ངེས་འབྱུང་ལ་བློ་སྦྱོང་བ་དང་དཔལ་འབྱོར་ཡར་རྒྱས་གཏོང་བའི་བསམ་བློའི་བར་གྱི་འགལ་འདུ་ཇི་ལྟར་སེལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »ངེས་འབྱུང་ལ་བློ་སྦྱོང་བ་དང་དཔལ་འབྱོར་ཡར་རྒྱས་གཏོང་བའི་བསམ་བླ
ངེས་འབྱུང་ལ་བློ་སྦྱོང་བ་དང་དཔལ་འབྱོར་ཡར་རྒྱས་གཏོང་བའི་བསམ་བློའི་བར་གྱི་འགལ་འདུ་ཇི་ལྟར་སེལ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2020-10-27ལྟ་ཀློག (2223)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།། ངེས་འབྱུང་ལ་བློ་སྦྱོང་བ་དང་དཔལ་འབྱོར་ཡར་རྒྱས་གཏོང་བའི་བསམ་བློའི་བར་གྱི་འགལ་འདུ་ཇི་ལྟར་སེལ།

བཛྲ་ཚུལ་ཁྲིམས་རྒྱ་མཚོས།

    ཉིན་ཞིག་རྒྱ་མི་གྲོགས་པོ་ཞིག་གིས་ཁོའི་སློབ་གྲོགས་ཁེ་ལས་པ་ཞིག་ངའི་རྩར་ཁྲིད་འོངས་ནས་ང་ལ་བཤད་རྒྱུར། འདི་ཅུང་ཡོན་ཏན་པ་ཞིག་ཡིན་པར་མ་ཟད། ནང་ཆོས་ལའང་དགའ་མཁན་ཞིག་ཡིན། དེ་རིང་ཁོར་རིང་མོ་ནས་དོགས་པ་ཡོད་པའི་དྲི་བ་འགའ་ཁྱེད་ལ་ཞུ་རྒྱུ་ཡོད་ཟེར་བས། གོ་སྐབས་ཤིག་ཅིས་ཀྱང་ཐུགས་རྗེས་གཟིགས་འཚལ་ཟེར། ཁེ་ལས་པ་དེས་ཀྱང་གུས་ཉམས་དང་བཅས་རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱས་པས། ཁོ་ནི་མི་གཞི་དང་ཡོན་ཚད་ཅུང་ལེགས་ཤིང་། ང་རྒྱལ་དང་ཁེངས་དྲེགས་དེ་ཙམ་མི་ཆེ་ལ། དོན་དག་ཅུང་ཆེན་པོ་རེ་སྒྲུབ་མཁན་ཞིག་ཡིན་རྒྱུ་རེད་སྙམ་པའི་སྣང་བ་ཞིག་སྟེར་བྱུང་། དེ་ནས་ངས་ཀྱང་གླེང་མོལ་ཐེངས་གཅིག་བྱེད་པར་མོས་མཐུན་བྱས། གཤམ་དུ་བཀོད་པ་ནི་ངེད་གཉིས་ཀྱི་ཁ་བརྡ་ཡིན་པས་འདོད་པ་ཡོད་ན་གསན་འཚལ་ལགས།

དྲི་བ། ༡ སྙིང་ཐག་པ་ནས་ནང་ཆོས་སྦྱོང་མཁན་ཞིག་ལ་མཚོན་ན། ངེས་པར་དགོས་ཤིང་ཆེས་གལ་ཆེ་བའི་བསམ་བློ་གཙོ་བོ་གང་དག་ཡོད་ལགས།

   ལན། དེ་ལ་ངེས་པར་དགོས་ཤིང་ཆེས་གལ་ཆེ་བ་ནི། ངེས་འབྱུང་། བྱང་ཆུབ་ཀྱི་སེམས། ཡང་དག་པའི་ལྟ་བ་སྟེ་ལམ་གྱི་གཙོ་བོ་རྣམ་གསུམ་དུ་གྲགས་པ་དེ་དག་ཡིན་ནོ།།

 

དྲི་བ། ༢ ལགས་སོ།། དེ་གསུམ་ངོ་སྤྲོད་མདོར་བསྡུས་གནང་དུ་འཚལ་ལམ།

    ལན། ཡ། ཆོག་ཀི སྡུག་ཀུན་གཉིས་ཀྱིས་བསྡུས་པའི་འཁོར་བ་སྤྱི་དང་བྱེ་བྲག་གི་སྐྱོན་དང་། མྱང་འདས་ཀྱི་ཡོན་ཏན་མཐོང་ནས་འཁོར་བ་ལ་འབྲལ་འདོད་དང་། མྱང་འདས་ཐོབ་འདོད་ཀྱི་བློ་བཅོས་མིན་དེ་ལ་ངེེས་འབྱུང་དང་། ཇི་ལྟར་རང་ཉིད་འཁོར་བའི་སྡུག་བསྔལ་ལ་སྐྱོ་བ་དང་། མྱང་འདས་ལ་ཐོོབ་འདོད་ཡོད་པ་དེ་ལྟར་དུ་མཁའ་མཉམ་གྱི་མ་རྒན་སེམས་ཅན་ཐམས་ཅད་ཀྱང་བདེ་བ་འདོད་པ་བདག་དང་མཚུངས་པ་ཡིན་པས་དེ་དག་གི་དོན་བྱེད་པར་འདོད་པ་ན། དེ་དག་མཐར་ཐུག་གི་བདེ་བ་ལ་འགོད་པའི་ནུས་པ་ནི་རྫོགས་པའི་སངས་རྒྱས་ཁོ་ན་ལ་ཡོད་པར་ཤེས་ནས། སེེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་མེེད་བྱང་ཆུབ་དོན་གཉེར་གྱི་བསམ་བློ་བཅོས་མིན་དེ་ལ་བྱང་ཆུབ་ཀྱི་སེམས་དང་། སྤྱིར་ཡང་དག་པའི་ལྟ་བ་ཙམ་ལ་ལས་འབྲས་མི་བསླུ་བར་རྟོགས་པ་ལྟ་བུའི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་། ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་པ་ཟབ་མོ་སྟོང་བ་ཉིད་རྟོགས་པའི་ཡང་དག་པའི་ལྟ་བ་གཉིས་ལས། འདིར་ནི་ཕྱི་མའོ།། དེ་ཡང་ནང་བ་བ་རང་གི་ལྟ་བ་ཡིན་པས་ཡང་དག་པ་ཞེས་ཟེར་བ་མིན་གྱི། ཆོས་རྣམས་ཀྱི་གནས་ལུགས་ཡང་དག་པ་ཡིན་པས་ཡང་དག་པ་ཞེས་བརྗོད་པ་ཡིན་ནོ།། དེ་ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་པ་ཡིན་ཚུལ་ནི་ཕྱོགས་ཞེན་ཙམ་མ་ཡིན་པར་ལུང་རིགས་རྣམ་དག་གི་སྒོ་ནས་བསྒྲུབ་ཐུབ་པ་ཞིག་ཡིན་ནོ།།



དྲི་བ། ༣ ལགས་སོ་ལགས། ཅུང་ཟད་ཅིག་གོ་བྱུང་། བཀའ་དྲིན་ཆེ། འོན་ཀྱང་བྱང་ཆུབ་ཀྱི་སེམས་དང་ཡང་དག་པའི་ལྟ་བའི་སྐོར་ནི། ང་ལ་མཚོན་ན་ཧ་ཅང་དཀའ་བའི་གནས་སུ་མཆིས་པས་རེ་ཞིག་དྲི་བར་མི་འདོད་ཀྱི། ངེས་འབྱུང་གི་བསམ་པ་སྦྱོང་ཚུལ་གྱི་སྐོར་དེ་ལ་ད་དུང་ཞུ་རྒྱུ་འགའ་ཟུང་རེ་ཡོད་ལགས་ན། འདྲི་ཆོག་གམ།

    ལན། འོ་ཡ། ལོས་ཆོག

 

དྲི་བ། ༤ ནང་ཆོས་བསྒྲུབ་པ་ལ་ངེས་འབྱུང་གི་བསམ་པ་དེ་ཅིས་ཀྱང་བསྐྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་ལགས།

