ངས་འདི་ལྟར་བསམ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 19 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་ལྡོང་ཡོན་ཏན་རྒྱ་མཚོ། »ངས་འདི་ལྟར་བསམ།
ངས་འདི་ལྟར་བསམ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2020-10-26ལྟ་ཀློག (3432)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ངས་འདི་ལྟར་བསམ།


ལྡོང་ཡོན་ཏན་རྒྱ་མཚོས།

 བསམ་སྤྱོད་དང་ཤེས་ཡོན་སོགས་གང་གི་ཆ་ནས་ཀྱང་ཡག་པོ་མེད་སའི་སློབ་གྲྭ་ཞིག་ན། དགེ་རྒན་ཁྱད་འཕགས་ཤིག་ཡོད་ཟེར་ན་དེ་ནི་རྣར་འགྲོ་དཀའ་བའི་གཏམ་ཡན་ཞིག་ཅི་ལ་མིན།
   
ཁྱེད་ལ་ངོ་མཚར་བའི་གྲུབ་འབྲས་ཤིག་ཐོབ་དགོས་ན་ཧ་ལས་པའི་བློས་བཏང་ཁག་གཅིག་ཅིས་ཀྱང་བྱེད་དགོས་ཏེ། རྒྱལ་བ་ཤཱཀྱ་ཐུབ་པ་དང་རྗེ་བཙུན་མི་ལ་རས་པ། འཇམ་མགོན་ས་སྐྱ་པཎ་ཆེན་སོགས་ནི་ཚབ་མཚོན་ཡག་ཤོས་ཀྱི་མི་སྣ་ཁག་གཅིག་ཡིན།

སང་ཉིན་གྱི་ཉི་འོད་ལོངས་སུ་སྤྱོད་འདོད་ན། དེའི་སྔོན་ལ་ངེས་པར་དུ་མུན་ནག་ཅིག་བརྒྱུད་དགོས་པའི་གནས་ལུགས་དེ་ཤེས་དགོས།  འཇིག་རྟེན་ཁམས་ཀྱི་མི་ཚང་མ་འགྱེལ་ཞོར་དང་ལངས་ཞོར་བྱས་ཏེ་འོང་བ་ཡིན་ན། ང་ཚོ་ཅིའི་ཕྱིར་ཕམ་ཁ་གཅིག་གི་འོག་ནས་མགོ་འཇོག་མི་འདོད་པའམ་མི་ཕོད་པ་ཡིན་ནམ།
རླབས་ཆེན་གྱི་བྱ་བཞག་འགྲུབ་པར་བྱེད་མཁན་ནི་མཐའ་གཅིག་ཏུ་མི་དབང་ཤེད་དང་སྐད་གྲགས་ཅན་སོགས་ཡིན་དགོས་པའི་ངེས་པ་མེད་དེ། ཆེས་སྤྱིར་བཏང་བའི་མི་ཡི་ནང་དུའང་། བསམ་ཚུལ་དང་སྒྲུབ་སྟངས་ཁྱད་མཚར་ཅན་མང་བོ་ཡོད། དེའི་ཕྱིར་དམའ་ས་དང་ཆུང་སར་ཉམས་འཇོག་བྱེད་རྒྱུ་དེ་ཡང་བརྗེད་མི་ཉན་པའི་དོན་བྱ་གལ་ཆེན་ཞིག་རེད།

བྱ་བ་གང་ལའང་འགན་ཁུར་དང་ལེན་དང་རང་རྟོགས་ཤིག་མེད་པར། མགོ་བདེ་དྲན་འཕྲུལ་དང་འགྲོ་ཐབས་འདུག་ཐབས་ཀྱིས་ཆོག་པར་བྱས་ན། ཡུན་མི་རིང་བར་ཁྱོད་ནི་དུས་རབས་ཀྱི་གད་སྙིགས་སུ་འགྱུར་བར་མ་ཟད། རིགས་མཐུན་གྱི་རྗེས་ནས་ངུ་བཞིན་ནོངས་འགྱོད་དང་བཅས་ཏེ་གཅིག་བུར་འོང་དགོས།  རྒྱུགས་ཐེངས་གཅིག་སྤྲད་རྗེས་ད་ནི་ལུས་སེམས་ལྷོད་པོས་ངལ་གསོ་བྱེད་རྒྱུ་ཡིན་ཟེར་བ་ནི། རྒྱུགས་ཕྱི་མ་མི་འཕྲོད་པའི་སྟ་གོན་བྱེད་ཀྱིན་ཡོད་ཟེར་བ་དང་ཆ་མཚུངས་པ་ཞིག་གོ།།


