང་བ་དག་གི་མདུན་ནས་འཁྲིད་ལ་གཞུག་ནས་སྐྱོར་བའི་མཐུ་ནུས་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག  

རྭ་རྒྱ་བ་འཇིགས་མེད་རྒྱལ་མཚན།
    
ཆོས་ཀྱི་གྲོགས་མཆོག་དམ་པ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་དང་ལྡོང་ཡོན་ཏན་རྒྱ་མཚོ་རྣམ་གཉིས་ལ་གུས་ཕྱག་ལན་གསུམ་དང་བཅས་ཐུགས་རྗེ་ཆེ་ཞུ།  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྟོན་ཉེར་ལྔ་བ་ནི་ངེད་ཅག་དགེ་སློབ་དང་ལས་བཟོ་བ་ཐུན་མོང་གི་འཁྲུངས་སྟོན་ཡིན་ལ།  ཐུན་མོང་གི་རྔུལ་ཆུ་ལས་གྲུབ་པའི་ཐོན་མིའི་སློབ་གསོ་ཡི་སྣང་བརྙན་ཡིན།  ལས་མ་བྱས་པ་དང་མི་འཕྲད་ལ་བྱས་པ་ཆུད་མི་ཟ་བར་གསུངས་པ་ནང་བཞིན་མི་ལོ་ཉེར་ལྔའི་གྲུབ་འབྲས་འདི་ནི་ང་ཚོ་ཐུན་མོང་གིས་བསགས་པའི་ལས་དང་སྨོན་ལམ་གྱི་སྟོབས་ཡིན་པ་ནི་གདོན་མི་ཟ།  ཡིན་ན་ཡང་འཕྲལ་རྐྱེན་གདོན་འདྲེ་ཡིས་འཇབ་རྒོལ་གྱིས་མ་ནོན་ཞིང་གཤིས་ངན་དམུ་རྒོད་ཀྱི་དཀྲུག་ཤིང་དབྱེན་སྦྱོར་གྱིས་མ་འཐོར་བ་ནི་འུ་ཅག་གི་མཐུན་སྒྲིལ་ཐོ་བ་ལ་རྣོ་ལྕགས་ཀྱི་དཔལ་ཁ་འབར་བའི་རྟགས་རེད།  ཁྱད་པར་ཏུ་ཁྱེད་རྣམ་པའི་མི་རིགས་དང་ཆོས་རིག་ལ་བཅིངས་པའི་ལྷག་བསམ་ཟོལ་མེད་དེ་རིའི་རྒྱལ་བོ་བཞིན་གཡོ་འགུལ་མེད་ཅིང་ཞི་བདེ་རྒྱ་མཚོ་ལྟར་གཏིང་དཔག་དཀའ་བའི་སྟོབས་ཀྱིས་རེད།  སྐབས་ཉེར་ལྔ་བའི་འཁྲུངས་སྟོན་ལྷན་དུ་རོལ་རྒྱུ་ནི་ཇི་འདྲའི་ཡིད་སྨོན་བྱེད་ས་དང་ཇི་འདྲའི་རྗེས་དྲན་བྱེད་རིན་ཡོད་པ་ཞིག་རེད་མོད་དེ།  མི་ཐེག་རུང་འདྲིད་དགོས་པའི་བྱ་བ་ལྗིད་ཏིག་གེ་ཞིག་གིས་མགོ་ནས་མནན་ཅིང་སྔོན་ནས་འཐེན་ལ་རྗེས་ནས་དེད་པས་མི་འགྲོ་ཐབས་མེད་དུ་གྱུར་སོང་།   ཡིན་ན་ཡང་ཁྱེད་ཅག་དགེ་སློབ་ཡོངས་ཀྱི་རྒྱབ་སྐྱོར་དང་དཀོན་མཆོག་གསུམ་གྱི་བྱིན་རླབས།  ཆོས་སྐྱོང་སྲུང་མའི་དཔུང་རོགས།  ལྷག་བསམ་ཅན་གྱི་སྐྱབས་འཇུག་སོགས་ཡོད་པས་ཕར་བལྟས་ཚེ་བླ་རྒན་མགོ་དཀར་གཅིག་པུར་སྣང་ཡང་ང་ལ་དཔུང་རོགས་ཀྱི་དར་ཆ་མཐོ་ལ་སྤོབས་པ་དང་ཡིད་ཆེས་ཀྱིས་ཁེངས་ཡོད།  ཁྱེད་ཅག་སེམས་ཁུར་ལ་གཏད་སོང་བས་དགོངས་དག་ལན་བརྒྱར་ཞུ།  ཁྱེད་ཚོས་ཐུགས་ཚེགས་གནང་མི་དགོས།  
   
མཐར་དགེ་སློབ་ཡོངས་ཀྱི་ལུས་སེམས་བདེ་ཞིང་བསམ་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུ། 
 
༢༠༡༩་ལོའི་བོད་ཟླ་༩་བའི་ཚེས་༢༠་ཉིན་རྭ་རྒྱ་བ་འཇིགས་མེད་རྒྱལ་མཚན་གྱིས་རྒྱལ་ས་པེ་ཅིན་གྱི་དར་བསྒྲེངས་མགྲོན་ཁང་དུ་བྲིས།

གསར་འགོད་པ། སྨར་ཁམས་མཁའ་འགྲོ་རྒྱལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། da3h བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23527562
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།