    ལན། ཨོ་ཡ། དེ་ནི་ནང་ཆོས་སྒྲུབ་མཁན་རང་གི་ཀུན་སློང་ལ་འབྲེལ་བ་དམ་པོ་ཡོད་པ་ཞིག་སྟེ། གལ་ཏེ་ཁྱོད་ཀྱི་ཆོས་བསྒྲུབ་པའི་ཀུན་སློང་དེ་ཚེ་འདི་བ་ཙམ་གྱི་བདེ་སྐྱིད་སྙན་གསུམ་ཐོབ་པའི་ཆེད་ཙམ་ཡིན་ན་ནི། ངེས་འབྱུང་གི་བསམ་པ་དེ་ངེས་པར་བསྐྱེད་དགོས་པ་མིན་མོད། འོན་ཀྱང་དེ་ནི་ཆོས་ཙམ་དུ་འགྲོ་བའང་ཤིན་ཏུ་དཀའ་ལ། གལ་ཏེ་ཚེ་ཕྱི་མའི་འཁོར་བ་བདེ་བ་ཙམ་གྱི་ཆེད་དུ་ཡིན་ན་སྐྱེས་བུ་ཆུང་ངུའི་ཆོས་སྐོར་ཙམ་དུ་འདུ་ལ། དེ་ཙམ་ལ་ངེས་འབྱུང་གི་བསམ་པ་སྔོན་དུ་འགྲོ་ཡང་མི་དགོས་མོད། འོན་ཀྱང་དེ་ཡང་ཆོས་རྣམ་དག་ཏུ་འགྲོ་བ་དཀའོ།། ཁམས་གསུམ་གྱི་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པར་ཤེས་ནས་དེ་ལས་གྲོལ་བའི་མྱང་འདས་ཐོབ་པའི་ཆེད་དུ་ཆོས་སྒྲུབ་པ་ཡིན་ན་ནི་ཆོས་རྣམ་དག་ཏུ་འགྲོ་མིན་ལ་ཐེ་ཚོམ་ཟ་མི་དགོས་མོད། འོན་ཀྱང་དེ་ལྟ་བུའི་ཆོས་རྣམ་དག་ཅིག་བསྒྲུབ་པ་ལ་ནི་ངེས་པར་ངེས་འབྱུང་གི་བསམ་པ་ལ་བློ་སྦྱོང་དགོས་པ་ཡིན་ནོ།།



དྲི་བ། ༥ དེ་ལ་ངེས་འབྱུང་གི་བསམ་པ་ཅིས་ཀྱང་སྔོན་དུ་འགྲོ་དགོས་པའི་རྒྱུ་མཚན་ཅི་ཡིན་གསུངས་འཚལ་ལགས།

ལན། ཇི་སྐད་དུ་དབུ་མ་རིན་ཆེན་འཕྲེང་བ་ལས།

དང་བོར་མངོན་པར་མཐོ་བའི་ཆོས།།

ཕྱིས་ནི་ངེས་པར་ལེགས་འབྱུང་བའོོ།།

ཞེས་གསུངས་པ་ལྟར་ཤེས་རབ་ཅན་གྱི་སྐྱེས་བུ་དག་གི་དོན་དུ་གཉེར་བྱ་ནི་གནས་སྐབས་མངོན་མཐོ་དང་མཐར་ཐུག་ངེས་ལེགས་གཉིས་ལས་མ་འདས་ཤིང་། དེ་གཉིས་ལས་ཀྱང་མཐར་ཐུག་གི་འདོད་བྱ་ནི་ངེས་ལེགས་ཁོ་ནའོ།། 

དབུ་མ་རིན་ཆེན་འཕྲེང་བ་ལས།

དེ་ལ་མངོན་མཐོ་བདེ་བ་སྟེ།།

ངེས་པར་ལེགས་པ་ཐར་བར་འདོད།།

ཅེས་གསུངས་པ་ལྟར་མངོན་མཐོ་ཞེས་པ་ནི་ལྷ་དང་མིའི་ལུས་སེམས་ཀྱིས་བསྡུས་པའི་ཚོར་བ་བདེ་བ་དང་ཚོར་བ་བཏང་སྙོམས་ལྟ་བུ་ལ་བྱ་ཞིང་། ངེས་ལེགས་ནི། བདག་མེད་རྟོགས་པའི་ཤེས་རབ་ལ་བརྟེན་ནས་སྡུག་ཀུན་གཉིས་ཀྱི་རྩ་བ་དྲུངས་ནས་ཕྱུངས་ཏེ་ཐོབ་པའི་གྲུབ་འབྲས་ལ་བྱའོ།། དེ་ལས་མཐར་ཐུག་གི་ཐོབ་བྱ་ཐར་བ་བསྒྲུབ་པ་ལ་ནི་ངེས་འབྱུང་མེད་མི་རུང་བ་ཡིན་ནོ།། མདོར་ན་མངོན་མཐོ་ནི་ལྷ་མིའི་གོ་འཕང་ལྟ་བུ་ལ་ཟེར་ཞིང་། ངེས་ལེགས་ནི་ཐར་བ་དང་ཐམས་ཅད་མཁྱེན་པ་ལ་ཟེར་བ་ཡིན་ནོ།།



དྲི་བ། ༦ དེ་ཡིན་ཚུལ་གསལ་བར་ཉན་ན་འདོད་ལགས།

    ལན། གོང་དུ་བཤད་པ་ལྟར་ངེས་འབྱུང་ཞེས་པ་ནི་འཁོར་བ་སྡུག་ཀུན་གཉིས་ལ་ཞེན་པ་ལོག་ནས་ཐར་བ་མྱང་འདས་དོན་དུ་གཉེར་བའི་བློ་ལ་ཟེར་བ་ཡིན། དེ་ཡང་འཁོར་བ་ལ་ཞེན་པ་མ་ལོག་ན་དེ་ལས་འབྲལ་འདོད་ཀྱི་བློ་མི་སྐྱེ། དེ་མ་སྐྱེས་ན་དེའི་སྡུག་བསྔལ་ལས་མི་ཐར། དེ་ལ་འབྲལ་འདོད་སྐྱེས་ཀྱང་ཐར་བ་མྱང་འདས་ཀྱི་ཡོན་ཏན་མ་མཐོང་ན་དེ་ལ་དོན་གཉེར་མི་འབྱུང་། དེའི་ཕྱིར་ངེས་འབྱུང་མེད་པར་ཐར་བ་ཐོབ་ཚུལ་མེད་དོ།།

 

དྲི་བ། ༧ ལགས་སོ།། ངོ་མས་གནས་ལུགས་འདུག་སྙམ་པ་ཤར་བྱུང་། འོན་ཀྱང་སྐབས་འདིར་ད་དུང་ང་ལ་དོགས་པ་འགའ་ཟུང་འདུག་པས་ཅིས་ཀྱང་འདྲི་དགོས། གལ་ཏེ་ཐུགས་དང་མི་མཐུན་པ་རེ་མཆིས་ན་དགོངས་འགལ་མེད་པར་ཞུ་ལགས། ནང་ཆོས་དང་བསྟུན་ན་ངེས་འབྱུང་འདི་གལ་ཆེ་ཚུལ་གོང་དུ་གསུངས་པ་དེ་ལྟར་ཡིན་རྒྱུ་རེད། དེས་ན་ངེས་འབྱུང་བསྒྲུབ་པ་ལ་འདོད་ཆུང་ཆོག་ཤེས་བསྟེན་དགོས་པའང་གོར་མ་ཆག འོན་ཀྱང་ཚན་རིག་དང་དཔལ་འབྱོར་དར་རྒྱས་ཧ་ཅང་ཆེ་བའི་ནུབ་ཕྱོགས་པ་དག་གི་དཔལ་འབྱོར་རིག་པ་ལྟར་ན། འདོད་ཆུང་ཆོག་ཤེས་ནི་ལེ་ལོ་དང་སྒྱིད་ལུག བག་འཁུམ། སྲོ་ཤི་བ་སོགས་ཀྱི་ཆར་གཏོགས་པའི་སེམས་ཁམས་ཤིག་ཏུ་ངོས་འཛིན་བྱེད་ཀྱིན་འདུག དེ་ལྟ་བུའི་བསམ་བློ་དར་སྤེལ་བཏང་ན་སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་ལ་གནོད་པར་འདོད། འདིར་ངས་དྲི་འདོད་པ་ནི། དོན་དངོས་སུ་ནང་བས་བཤད་པའི་འདོད་ཆུང་ཆོག་ཤེས་ཞེས་པ་དེ་ལེ་ལོ་དང་སྒྱིད་ལུག བག་འཁུམ་གྱི་ཆར་གཏོགས་པའི་སེམས་ཁམས་ཤིག་ཨེ་ཡིན། ནང་ཆོས་ལ་སློབ་སྦྱོང་བྱེད་ན་སྤྱི་ཚོགས་ཡར་རྒྱས་དང་དཔལ་འབྱོར་དར་སྤེལ་ལ་ཅིས་ཀྱང་དགྲར་འཛིན་དགོས་པ་ཡིན་ནམ། ཡང་ན་བསམ་བློ་དེ་གཉིས་ཀྱི་བར་གྱི་འགལ་འདུ་སེལ་ཚུལ་ཡང་དག་པ་གཞན་ཞིག་བཤད་དུ་ཡོད་པ་ཡིན་ལགས། འདི་ལྟར་དྲིས་པ་ནི་ཁྱེད་ལ་མ་གུས་པ་སོགས་བྱས་པ་གཏན་མིན། ངས་ངོ་མས་མི་ཤེས་པས་ཤེས་པར་འདོད་ནས་དྲིས་པ་ཡིན་ལགས། དེས་ན་གསལ་བོ་ཞིག་གསུངས་རོགས་ཞུ།