   གནས་སྐབས་ཀྱི་རྒྱལ་ཕམ་དེས་མཐར་ཐུག་གི་རྒྱལ་ཕམ་མཚོན་མི་ཐུབ་པས།   དེ་མ་ཐག་འུར་ལངས་པ་དང་དེ་མ་ཐག་ཁོ་ཆད་འགྲོ་བའི་གཤིས་ཀ་དེ་འདོར་ཅི་ཐུབ་བྱས་ན་བཟང་། རྩོམ་པ་བོ་དང་།   སློབ་གསོ་བ། ཁེ་ལས་པ་སོགས་སུ་ཞིག་ཡིན་ནའང་།  ཆེས་ཆེ་བའི་ཕམ་ཁ་ནི་རང་གི་བྱ་བ་འཕྲོ་བསྐྱུར་བྱས་པ་དེ་རེད་སྙམ།  ངའི་ཉེ་འཁོར་དང་གྲོགས་པོའི་ཁྲོད་ན་བྱ་བ་མ་འགྲུབ་པའམ་འགལ་རྐྱེན་དང་ཕྲད་ན་མིག་ཆུ་གཏོང་མཁན་དང་སེམས་ཁྲལ་བྱེད་མཁན་མང་བོ་འདུག  ང་ཡང་དེའི་རིགས་ཤིག་ཡིན། འོན་ཀྱང་། གྲོགས་པོ་ལ་ལས་མིག་ཆུ་གཏན་ནས་མི་གཏོང་ལ་བྱ་བའི་མཚམས་འཇོག་ཀྱང་མི་བྱེད། ངོ་མ་བཤད་ན་མིག་ཆུ་ཙམ་གྱིས་གང་ཡང་ཐག་གཅོད་བྱེད་མི་ཐུབ་ཨང་།
 གཞན་ལ་སེམས་འགུལ་དང་ཤུགས་རྐྱེན་ཟབ་པོ་ཐེབས་ཐུབ་པའི་མི་སྣ་ཞིག་ཡིན་ཚེ། དེའི་མི་ཚེའི་རྒྱབ་ལྗོངས་ནའང་སེམས་འགུལ་ཐེབས་བྱེད་ཀྱི་གཏམ་རྒྱུད་མང་བོ་ཡོད་ངེས། དཔེར་ན། རྒྱ་གར་གྱི་འཕགས་པ་ཐོགས་མེད་དང་དཔལ་ལྡན་ཟླ་བ་གྲགས་པ། བོད་ཀྱི་བཀའ་གདམས་དགེ་བཤེས་འབན་གོང་རྒྱལ་དང་འཇམ་མགོན་བློ་བཟང་གྲགས་པ། རྒྱ་ནག་གི་གནའ་བོའི་ཁོང་ཙི་དང་ད་ལྟའི་མཱ་ཡོན། ནུབ་ཕྱོགས་ཀྱི་ཀུ་ཤུ་གློག་ཀླད་བཟོ་བསྐྲུན་ཁང་གསར་འཛུགས་མཁན་ཆའོ་ཕུ་སི་དང་མཉེན་ཆས་ཆུང་གྲས་ཀྱི་དབུ་ཁྲིད་པ་དང་འཛམ་གླིང་གི་ཕྱུག་བདག་ཨང་དང་བོ་པའེ་ཨར་ཀའེ་ཚི་སོགས་ལྟ་བུའོ།།

 བྱ་བ་ཅི་ཞིག་བསྒྲུབས་ཀྱང་དེའི་དམིགས་ཡུལ་དང་ཁ་ཕྱོགས། དགེ་སྐྱོན་དང་མཇུག་འབྲས་སོགས་ལ་ཡང་ཡང་བསམ་གཞིག་དང་རྒྱུས་ལོན་བྱེད་དགོས་པ་ལས།    རང་གིས་ཀྱང་མི་ཤེས་པའི་ལམ་མམ་ཁ་ཕྱོགས་ཤིག་ལ་སྙེག་གིན་ཡོད་ན་འགྲིག་མེད་དེ། དེའི་མིང་ལ་ཧོལ་རྒྱུགས་ཟེར།  མགོ་ལ་མི་འཚམ་པའི་ཞྭ་དང་རྐང་ལ་མི་རན་པའི་ལྷམ་ཟེར་བ་བཞིན། རང་ཉིད་ལ་མི་འོས་ཤིང་མི་འཚམ་པའི་ལས་རིགས་གང་ལའང་ཨུ་ཚུགས་མ་བྱས་ན་བཟང་། དེ་བས། རང་ཉིད་ལ་འཚམ་པའི་ལས་རིགས་ཤིག་གདམ་གསེས་བྱས་ཏེ་བརྩོན་པ་བསྐྱེད་ན། དེང་སྐབས་བརྗོད་བཞིན་པའི་སྣ་གཅིག་ཤེས་ཡོན་པའི་མཚན་སྙན་གྱིས་ཀྱང་ཁྱོད་ཉིད་བརྒྱན་སྲིད།  ལད་བཟློས་དང་རྗེས་འདེད་བྱེད་རྒྱུ་མང་ན་ནམ་ཞིག་རང་གིས་རང་ཉིད་ཀྱང་ངོ་ཤེས་དཀའ་བའི་ཚོད་དུ་སླེབས་འགྲོ།
    
མི་གཅིག་གི་འཇོན་ནུས་དང་ཤེས་རབ་ནི་ཅི་ཙམ་ཁྱད་དུ་འཕགས་ཀྱང་ཚད་ཅན་ཞིག་པས། ཆོས་འཇིག་རྟེན་གང་བསྒྲུབས་ཀྱང་མང་བོའི་སྟོབས་ཤུགས་དང་རོགས་རམ་ལ་བསྟེན་ན་ལེགས་ཏེ། ངན་སོང་གི་འཇིགས་པ་ཙམ་ལས་གྲོལ་དགོས་ནའང་། སྐྱབས་སྟོན་པ་བོ་སངས་རྒྱས་དཀོན་མཆོག་དང་། སྐྱབས་དངོས་ཆོས་དཀོན་མཆོག སྐྱབས་སྒྲུབ་པའི་ཟླ་གྲོགས་དགེ་འདུན་དཀོན་མཆོག་གསུམ་གར་སྐྱབས་སུ་འགྲོ་ཞིང་དེར་བརྟེན་དགོས་པ་མ་ཡིན་ནམ།

བྱ་བར་སྤྲོ་སྣང་གིས་ཕྱུག་ཅིང་ལས་གྲོགས་འཛུམ་དཀར་གྱིས་བསུ་མཁན་དག་གི་ཁོར་ཡུག་ན། ནམ་ཡང་སྟོབས་ཤུགས་དང་མཉམ་ལས། ཡར་རྒྱས་དང་གྲུབ་འབྲས་བཟང་བོས་འཚང་ཁ་རྒྱག་གིན་ཡོད།  བདག་གཞན་མཉམ་བརྗེ་ནི་ཚད་མཐོ་བའི་བསམ་བློའི་མཛེས་སྡུག་ཅིག་ཡིན་པས་བླ་རུ་འཕགས་པའི་སྐྱེས་མཆོག་རེ་འགའ་མ་གཏོགས་ཉམས་སུ་ལེན་དཀའ་མོད། སྐྱིད་སྡུག་མཉམ་མྱོང་ནི་མི་གཞི་བརྟན་ལ་ཁྲེལ་ཡོད་པའི་མི་མང་བོས་བསྒྲུབ་ཐུབ་པ་ཞིག་རེད། དེས་ན། ཐོག་མར་བདག་གཞན་མཉམ་རྗེར་སྨོན་ལམ་བཏབ་སྟེ་སྐྱིད་སྡུག་མཉམ་མྱོང་དངོས་སུ་ལག་བསྟར་བྱས་ན་མི་ལེགས་སམ།  ཇི་འདྲའི་རླབས་ཆེ་ལ་ཕན་པ་ཡོད་པའི་བྱ་བཞག་ཅིག་ཡིན་ནའང་། ཁྱོད་ཀྱིས་གཞན་ལ་བསྐུལ་སློང་བྱས་ན་བཟང་བ་ལས་བཙན་ཤུགས་བཀོལ་མི་འོས།  