 

    ལན ཨོ་ཡ། ཤེས་ཀི། ངས་ཁྱོད་ཀྱིས་འདི་ལྟར་དྲིས་པ་ཧ་ཅང་བཟང་སྙམ་མོ།། རྒྱུ་མཚན་ནི། དྲི་བ་འདི་དག་ཁྱོད་གཅིག་པུའི་དྲི་བ་མིན། རྒྱ་མི་སྤུན་ཟླ་མང་བོ་དང། ནུབ་གླིང་བའི་གྲོགས་པོ་མང་བོ་ཞིག་ལའང་དོགས་པ་འདི་སྐྱེ་བཞིན་ཡོད། དྲི་ཡང་མྱོང་། དེར་མ་ཟད་ནང་ཆོས་པ་རང་གི་གྲས་ནའང་སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་གཏོང་འདོད་ན་ཆོས་ངེས་པར་འདོར་དགོས་ལ། ཆོས་བསྒྲུབ་འདོད་ན་ནི་དཔལ་འབྱོར་ཅིས་ཀྱང་འདོར་དགོས་སྙམ་པའི་ལྟ་བ་ཡོད་པ་ཧ་ཅང་མང་བོ་འདུག གཞན་ཡང་། ནང་ཆོས་སུ་བཤད་པའི་འདོད་ཆུང་ཆོག་ཤེས་ཞེས་པ་དེ་དོན་དངོས་སུ་ལེ་ལོ་དང་སྒྱིད་ལུག བག་འཁུམས། སྲོ་ཤི་བའི་སེམས་ཁམས་ཀྱི་ཆར་གཏོགས་པ་ཞིག་ཡིན་མིན་ཤེས་པ་ལ། ཐོག་མར་ཐ་སྙད་འདི་དག་གི་གོ་དོན་ངོ་མ་དེ་ཤེས་རྒྱུ་ཧ་ཅང་གལ་ཆེ་སྙམ་མོ།། 

    དེས་ན་ངས་ཐོག་མར་༼འདོད་ཆུང་ཆོག་ཤེས་༽ཞེས་པ་འདིའི་དོན་ཅུང་ཙམ་བཤད་པར་བྱའོོ།། དེ་ཡང་འཇིག་རྟེན་འདིར་རྒྱུ་ནོར་ལ་མི་དགའ་མཁན་་ཧ་ཅང་ཉུང་ཉུང་ཡིན། རྒྱུ་ནོར་འཛད་མཐའ་མེད་པ་ལ་ལོངས་སྤྱོད་ཐུབ་ན་ཅི་མ་རུང་སྙམ་པའང་མི་ཕལ་མོ་ཆེའི་སྙིང་ཁོང་གི་རེ་བ་ཡིན། ང་ཚོས་མཐོང་ཚོད་ལྟར་ན། མི་ཞིག་ལ་རྒྱུ་ནོར་ལོངས་སྤྱོད་འཛོམས་ན་ཕྱུག་པོ་ཞེས་པའི་མིང་ཐོབ་ཅིང་ཀུན་གྱིས་གྲལ་མགོར་འཇོག ཚོགས་པ་ཞིག་ལ་རྒྱུ་ནོར་ལོངས་སྤྱོད་ལྡན་ན་དབང་ཐང་ནུས་སྟོབས་ཆེ་བས་བཟང་ངན་ཅི་ཞིག་བསྒྲུབ་འདོད་ཀྱང་ལམ་ཁའི་འགལ་རྐྱེན་མཐའ་དག་ཚེགས་མེད་དུ་སེལ་ཐུབ། རྒྱལ་ཁབ་ཅིག་ལ་རྒྱུ་ནོར་ལོངས་སྤྱོད་འཛོམས་ན་གནམ་འོག་ཁ་ལོ་བསྒྱུར་བའི་ཆ་རྐྱེན་གཙོ་བོ་ཞིག་ཚང་བ་ལྟ་བུ་ཡིན། དེའི་ཕྱིར་འཇིག་རྟེན་པ་རྣམས་ཀྱིས་རྒྱུ་ནོར་ལོངས་སྤྱོད་ནི་ཕྱི་རོལ་ནས་མི་ཞིག་གི་རིན་ཐང་འཇལ་བྱེད་ཀྱི་ཚད་ཤིང་ལྟ་བུར་འཛིན་བཞིན་འདུག་པར་མ་ཟད། རྒྱུ་ནོར་ལོངས་སྤྱོད་ལས་གལ་ཆེ་བ་ཞིག་ཕལ་ཆེར་མེད་པ་ལྟ་བུར་འདོད་བཞིན་ཡོད།

ལོ་ངོ་ཉིས་སྟོང་བརྒྱ་ལྷག་གི་ཡར་སྔོན་དུ་རྒྱའི་མཁས་པ་སི་མཱ་ཆན་གྱིས་འཇིག་རྟེན་པ་དག་ལ་སྡོམ་ཚིག་འདི་ལྟར་བཀོད་འདུག་སྟེ།

གནམ་འོག་འཚང་ཁ་ཤིག་ཤིག་ཚུར་ལ་འོངས།།

དེ་དག་ཀུན་ཀྱང་རང་ཁེའི་ཆེད་དུ་འོངས།།

གནམ་འོག་འཚང་ཁ་ཤིག་ཤིག་ཕར་ལ་འགྲོ།།

དེ་དག་ཀུན་ཀྱང་རང་ཁེའི་ཆེད་དུ་འགྲོ།།

ཞེས་བཤད་པ་འདིས་སྤྱིར་བཏང་གི་འཇིག་རྟེན་པ་རྣམས་ཀྱི་རང་གཤིས་བརྗོད་ཡོད་སྙམ། 

ཡང་རྒྱ་མིའི་གཏམ་དཔེ་ལ།

མི་རྒྱུ་དོན་དུ་ཤི།།

བྱ་ཟས་དོན་དུ་ཤི།།

ཟེར་ཚུལ་ཡོད། འདི་ལ་ནང་དོན་དང་གོ་བ་ལེན་སྟངས་མང་ཡང། ད་ལྟའི་མི་མང་བོ་ཞིག་གིས་གཏམ་དཔེ་འདི་བེད་སྤྱད་ནས་རྒྱུ་ནོར་ལོངས་སྤྱོད་ཀྱི་ཆེད་དུ་ཡོད་ཚད་གཏོང་བ་ནི་ཆེས་བསྒྲུབ་འོས་པ་ཞིག་བསྒྲུབས་པ་ལྟ་བུར་བཤད་ཀྱིན་འདུག དེར་མ་ཟད་དེང་རབས་དཔལ་འབྱོར་རིག་པའི་གཞུང་ལུགས་ཀྱི་དགོངས་དོན་ལྟར་ན། ཐབས་ཤེས་ཇི་ལྟར་བྱས་ནས་དཔལ་འབྱོར་གྱི་ཁེ་ཕན་ཆེས་ཆེ་བར་གཏོང་རྒྱུ་དེ། དཔལ་འབྱོར་རིག་པར་ཞིབ་འཇུག་བྱེད་པའི་ཆེས་གལ་ཆེ་བའི་དམིགས་ཡུལ་དང་དོན་སྙིང་དུ་བཟུང་ནས་ཡོད། དེས་ན་འོ་སྐོལ་སྤྱི་ཚོགས་དང་ཁོར་ཡུག་འདི་ལྟ་བུ་ཞིག་ལ་གནས་ཤིང་། རྒྱུ་ནོར་མཆོག་འཛིན་གྱི་མི་མང་བོ་ལ་ཁ་གཏད་ནས་ཡོད་དུས། འདོད་ཆུང་ཆོག་ཤེས་དགོས་ཚུལ་བཤད་ན་རྣ་བར་འགྲོ་དཀའ་བ་ནི་ངས་ཀྱང་ཤིན་ཏུ་གསལ་བར་ཤེས། མི་ཞིག་ཡིན་ཚེ་རྒྱུ་ནོར་ངེས་པར་བསྒྲུབ་དགོས་པ་ཞིག་རེད་སྙམ་པའི་བསམ་བློ་དེ་ཁོ་ཚོར་ཤ་ཞེན་རུས་ཞེན་དུ་སོང་འདུག་པས། དེ་གལ་མི་ཆེ་ཚུལ་བཤད་ན་མང་བོ་ཕལ་ཆེར་ཞིག་བྲོས་འགྲོ་རྒྱུ་རེད་སྙམ། དྲང་མོར་བཤད་ན་འབྲོ་དགོས་དོན་ཆེན་པོ་མི་འདུག་སྟེ། ནང་ཆོས་སུ་དགག་པ་བརྒྱག་ས་གཙོ་བོ་དེ་རྒྱུ་ནོར་ཁོ་རང་མིན་ལ། རྒྱུ་ནོར་དེ་ཡོད་ཚད་ཀྱི་མཆོག་ཏུ་འཛིན་པའི་འདོད་སྲེད་དེ་ཉིད་ཡིན་པས་སོ།། 

    ནང་བསྟན་ནས་ཆོས་དང་མཐུན་པའི་རྒྱུ་ནོར་བསྒྲུབ་པའི་ཡང་དག་པའི་འཚོ་བ་ལ་དགག་པ་མི་བྱེད་ཀྱི། ཆོས་དང་མི་མཐུན་པར་བརྣབ་སེམས་དང་འགྲོགས་པའི་ལོངས་སྤྱོད་ལོག་པར་འཚོལ་བ་དེ་ཉིད་འགོག་གི་ཡོད་པ་ཡིན་ནོ།། དེ་ཅིའི་ཕྱིར་འགོག་དགོས་ཤེ་ན། འདི་ལྟར་ཡིན་ཏེ། ཁྱོད་ནང་ཆོས་ལ་དད་དམ་མི་དད་ཀྱང་རུང་། གལ་ཏེ་རང་ཉིད་ཀྱི་འདོད་སྲེད་དེ་ཚོད་མེད་དུ་འཕེལ་བར་བཅུག་ན། དེའི་མཇུག་འབྲས་ནི་སྡུག་བསྔལ་ཉིད་ཡིན་པ་གོར་མ་ཆག་གོ། གལ་ཏེ་རང་སེམས་ཕྲ་མོ་འདི་རང་གི་དབང་དུ་མ་ཚུད་ན། ཕྱིའི་རྒྱུ་ནོར་དེ་རང་གི་ཆེས་འཇིགས་སུ་རུང་བའི་དགྲ་བོར་འགྱུར་བའང་ཐེ་ཚོམ་མེད་པ་ཞིག་གོ། དེའི་ཕྱིར་ནང་ཆོས་སུ་ནམ་རྒྱུན་མི་རྣམས་ལ་འདོད་ཆུང་ཆོག་ཤེས་བྱེད་དགོས་པའི་བསླབ་བྱ་གནང་བ་ཡིན་པས་འདི་དག་དོན་དངོས་ཀྱི་གནས་ལུགས་མ་རེད་དམ། 

    ང་ཚོས་རྟག་པར་ང་ཚོའི་མཐའ་འཁོར་ནས་མཐོང་རྒྱུ་དང་ཐོས་རྒྱུ་ལ། ལ་ལས་རྒྱུ་ནོར་གྱི་ཆེད་དུ་རང་ཉིད་ཀྱི་བླ་སྲོག་བཙོང་བའི་གནས་ཚུལ། དེ་བཞིན་དུ་རྒྱུ་ནོར་གྱི་ཆེད་དུ་རང་གི་མི་གཤིས་དང་ལས་འབྲས་དོར་བའི་གནས་ཚུལ། རྒྱུ་ནོར་གྱི་ཆེད་དུ་ཕ་མས་བུ་ཕྲུག་བསད་པ། བུ་བུ་མོས་ཕ་མ་བསད་པའི་ལོག་སྤྱོད། ཕུ་ནུ་ནང་དམེ་བྱས་པ་སོགས་གྲངས་ཀྱིས་མི་ལོངས་པའི་སྐྱོ་གར་རེ་རེ་བཞིན་བྱུང་བ་བརྗོད་ཀྱིས་ག་ལ་ལོངས། གལ་ཏེ་ཤེས་པ་རང་བཞིན་དུ་གནས་པ་ཞིག་ཡིན་ན། སྐྱོ་གར་དེ་དག་དང་རིང་དུ་གྱེས་ན་མི་འདོད་མཁན་སུ་ཞིག་ཡོད། སྐྱོ་གར་འདི་ལྟ་བུ་སུ་ལའང་མི་འབྱུང་བའི་ཆེད་དུ། ནང་ཆོས་སུ་འདོད་ཆུང་ཆོག་ཤེས་བྱེད་དགོས་པའི་བསམ་བློ་གླེང་བ་དེ་ལ་འགལ་བ་ཅི་ཞིག་ཡོད། 

    གལ་ཏེ་ཁྱོད་ཀྱིས་རང་སེམས་རང་གི་དབང་དུ་བྱེད་ཐུབ་ན། རྒྱུ་ནོར་དེ་ཁྱོད་ལ་གནོད་པ་གང་ཡང་མེད་པར་མ་ཟད། ད་དུང་ཁྱོད་ཀྱིས་བསོད་ནམས་རྒྱ་ཆེན་པོ་གསོག་པའི་རམ་འདེགས་སུ་འགྱུར་བ་ཡིན་ལ། མཐའ་ཀླས་སྐྱེ་འགྲོ་ཀུན་ལ་ཕན་པའི་རྒྱུར་ཡང་འགྱུར་རོ།། དེའི་ཕྱིར་ཐེག་པ་ཆེན་པོའི་བཀའ་བསྟན་གྱི་གཞུང་རྣམས་སུ། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་རྟོགས་པའི་ཤེས་རབ་ལ་མངའ་དབང་འབྱོར་བའི་བྱང་སེམས་དག་ནི། འཛད་མཐའ་མེད་པའི་རྒྱུ་ནོར་ལ་ལོངས་སྤྱོད་ཆོག་པའི་གོ་སྐབས་བྱུང་ཡང་། བག་མེད་པར་མི་འགྱུར་བར་མ་ཟད། རང་གཞན་ཀུན་ལ་ཕན་ཐོགས་པར་མཛད་ནུས་པ་ཡིན་པར་ཡང་ཡང་གསུངས་སོ།། དེས་ན་འདོད་ཆུང་ཆོག་ཤེས་ཞེས་པའང་རང་ཚོད་རང་གིས་འཛིན་མི་ཐུབ་པའི་གང་ཟག་འགའ་ཞིག་ལ་ཆེད་དུ་དམིགས་ནས་གསུངས་པ་ཡིན་ཚུལ་ཡང་ཤེས་དགོས་སོ།།