  བསམ་ཚུལ་ལྷུག་བརྗོད་བྱས་ན་ཐབས་དང་ཤེས་རབ་འཕེལ་བའི་གྲོགས་སུ་འགྱུར་སྲིད་མོད། ཐག་གཅོད་གང་འདོད་དུ་བྱས་ན་གྱོད་དང་ཁ་མཆུའི་སྣ་འདྲེན་མི་བྱེད་པའི་ངེས་པ་མེད།  ང་ཚོས་རླབས་ཆེ་བའི་མི་ཞིག་ལ་ཚད་མཐོ་བའི་མཚན་སྙན་ཞིག་གསོལ་རྒྱུ་ནི་དེ་འདྲའི་དཀའ་མོ་ཞིག་མིན་མོད། མཚན་སྙན་དེའི་སྔ་རོལ་ཏུ་ཁོང་གིས་ཕལ་བ་བརྒྱ་སྟོང་གིས་བསམ་མི་ཕོད་པའམ་མི་ཐུབ་པའི་དཀའ་ལས་ག་འདྲ་ཞིག་བརྒྱབ་ཚུལ་གསལ་ཞིབ་ཏུ་ཤེས་མཁན་ཧ་ཅང་དཀོན།  མི་ནག་ཅན་ཞིག་གིས་ཡང་བསྐྱར་ནག་ཉེས་སུ་གཏོགས་པའི་སྐད་ཆ་ཚིག་གཅིག་བཤད་པས་ཐ་ན་ཁོའི་ཚེ་སྲོག་ཀྱང་ཤོར་མོད། སྐད་ཆ་དེར་བརྩེ་བས་ཕྱུག་པས། སྐད་ཆ་དེ་གནད་ལ་ཁེལ་བས། སྐད་ཆ་དེར་བསྲེ་བསླད་མེད་པས། ཁོ་སྐད་ཆ་དེར་བརྟེན་ནས་ལམ་ལ་ཆས། ཁོ་སྐད་ཆ་དེས་ཁྲིད་ནས་གནམ་ལ་བཏེགས། མདོར་ན་ཁོ་སྐད་ཆ་དེས་བདུད་བཞིའི་གཡུལ་ལས་རྒྱལ་བར་བྱས། ཁོང་ནི་དམྱལ་བའི་རྟེན་ལ་སྨོན་སེམས་བསྐྱེད་མཁན་དང་། ཁོང་ནི་རྒྱལ་སྲས་ཀྱི་རྟེན་ལ་རྫོགས་སངས་རྒྱས་པའི་མགོན་པོ་སྟེ་མཉམ་མེད་ཤཱཀྱའི་རྒྱལ་བོ་རེད། དེས་ན། ང་ཚོས་ཀྱང་། སྐད་ཆ་གཡོ་ཟོལ་མེད་པ་བཤད་དེ། ཁ་དོན་མཚུངས་པའི་ལམ་དུ་ཞུགས་ཏེ། རང་སྐྱིད་གཞན་བདེ་ཡི་བཙན་ས་ཞིག་ལ་བསྙེག་པར་རིགས་ཨང་།