    དེའི་ཕྱིར་འདོད་ཆུང་ཆོག་ཤེས་ཞེས་པའི་ཚིག་ཙམ་ལ་བརྟེན་ནས་ནང་ཆོས་ཡོངས་རྫོགས་དཔལ་འབྱོར་ཡར་རྒྱས་གཏོང་བའི་འགལ་རྐྱེན་དུ་སྨྲ་བ་ནི་ཆེས་བཞད་གད་ཀྱི་གནས་འབའ་ཞིག་གོ། གཞན་ཡང་། ནང་ཆོས་སུ་ནང་བ་ཞིག་ཡིན་ན་རྒྱུ་ནོར་གཏན་ནས་བསྒྲུབ་མི་ཆོག་པར་གསུངས་ཀྱང་མེད་དེ། སྦྱིན་པའི་ཕར་ཕྱིན་དེ་ཕར་ཕྱིན་དྲུག་གི་དང་བོར་བཞག་ཡོད་ལ། སྦྱིན་པའི་དབྱེ་བ་གསུམ་གྱི་དང་བོ་ལ་ཟང་ཟིང་གི་སྦྱིན་པ་བཞག་པ་གང་ཞིག ཟང་ཟིང་གི་སྦྱིན་པ་གཏོང་བ་ལ་ཟང་ཟིང་བསྒྲུབ་དགོས་པའང་དེ་ཙམ་རྟོགས་དཀའ་བ་མ་ཡིན་པའི་ཕྱིར། དེར་མ་ཟད་ཆོས་གཞུང་རྣམས་སུ། མཐོ་རིས་གྱི་ཡོན་ཏན་བདུན་དང་ལྡན་པའི་ལུས་རྟེན་དེ་ཆོས་སྒྲུབ་པའི་ལུས་རྟེན་མཆོག་ཏུ་བསྔགས་པ་མང་བོ་མཐོང་ལ། མཐོ་རིས་ཀྱི་ཡོན་ཏན་བདུན་ཞེས་པ་ནི། རིགས་བཟང་བ། གཟུགས་མཛེས་པ། ཚེ་རིང་བ། ནད་མེད་པ། སྐལ་བ་བཟང་བ། ནོར་ཕྱུག་པ། ཤེས་རབ་ཆེ་བ་སྟེ་བདུན་ལ་གོ་དགོས་པས་ནོར་ཕྱུག་པའང་ཆོས་སྒྲུབ་པའི་ལུས་རྟེན་མཆོག་ལ་ཚང་དགོས་པའི་ཡོན་ཏན་དུ་བགྲང་ཡོད་པའི་ཕྱིར། དེས་ན་ནང་བསྟན་གྱི་གཞུང་དུ་དཀར་ནག་གི་དབྱེ་བ་གང་ཡང་མེད་པར་རྒྱུ་ནོར་སྒྲུབ་ཚད་ལ་དགག་པ་རྒྱག་གི་མེད་པའང་ཤེས་ནུས་པའི་ཕྱིར། དེའི་ཕྱིར་ནང་ཆོས་སུ་རྒྱུ་ནོར་གཏན་མི་དགོས་པར་གསུངས་པ་མིན་ཏེ། རྒྱུ་ནོར་གང་ལ་བེད་སྤྱོད་དགོས་པ་དང་རྒྱུ་ནོར་གྱི་རང་བཞིན་གསལ་བོར་ཤེས་ནས་གནས་ལུགས་དང་མཐུན་པར་རྒྱུ་ནོར་བཙལ་ན་རང་གཞན་ཀུན་གྱི་འདོད་དོན་བསྒྲུབ་ནུས་ཤིང་སྡུག་བསྔལ་དེ་ཙམ་མི་བསྐྱེད་པར་གསུངས་པ་ཡིན་པའི་ཕྱིར། དེ་ཡང་ཚེ་འདིའི་དབང་དུ་བྱས་ན། རྒྱུ་ནོར་སྒྲུབ་པ་ནི་རང་གཞན་གྱི་འཚོ་བ་སྐྱིད་པོ་ཞིག་འོང་ཆེད་ཡིན་པས་རྒྱུ་ནོར་གྱི་ཆེད་དུ་ཡོད་ཚད་བཏང་ན་ནི་ཆེས་གླེན་རྟགས་ཤིག་སྟེ། དཔེར་ན་གོས་བཙལ་བ་ནི་ལུས་བསྲུང་བ་དང་མཛེས་པར་བྱེད་པའི་ཆེད་དུ་ཡིན་ཀྱང་། དེ་ལས་གོ་ལྡོག་སྟེ་གོས་ཀྱི་ཆེད་དུ་ལུས་སྲོག་བཏང་ན་ནི་ཆེས་ཤིན་ཏུ་མི་རིགས་པ་ཞིག་ཡིན་པ་བཞིན་ནོ།། 

    གལ་ཏེ་ཚེ་ཕྱི་མ་ཁས་ལེན་པ་ཞིག་ཡིན་ན་ནི། ལྷག་པར་ཡང་ཚེ་འདི་བ་ཙམ་གྱི་ཆེད་དུ་ལས་རྒྱུ་འབྲས་དང་མི་མཐུན་པའམ་ཆོས་དང་འགལ་བའི་རྒྱུ་ནོར་བསྒྲུབས་ན་ནི་ཚེ་རབས་མང་བོར་སྡུག་བསྔལ་བར་འགྱུར་བས། ཁེ་མེད་པར་གྱོང་ཆེན་པོ་རེག་པར་འགྱུར་ཚུལ་གྱི་གནས་ལུགས་ལེགས་པར་ཤེས་པར་བྱས་ཏེ་རྒྱུ་ནོར་བེད་སྤྱོད་གཏོང་ཚུལ་མ་ནོར་བ་བྱེད་རྒྱུ་ཤིན་ཏུ་གལ་ཆེའོ།། ངས་གོང་དུ་རྒྱུ་ནོར་གྱི་རང་བཞིན་ཤེས་དགོས་ཞེས་བཤད་པ་ནི། རང་གིས་བསྒྲུབས་པའི་ཟང་ཟིང་གི་ནོར་རྣམས་ཀྱང་རང་ཉིད་གཅིག་བུ་ལ་མི་དབང་བར་ཆོས་ལྔ་ལ་ཐུན་མོང་དུ་དབང་བས་མི་རྟག་པ་ལ་མི་རྟག་པར་ཤེས་དགོས་ཟེར་བ་ཡིན། དེ་ཡང་ཡིན་ཏེ། ཟང་ཟིང་རྣམས་ནི་མེའམ་ཆུའམ་རྒྱལ་བོ་ངན་པའམ་ཆོམ་རྐུན་ནམ་སྡང་བའི་དགྲ་ལྔ་ལ་ཐུན་མོང་བར་སོང་བའི་ཕྱིར། དེ་ལྟར་ཡིན་པའི་རང་བཞིན་མ་ཤེས་ན་རྒྱུ་ནོར་གྱིས་རང་གཞན་གཉིས་ཀ་ཕུང་བར་བྱེད་སྲིད་དོ།། དེ་ལྔ་གང་གིས་ཀྱང་གནོད་མི་ནུས་པའི་ནོར་ནི་མཆོག་ཏུ་གྱུར་བ་འཕགས་པའི་ནོར་བདུན་ཡིན། དེ་ནི་དད་པ་དང་ཚུལ་ཁྲིམས་དང་ཐོས་པ་དང་གཏོང་བ་དང་ཤེས་རབ་དང་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་བདུན་ལ་ཟེར་བ་ཡིན་ནོ།། དེས་ན་བདེ་བ་དང་ཡོན་ཏན་མཐའ་ཡས་པའི་རྒྱུར་གྱུར་བའི་འཕགས་ནོར་འདི་དག་བསྒྲུབ་བྱའི་གཙོ་བོ་དང་། ཟོན་མ་བྱས་ན་སྡུག་བསྔལ་འབྱམས་ཀླས་པ་བསྐྱེད་པའི་རྒྱུར་གྱུར་བའི་ཟང་ཟིང་གི་ནོར་རྣམས་ནི་ཕལ་བའམ་འཕགས་ནོར་དེ་དག་སྒྲུབ་བྱེད་དུ་འཛིན་དགོས་པ་ནང་ཆོས་ཀྱི་དགོངས་དོན་ཡིན། ད་དུང་ཕུན་ཚོགས་སྡེ་བཞི་སོགས་ཀྱི་སྒོ་ནས་ཀྱང་བཤད་དུ་ཡོད་མོད། ཆེས་མང་བར་འགྱུར་བས་རེ་ཞིག་དེ་ཙམ་ལས་མི་བཤད་དོ།། མདོར་ན་ཆོས་སྒྲུབ་མཁན་ཞིག་ཡིན་ཡང་། མཐར་ཐུག་གི་བསྒྲུབ་བྱ་ངེས་ལེགས་ནི་ཚེ་གཅིག་ཙམ་གྱིས་ཐོབ་མི་ནུས་ཤིང་སྐྱེ་བ་དུ་མར་བརྒྱུད་དགོས་པས། མངོན་མཐོའི་ཆ་རྐྱེན་ཟང་ཟིང་གི་རྒྱུ་འབྱོར་མངའ་ཐང་སོགས་ཀྱང་གཏན་སྤོང་མི་དགོས་པར་མ་ཟད། ལུགས་དང་མཐུན་པར་བསྒྲུབ་དགོས་པ་ནི་ནང་ཆོས་ཀྱི་དགོངས་དོན་ཡིན་ནོ།།

  དྲི་བ། ༨ དགེ་རྒན་ཚུལ་ཁྲིམས་ལགས། ངོ་མ་བཀའ་དྲིན་ཆེ། ཁྱེད་ཀྱིས་གོང་དུ་གསུངས་པ་འདི་དག་ལས་ངས་ནང་ཆོས་དེ་དཔལ་འབྱོར་སྒྲུབ་པའི་འགལ་རྐྱེན་འབའ་ཞིག་རེད་ཅེས་བཤད་བཞིན་ཡོད་པ་དེ་ནང་ཆོས་ཡང་དག་པ་ཞིག་མ་ཤེས་པའི་བཤད་ཚུལ་ཞིག་ཡིན་པ་ལ་ངེས་པ་གསལ་བོ་ཞིག་རྙེད་བྱུང་། ཡིན་ནའང་ནང་ཆོས་ལས་བཤད་པའི་འདོད་ཆུང་ཆོག་ཤེས་ཞེས་པ་དེ་ལེ་ལོའི་ཆར་གཏོགས་པའི་སེམས་ཁམས་ཤིག་མིན་པའི་གོ་བ་ད་དུང་ཇི་ལྟར་ལེན་དགོས་ཚུལ་ནི་གསལ་བོ་ཞིག་མ་ཤེས་ལགས།

  ལན། དྲང་མོར་བཤད་ན་འདོད་ཆུང་ཆོག་ཤེས་ཞེས་པ་དང་ལེ་ལོའམ་སྒྱིད་ལུག་གི་སེམས་ཁམས་རྣམས་མི་འདྲ་བར་མ་ཟད། འདྲ་ས་གཏན་ནས་མེད་པ་ལྟ་བུར་གནས་ཡོད་དེ། འདོད་ཆུང་ཆོག་ཤེས་ཞེས་པ་ནི་ངས་གོང་དུ་བཤད་ཟིན་པ་ལྟར་རང་གཞན་འགྲོ་བ་སུ་དང་སུ་ཡིན་ཡང་སྡུག་བསྔལ་འབའ་ཞིག་ལ་སྦྱོར་བྱེད་ཀྱི་ཚུལ་མིན་བསམ་བློ་ཞིག་ཡོད་པ་དེའི་སྒོ་འགོག་ཕྱིར་དུ་བསམ་བློ་དེའི་ཚོད་འཛིན་བྱེད་ཅིག་ཡིན་པ་གསལ་བོ་ཡིན་ལ། ལེ་ལོ་ནི་བྱ་བ་བཟང་ངན་ཅི་ཡང་བསྒྲུབ་མི་འདོད་པའམ། བྱ་བ་ངན་པ་ལ་ཞེན་ནས་དེའི་རྒྱུན་མི་གཏོང་བའི་སེམས་ཁམས་ཤིག་ལ་བྱེད་པའི་ཕྱིར། སྤྱིར་ལེ་ལོ་ཞེས་པའི་དོན་ལ་འཇིག་རྟེན་པ་རྣམས་ལྟར་སྤྱིར་བཏང་གི་གོ་བ་ལེན་ཚུལ་དང་། ནང་ཆོས་ཀྱི་གཞུང་ལྟར་ཐུན་མོང་མ་ཡིན་པའི་གོ་བ་ལེན་ཚུལ་གཉིས་ཡོད། དང་བོ་ལྟར་ན་ལེ་ལོ་ཞེས་པ་ནི་ངལ་རྩོལ་ལམ་བྱ་བ་གང་ཡང་བསྒྲུབ་མི་འདོད་པའི་སེམས་ཁམས་ཤིག་ལ་བྱེད་ཅིང་། འདོད་ཆུང་ཆོག་ཤེས་ནི་ཚོད་མེད་ཀྱི་ཧམ་སེམས་མི་བྱེད་པ་ལ་གོ་དགོས་པས། འཇིག་རྟེན་པ་ལྟར་བྱས་ཀྱང་མི་འདྲའོ།། གཉིས་པ་ནང་ཆོས་ལྟར་ན་ནི་ལྷག་པར་ཡང་མཚུངས་ཆོས་མི་རྙེད་དེ།

སྤྱོད་འཇུག་ལས།

ལེ་ལོ་ངན་ལ་ཞེན་པ་དང་།།

སྒྱིད་ལུག་བདག་ཉིད་བརྙས་པའོོ།།

ཞེས་གསུངས་པ་ལྟར་དོན་བཟང་བསྒྲུབ་པ་ལ་མི་དགའ་བར་བྱ་བ་ངན་པ་ལ་ཞེན་ནས་སྡོད་པའི་སེམས་ཁམས་དང་། དོན་ལྡན་གྱི་བྱ་བ་འདི་དང་འདི་ལྟ་བུ་ངས་ནི་བསྒྲུབ་ག་ལ་ནུས་སྙམ་དུ་བདག་ཉིད་ལ་བརྙས་པའི་སེམས་ཁམས་དེ་ལ་ལེ་ལོ་ཞེས་འདོགས་པ་ཡིན་ལ། འདོད་ཆུང་ཆོག་ཤེས་ནི་དོན་མེད་ཀྱི་བྱ་བ་ལས་ལྡོག་ནས་དོན་ལྡན་གྱི་བྱ་བ་ལ་འཇུག་བྱེད་ཅིག་ཡིན་པའི་ཕྱིར། མདོར་ན་ཁྱོད་ཀྱིས་ལས་དང་བྱ་བ་གང་ཡང་བསྒྲུབ་མི་འདོད་པ་ཙམ་ལ་ལེ་ལོ་དང་། བཟང་ངན་གྱི་དབྱེ་བ་ཆེས་ཆེར་མི་བྱེད་པར་ལས་དང་བྱ་བ་ཅི་འདྲ་ཞིག་ཡིན་ཡང་དེའི་རྒྱུན་མི་གཏོང་བར་འཐམས་ནས་སྡོད་པའི་སེམས་ཁམས་སྤྱི་ལ་བརྩོན་འགྲུས་ཟེར་གྱིན་ཡོད་ན།ལེ་ལོ་དང་བརྩོན་འགྲུས་ཞེས་པའི་དོན་མ་གོ་བ་ཡིན་ཏེ།

སྤྱོད་འཇུག་ལས།

བརྩོན་གང་དགེ་ལ་སྤྲོ་བའོ།།

ཞེས་གསུངས་པ་ལྟར་བརྩོན་འགྲུས་ནི་དགེ་བའམ་རང་གཞན་ཀུན་ལ་ཕན་པའི་བྱ་བ་བསྒྲུབ་པ་ལ་སྤྲོ་བའི་སེམས་བྱུང་ཞིག་ལ་ངོས་འཛིན་ཅིང་། དེ་ནི་ཡོན་ཏན་མ་ལུས་པ་བསྐྱེད་པའི་རྒྱུ་ཡིན་ཏེ།

དཔལ་ལྡན་ཟླ་བ་གྲགས་པས།

ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཞིང་།།

ཞེས་གསུངས་པ་ལྟར་ཡིན་པས་སོ།། འོན་ཀྱང་རང་གཞན་ཀུན་ལ་གནོད་པའི་རྒྱུར་གྱུར་བའི་བྱ་བ་ངན་པ་ལ་འབད་ཅིང་འདོར་མི་འདོད་པའི་སེམས་ཁམས་དེ་ལ་ནི་ནང་ཆོས་ལས་བརྩོན་འགྲུས་མི་ཟེར་བར་མ་ཟད། དེའི་མིང་ལ་ལེ་ལོ་ཞེས་ཟེར་ཞིང་དེ་ནི་རང་གཞན་ཐམས་ཅད་ཡར་རྒྱས་འགྲོ་བྱེད་ཅིག་གཏན་མ་ཡིན་པར་མ་ཟད།རྒུད་པ་མཐའ་ཡས་པ་བསྐྱེད་པའི་རྒྱུར་འགྲོ་བ་ཞིག་སྟེ།