  བར་ཐག་ལེ་བར་གཅིག་ལས་མེད་ཀྱང་། ཁྱོད་མ་སོང་ན་གནས་དེར་ནམ་ཡང་ཐོན་མི་ཐུབ།  ང་ཚོས་ལས་དོན་མང་བོ་ཞིག་བསྒྲུབ་མ་འདོད་པའམ་མ་བསྒྲུབ་པ་ལས་མ་འགྲུབ་པ་མ་རེད།  གཞན་གྱི་བསྟོད་བསྔགས་དང་གོང་བཀུར་སོགས་ལ་བཅོས་བསླད་དང་དམིགས་ཡུལ་ངེས་ཅན་རེའང་ཡོད་སྲིད། དེས་ན། རང་ཉིད་ལ་ཡིད་ཆེས་དང་བསྐུལ་ལྕག་གཏོང་བ། རང་མགོ་རང་གཡོག་དང་རང་གི་ཤེས་རབ་ལ་རྡོག་རྫིས་མི་བྱེད་པའི་ཐབས་སོགས་ལ་འབད་ན། ཁྱོད་མྱུར་དུ་ཡར་ཐོན་ཡོང་ངེས།   དམ་པའི་ཆོས་ཡ་མཚན་པ་ཞིག་མིན་པ་མ་ཡིན་པར། དམ་ཆོས་ཉམས་ལེན་བྱེད་ཀྱིན་ཡོད་ཟེར་མཁན་མང་བོ་ཞིག་ཡ་མཚར་བ་རེ་ཡིན་པས། མི་ཚེ་གང་བོར་དམ་པའི་ཆོས་དང་འགྲོགས་ཀྱང་སེམས་རྒྱུད་ཆོས་དང་མ་འདྲེས་པས་ཉམས་རྟོགས་དང་བྱིན་རླབས་མ་ཐོབ་པ་རེད།   དམ་པའི་ཆོས་ཟེར་བ་དེ་རིག་གནས་ཤིག་ཡིན་པར་མ་ཟད་དེ་ལ་ཉམས་ཞིབ་དང་དཔྱད་བརྗོད་ཀྱང་བྱེད་ཆོག་པ་སྨྲོས་མེད་ཡིན་མོད། རིག་གནས་ཤིག་གི་འདུ་ཤེས་མ་གཏོགས་མེད་པའམ། ཉམས་ཞིབ་དང་དཔྱད་བརྗོད་རྐྱང་རྐྱང་བྱས་ནས་བསྡད་ན། ཁྱོད་ནང་བའམ་ནང་ཆོས་པ་ཞིག་ཏུ་འགྱུར་ཐབས་གཏན་ནས་མེད།   རང་གི་མིག་གིས་རང་གི་གདོང་མཐོང་མི་ཐུབ་པ་བདེན་ཡང་། རང་གི་སེམས་ཀྱིས་རང་ཉིད་གསལ་བོར་ཤེས་པས། ཆགས་སྡང་ཡོད་ཀྱང་མེད་མདོག་དང་བྱམས་བརྩེ་མེད་ཀྱང་ཡོད་མདོག་མ་སྟོན། སོ་སྐྱེས་ཤིག་ལ་བྱང་འཕགས་ཀྱི་ཡོན་ཏན་མ་འཛོམས་ཀྱང་དེ་ནི་ཧ་ལས་པའམ་ངོ་གནོང་དགོས་པ་ཞིག་མ་རེད། འོན་ཀྱང་། རྒྱལ་བ་རྒྱལ་སྲས་ཀྱི་ཁྱད་ཡོན་ཁས་མི་ལེན་པའམ་བློར་མི་ཤོང་བ། དེའི་རྗེས་སུ་མི་འབྲང་བའམ་དེ་དག་ལ་སློབ་སྦྱོང་མི་བྱེད་པར། ང་ནི་འདི་འདྲའི་མི་ཐ་ཤལ་བ་ཞིག་ཡིན་ཞེས་དཔའ་རྟགས་སམ་ངོམ་སོ་ལྟ་བུ་བྱེད་པ་ནི་ཁྱོད་ལ་བཅོས་དཀའ་བའི་ནད་ཡམས་ཤིག་གིས་བཟུང་ཡོད་པའི་རྟགས་རེད།
  