མདོ་དྲན་པ་ཉེར་བཞག་ལས།

ཉོན་མོངས་རྣམས་ཀྱི་གཞི་གཅིག་ནི།།

ལེ་ལོ་ཡིན་ཏེ་གང་ལ་ཡོད།།

གང་ལ་ལེ་ལོ་གཅིག་ཡོད་པ།།

དེ་ལ་ཆོས་ཀུན་མེད་པ་ཡིན།།

ཞེས་གསུངས་ལ། དེའི་དོན་ནི་བརྩོན་འགྲུས་མེད་པར་ལེ་ལོའི་དབང་དུ་སོང་ན་དཀར་ཆོས་ཀུན་གྱིས་ཕོངས་པར་འགྱུར་བས་གནས་སྐབས་དང་མཐར་ཐུག་གི་སྐྱེས་བུའི་དོན་ཐམས་ཅད་ལས་ཉམས་པར་འགྱུར་ཞེས་པའོ།། འདི་ལ་ད་དུང་བཤད་པར་བྱ་བ་ཧ་ཅང་མང་ཡང་རེ་ཞིག་དེ་ཙམ་ལས་བཤད་མི་འདོད་དོ།།


  དྲི་བ། ༩ ནུབ་ཕྱོགས་པ་དག་གིས་སྐྱིད་སྡུག་ལེགས་ཉེས་ཐམས་ཅད་རང་ལ་རག་ལས་པར་འདོད་པས་ཁོ་ཚོར་ཕྱི་དངོས་པོའི་ཡར་རྒྱས་བྱུང་བ་ཡིན་པ་དང་། བོད་པ་ཚོས་ཡོད་ཚད་ལས་ལས་བྱུང་བ་རེད་ཅེས་ལས་རྒྱུ་འབྲས་ལ་ཧ་ཅང་ཡིད་ཆེས་བྱེད་དྲགས་པས་དཔལ་འབྱོར་གྱི་ཕྱོགས་ནས་རྗེས་ལུས་ཐེབས་པ་རེད་ཟེར་མཁན་མང་བོ་ཡོད་པ་ལ་ཁྱེད་ཀྱིས་ཇི་ལྟར་བལྟ། ལས་རྒྱུ་འབྲས་ཧ་ཅང་བཤད་དྲགས་ན་སྲོ་ཤི་བའམ་འཚོ་བ་ལ་སྤྲོ་སྣང་ཅི་ཡང་མེད་པའམ་སྙིང་སྟོབས་ཉམས་ཉེན་ཆེ་ཟེར་བ་བདེན་ནམ།

   ལན། ངས་བལྟས་ན་བཤད་ཚུལ་འདི་ནི་བློ་ཧ་ཅང་རྩིང་བ་ལས་བྱུང་བའི་བསམ་བློའི་གད་སྙིགས་ཤིག་རེད་སྙམ། ནུབ་ཕྱོགས་པའི་ཡར་རྒྱས་དེ་ལ་སྐྱོན་མང་བོ་ཞིག་ཡོད་པས་འཕེལ་རྒྱས་གཏོང་ཚུལ་ལ་ཡང་བསྐྱར་བསམ་བློ་གཏོང་དགོས་ཞེས་ནུབ་ཕྱོགས་པ་རང་གི་ཁྲོད་ན་བཤད་དང་བཤད་མུས་སུ་ཡོད་པ་ལ་བསམ་བློ་ཅུང་ཟད་ཀྱང་མ་བཏང་བའི་རྟགས་རེད། གཞན་ཡང་ལས་རྒྱུ་འབྲས་ལ་ཡིད་ཆེས་དྲགས་ཞེས་པ་ཡང་མི་རིགས་ཏེ། གལ་ཏེ་ལས་རྒྱུ་འབྲས་ཟེར་བ་དེ་དོན་དངོས་སུ་མེད་པ་ཞིག་ཡིན་ན་ནི། དེ་ལ་ཡིད་ཆེས་བྱས་ཚེ་རྨོངས་དད་ཁོ་ནར་འགྱུར་བར་ཐེ་ཚོམ་མེད་ལ། གལ་ཏེ་ལས་རྒྱུ་འབྲས་དེ་དངོས་པོའི་གནས་ལུགས་ཡིན་ན་ནི། ཡིད་ཆེས་དྲགས་འགྲོ་རྒྱུ་མེད་པར་མ་ཟད། དེ་ལ་ཡིད་ཆེས་མ་བྱས་ཚེ་རང་གཞན་ཐམས་ཅད་འདི་ཕྱི་ཀུན་ལ་ཕུང་བར་འགྱུར་བ་བཤད་མི་དགོས་པའི་ཕྱིར། འོ་ན་ལས་རྒྱུ་འབྲས་ཟེར་བ་དེ་ཡོད་དམ་མེད་ཅེ་ན། ཡོད་པ་ལ་ཐེ་ཚོམ་བྱེད་མི་དགོས་ལ། དབུ་ཚད་ཀྱི་རིགས་པ་བརྒྱ་སྟོང་དུ་མས་ཀྱང་བསྒྲུབ་ནུས་མོད་ཀྱང་། གནས་སྐབས་ཁྱོད་ཀྱིས་ཕལ་ཆེར་གོ་རྒྱུ་མ་རེད་སྙམ། 

    དེ་ཡོད་ཚུལ་མངོན་སུམ་གྱི་ཡུལ་དུ་གྱུར་བའང་མང་བོ་ཡོད་པས་ལུང་རིགས་རྐྱང་རྐྱང་གིས་བསྒྲུབ་དགོས་པ་ཞིག་གཏན་ནས་མ་རེད། འོན་ཀྱང་མི་འགའ་ཞིག་གི་བློ་ཚོད་དང་བསྟན་ནས་འདིར་ནི་ངས་སྤྱི་ལོ་༡༩༨༥ལོ་དང་སྤྱི་ལོ་༡༩༩༡ལོ་སྟེ། ཐེངས་གཉིས་ལ་སུའེ་ཏེན་ཆེས་མཐོའི་ཚན་རིག་གླིང་གིས་གདན་ཞུས་མིང་རྟགས་བཀོད་པའི་ནོ་པེར་རྫས་འགྱུར་རིག་པའི་བྱ་དགའི་འདེམ་བྱའི་འོས་མི། སྐད་གྲགས་ཅན་གྱི་སློབ་གསོ་བ། ཧང་ཀང་རང་བྱུང་དང་བཟོ་སྐྲུན་སློབ་གྲྭ་ཆེན་མོའི་སློབ་གཙོའི་འགན་ཁུར་ལོ་བཅོ་བརྒྱད་ལ་འཁུར་མྱོང་མཁན། ཧང་ཀང་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་འགོ་ཁྲིད་དེ་ཚན་མང་ཁྱབ་ཁོངས་དང་ཚན་རིག་ཞིབ་འཇུག་སོགས་ཀྱི་ཆ་ནས་འཛམ་གླིང་གི་སྔོན་ཐོན་གྱི་གྲས་སུ་འཇོག་མཁན་གྱི་ནང་བ་བ་ཕན་ཙོང་ཀོང་གི་སྐད་ཆ་འགའ་མཉམ་སྤྱོད་ཀྱི་ཚུལ་དུ་དབུལ་བར་བྱའོོ།། 