མུན་ནག་ཁྲོད་ཡུན་རིང་བསྡད་དེ་འོད་སྣང་མཐོང་མ་མྱོང་ན་མུན་ནག་ལ་དགའ་བ་དང་། ཆུ་ལ་སྐྱེས་པའི་ཉ་སྲམ་སོགས་ཆུ་ལ་དུང་བ་ནི་གོམས་གཤིས་ཀྱི་དབང་གིས་རེད། དེ་བཞིན་དུ། འཁོར་བར་སྐྱེས་ཀྱང་འཁོར་བའི་སྡུག་བསྔལ་ངོས་མ་ཟིན་པར། ཆོས་གཞུང་དག་ཏུ་གསུངས་པའི་འཁོར་བའི་སྡུག་བསྔལ་བརྒྱད་དང་དྲུག་དང་གསུམ་རྣམས་ཀྱང་གྲངས་འདྲེན་ནམ་སྡོམ་རྩིས་ཤིག་གི་འདུ་ཤེས་ལས་མེད་ན། ལས་ཉོན་གྱི་འཆིང་ཐགས་ལས་གྲོལ་བའི་ཐར་བ་ཟེར་བ་དེ། ཁྱོད་ལ་མཚོན་ན། རྨི་ལམ་ཞིག་ཡིན། འཇའ་ཚོན་ཞིག་ཡིན། ཁ་གཡང་ཞིག་ཡིན། རྨི་ལམ་མངོན་འགྱུར་མངོན་འགྱུར་བྱེད་འདོད་ན། འཇའ་ཚོན་གོས་སུ་གྱོན་འདོད་ན། ཁ་གཡང་དོན་དངོས་སུ་འགྱུར་འདོད་ན། ལས་དང་ཉོན་མོངས་ཀྱི་དགྲ་ཚོགས་ཕམ་པར་རྒྱག་པའི་ཐབས་ཇུས་ཉག་གཅིག་དེ་མཆོག་དང་ཕུལ་དང་གྱ་ནོམ་པ་ཡིན།  དུས་རྒྱུན་པར། ང་མི་དྲང་མོ་ཡིན། ང་ཁ་རུ་ཁ་ཐུག་ཡིན། ང་ཕྱི་གསལ་ནང་གསལ་ཡིན་ཟེར་མཁན་ཚོའི་ནང་ནའང་གཡོ་སྒྱུ་ཁྲམ་གསུམ་དང་མགོ་གཡོག་མགོ་སྐོར་བྱེད་མཁན་མང་དག་ཅིག་ཡོད་ཚོད་གདའ།   གཞན་ལ་འདི་གྱིས་དང་འདི་མ་བྱེད་ཅེས་ལན་བརྒྱ་སྟོང་སྨྲ་བ་ལས། དོན་དེ་རང་གིས་དངོས་སུ་ལག་བསྟར་བྱས་ན་ཤུགས་རྐྱེན་ཐེབས་སླ་ཞིང་རྗེས་སུ་འབྲང་མཁན་ཡང་ཉིན་རེ་བཞིན་ཇེ་མང་དུ་འགྲོ་ངེས།
 