    དེ་ཡང་ཁོས་འདི་ལྟར་བཤད་ཡོད་དེ། དེའི་སྔོན་ལ་ང་རང་ནང་ཆོས་ལ་ཆ་རྒྱུས་མེད་པས་དེ་ནི་ཕལ་ཆེར་རྨོངས་དད་དང་། སྲོ་ཤི་བའམ། ཚན་རིག་དང་མི་མཐུན་པ་ཞིག་ཡིན་རྒྱུ་རེད་སྙམ། ཞེས་དང་། ཡང་། ནང་བསྟན་དང་ཚན་རིག་གཉིས་ནི་རིགས་མི་གཅིག་པ་གཉིས་ཡིན་མོད། འོན་ཀྱང་ངས་བལྟས་ན་གཉིས་ཀའི་རྒྱབ་ལྗོངས་ན་རྒྱུ་འབྲས་ལ་བརྟག་ཞིབ་དང་སློབ་སྦྱོང་གི་བྱ་བས་ཁྱབ་ཡོད། ཡང་ན་ནང་བསྟན་དང་ཚན་རིག་གཉིས་ཀྱིས་རྒྱུ་འབྲས་ལ་འཚོལ་ཞིབ་བྱེད་པ་མ་བགྲོས་རང་མཐུན་ནམ། བྱེད་ཐབས་མི་འདྲ་ཡང་གྲུབ་འབྲས་འདྲ་མཚུངས་སུ་གྱུར་བའི་ངོ་མཚར་ལྡན་ཞེས་དང་། ཡང་། ངས་ཇི་ཙམ་བཀླགས་པ་དེ་ཙམ་དུ་ནང་ཆོས་འདི་ངོ་མཚར་བར་མཐོང་ངོ།། ངས་བལྟས་ན་ནང་བསྟན་གྱི་རྨང་གཞིའི་རིག་གཞུང་སྟེ། རྟེན་འབྱུང་སྟོང་བ་ཞེས་པ་ནི་སྤྱིར་ཡང་འཇིག་རྟེན་རང་བྱུང་གི་ཆོས་ཉིད་ཡིན་ལ། སངས་རྒྱས་ཀྱིས་འཇིག་རྟེན་གྱི་གཤིས་ལུགས་སམ་རང་བྱུང་གི་ཆོས་ཉིད་ཀྱི་བདེན་དོན་དེ་རྟོགས་པ་ཡིན་ནོ།། ཞེས་སོགས་བཤད་དོ།། 

    ནང་བསྟན་འདི་ཡ་མཚན་པ་ཞིག་ཡིན་ཚུལ་དང་། ལས་རྒྱུ་འབྲས་འདི་མི་བསླུ་བ་ཞིག་ཡིན་པ་ནི། ངེས་པར་ཚན་རིག་ལ་བརྟེན་དགོས་པའམ། ཚན་རིག་ལ་མ་བརྟེན་པར་དེ་དག་བསྒྲུབ་མི་ཐུབ་པ་ནི་གཏན་མིན་མོད། འོན་ཀྱང་དེང་སྐབས་ཀྱི་མི་རྣམས་ཚན་རིག་ལ་རྨོངས་དད་བྱེད་པས་ཚན་རིག་པ་ཞིག་གིས་བཤད་ཅེ་ན་ཡིད་ཆེས་བྱེད་སླ་ལ། ལྷག་པར་ཡང་འཛམ་གླིང་གི་ཚན་རིག་པ་རྩེ་གྲས་ཤིག་གིས་ནང་བསྟན་ལ་ལྟ་ཚུལ་བཤད་ན། རྗེས་སུ་ནང་བསྟན་དང་ཚན་རིག་གཉིས་ཀའི་གང་ཡང་མི་ཤེས་ཀྱང་། ནང་བསྟན་དང་ཚན་རིག་གཉིས་མེ་ཆུ་ལྟར་འགལ་བ་ལྟག་སྤྲོད་དུ་སྨྲ་བའམ། ནང་བསྟན་ཚན་རིག་དང་མི་མཐུན་པའི་རྨོངས་དད་རེད་ཟེར་མཁན་རྣམས་ཀྱིས་བསམ་བློ་ཅུང་ཟད་རེ་གཏོང་བའི་རྐྱེན་དུ་ཨེ་འགྱུར་སྙམ་དུ་བཤད་པའོ།།


    དྲི་བ། ༡༠ ལགས་སོ་ལགས། བཀའ་དྲིན་ཆེ། རགས་རིམ་ཙམ་ཞིག་གོ་སོང་། ད་དུང་འདྲི་རྒྱུ་ཞིག་ཡོད། ནང་བའི་ཆོས་ལུགས་པ་ཞིག་ཡིན་ན། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་བསྒོམ་དགོས་པ་དང་། དུས་རྟག་ཏུ་འཆི་བ་མི་རྟག་པར་བསྒོམ་དགོས་པར་བཤད་པས། ནང་ཆོས་ནི་སྐྱོ་སྣང་ཅན་ཀྱི་ཆོས་ལུགས་ཤིག་རེད་ཅེས་བཤད་དང་བཤད་མུས་སུ་ཡོད་པ་དེར་སྐྱོན་སྤོང་ཇི་ལྟར་བྱེད་དགོས་ལགས།

    ལན།    བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཀ་མ་བའི་ཞལ་ནས། དོན་ལ་མི་ན་ན་དེ་ལྟར་བསྒོམ་པ་ཕྱིན་ཅི་ལོག་ཏུ་འགྲོ་སྟེ། དུག་གསུམ་གྱི་གཅོང་ནད་ཆེན་པོས་ཐེབས་ནས་ནད་ཚབས་ཤིན་ཏུ་ཆེ་བ་ལ་འོ་སྐོལ་གྱིས་ན་བར་ཡེ་མ་ཤེས་ཞེས་གསུངས་པ་ལྟར། དོན་སྟེང་ནས་འཁོར་བ་སྡུག་བསྔལ་གྱི་རང་བཞིན་མིན་ན་ནི་སྡུག་བསྔལ་དུ་བསྒོམ་མི་རིགས་ཤིང་། འཆི་བ་མི་རྟག་པ་མིན་ན་ནི་མི་རྟག་པར་བསྒོམ་མི་དགོས་མོད། དོན་ལ་དེ་ལྟར་ཡིན་ནའང་མ་བསྒོམས་པས་སྡུག་བསྔལ་བར་མི་འགྱུར་བ་མ་ཡིན་ཞིང་། མི་རྟག་པར་ཡིད་མ་ཆེས་ན་མི་འཆི་བའང་མ་ཡིན་པར་མ་ཟད། མ་བསྒོམས་ན་དོན་ཆེན་པོ་ལས་ཉམས་པར་འགྱུར་བས་བསྒོམས་ན་ཁེ་ལས་གྱོང་མེད་པ་སེམས་ལྷོད་ལ་ཕབས་ཏེ་བསམས་ན་ཤེས་པར་མི་དཀའ་འོ།། 

    དེས་ན་འཆི་བ་མི་རྟག་པ་དང་འཁོར་བ་སྡུག་བསྔལ་བར་བསྒོམས་པས་ནང་ཆོས་སྐྱོ་སྣང་ཅན་དུ་བསམ་པ་ནི་གཏན་ནས་མ་ཤེས་པ་ཡིན་ཏེ། དངོས་པོའི་གནས་ལུགས་ལ་གནས་ལུགས་སུ་བལྟ་མི་རུང་བར་བཤད་པ་ཡིན་པས་སོ།། དེར་མ་ཟད་མི་རྟག་པ་དང་སྡུག་བསྔལ་བར་བསྒོམས་ན། དེ་བསྒོམས་པའི་སྟོབས་ཀྱིས་དུས་ཚོད་དམ་འཛིན་བྱེད་ཤེས་པ་དང་མདུན་ན་གནས་པའི་བདེ་སྐྱིད་ལ་གཅེས་སྤྲས་བྱེད་ཤེས་པ་དང་། དོན་ཆེན་པོ་བསྒྲུབ་ཕྱིར་དུ་དཀའ་བ་སྤྱོད་ནུས་པ་དང་། རང་གཞན་གྱི་དོན་མཐའ་དག་མངོན་དུ་འགྱུར་བར་བྱེད་ནུས་པས་དགེ་མཚན་ལས་གནོད་པ་ཡོད་པ་ནི་གཏན་མ་ཡིན་ནོ།། དེས་ན་ལྷད་མ་འདྲེས་པའི་འཕེལ་རྒྱས་ངོ་མ་དེའི་སྒུལ་ཤུགས་ནི་ཉོན་མོངས་དུག་གསུམ་མིན་གྱི། མི་གཞི་དང་ཀུན་སྤྱོད་བཟང་བོ་སྟེ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་། ལེགས་ཉེས་བླང་དོར་འབྱེད་པའི་ཤེས་རབ། དགེ་བ་བསྒྲུབ་པ་ལ་མངོན་པར་སྤྲོ་བའི་བརྩོན་འགྲུས་ཆེན་པོ་རྣམས་ཡིན་པས་དུག་གསུམ་གྱི་སྒོ་བཀག་ན་ཡར་རྒྱས་མི་འགྲོ་བར་འདོད་པ་ནི་མ་ཤེས་པའོ།།

མཁོ་སྤྲོད་པ། བྱམས་པ་དོན་གྲུབ།

གསར་འགོད་པ།  སྨར་ཁམས་མཁའ་འགྲོ་རྒྱལ། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། nkcq བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23531288
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།