སྤྱི་ཚོགས་ནི་གཡུལ་ས་ལྟ་བུ་ཞིག་ཡིན་པའི་དབང་དུ་བྱས་ན། དེ་ལས་རྣམ་པར་རྒྱལ་བར་ཁེ་གྲགས་དང་སྟོབས་དཔུང་ཡོད་པ་ཙམ་གྱིས་མི་ཆོག་པར། བཟོད་སྒོམ་དང་བཏང་སྙོམས། ཤེས་རབ་དང་བརྩོན་འགྲུས་ཀྱི་མཚོན་ཆ་དག་ཆ་ཚང་བར་འབད་རྒྱུ་ནི་ཕྱོགས་ལས་རྣམ་རྒྱལ་གྱི་ཐབས་མཆོག་ཅིག་ཡིན་འདུག    སྤྱི་ཚོགས་ཀྱི་སྒྲིག་འཛུགས་གང་ཞིག་ཡིན་ནའང་ཁྱིམ་ཚང་ཞིག་གི་ཚད་དུ་སླེབས་ཐུབ་ན་མཆོག་ཡིན་ཏེ། ཁྱིམ་མི་ཕན་ཚུན་གྱི་མཛའ་བརྩེར་བཅོས་སླད་མེད་ཅིང་བར་ཐག་ཉེ། ཁྱིམ་མི་ཚང་མས་ཁྱིམ་ཚང་ཡར་རྒྱས་ཀྱི་ཆེད་དུ་ཁ་ཞེ་གཉིས་མེད་ཀྱིས་འབད་པ་བྱེད་ཅིང་ཁྱིམ་ཚང་ལ་འཕྲད་པའི་འགལ་རྐྱེན་ཕྲ་རག་གང་ཡིན་ཡང་བློ་གཅིག་སེམས་གཅིག་གིས་འགོག་རྒོལ་བྱེད་ངེས།  འོན་ཀྱང་། མི་སྒེར་དང་ཚོགས་པ། མི་རིགས་དང་རྒྱལ་ཁབ་སོགས་གང་ཡིན་ཡང་། ང་ཚོ་ཁྱིམ་ཚང་གཅིག་གི་བུ་ཕྲུག་ཡིན་ཞེས་གླུ་ལེན་པ་དང་མནའ་བསྐྱལ་བ་སོགས་ཇི་ལྟར་བྱས་ཀྱང་། ལག་ལེན་དང་འགལ་བར་གྱུར་ཚེ་སྙིང་བོ་མེད་དེ། དེའི་མིང་ལ་འཁྲབ་སྟོན་ཟེར།    ཁྱོད་ཀྱིས་ང་མི་སྒེར་གྱི་གང་ལའང་ངན་སྨྲས་དང་མཚང་འབྲུ། དམའ་འབེབ་དང་མཐོང་ཆུང་ཇི་འདྲ་བྱས་ཀྱང་སྐྱོན་ཆེན་པོ་མེད་དེ། དོན་དངོས་ཡིན་ན་བསྒྱུར་བཅོས་གཏོང་ཆོག་ཅིང་བསམ་བཞིན་བསྙོན་འདིང་བ་ཡིན་ན་བཏང་སྙོམས་སུ་བཞག་པས་འཐུས། འོན་ཀྱང་། ངའི་ཆོས་ལུགས་དང་ངའི་རིག་གནས་རྩེད་ཆས་བྱེད་མི་ཆོག་སྟེ། འདི་ནི་མེས་པོ་ཁྲི་སྟོང་གི་ཚེ་སྲོག་གིས་ཉོས་ཤིང་ཤེས་རབ་ཀྱིས་བསྐྱེད་པར་མ་ཟད། ས་ཆེན་པོའི་ཁྱོན་ན་འཁོད་པའི་དབུགས་ལྡན་སྐྱེ་འགྲོ་ཡོད་དོ་ཅོག་ལ་དགོས་ཕན་ཡང་ཆེ་བས་སོ།།
   
སངས་རྒྱས་ཀྱི་སྐུ་བརྙན་དག་གསེར་དངུལ་ཟངས་ལྕགས་དང་ས་རྡོ་གཡུ་བྱུར་གང་འདྲ་ཞིག་གིས་བཟོས་ནའང་ཆོག   ཕྱག་འཚལ་བ་དང་མཆོད་པ་འབུལ་བ། གསོལ་བ་འདེབས་པ་དང་སྐྱབས་འཇུག་ཞུ་བ་སོགས་སངས་རྒྱས་དངོས་དང་འཕྲད་པ་ལྟར་བྱེད་པ་ནི་ཆོས་ལུགས་པ་ཞིག་གི་འགྲོ་སྟངས་ཏེ། འདིའི་མིང་ལ་དད་པ་ཟེར།  ཕྱག་མཆོད་བྱེད་པ་དང་ལྷ་ཁང་འདུ་ཁང་བཞེངས་པ། རི་ལུང་ཐང་གསུམ་དར་ལྕོག་གིས་བཀང་བ་དང་སྐུ་གསུང་ཐུགས་རྟེན་བཞེངས་པ་སོགས་ནི་སངས་རྒྱས་ཀྱི་བསྟན་པ་དངོས་མིན་པ་བདེན་མོད། ལུང་རྟོགས་གཉིས་དང་བཤད་སྒྲུབ་ཁོ་ན་མ་གཏོགས་དགེ་ལས་ཡོད་ཚད་མཁོ་མེད་དུ་སྨྲ་བ་ཐལ་ཆེ་ན། ནང་བསྟན་ཆོས་ལུགས་ཀྱི་འཕེལ་རྒྱས་དང་དེས་བསྐྱེད་པའི་ཤུགས་རྐྱེན། དེ་ལ་མོས་གུས་དང་དེའི་ཆོས་སྒོར་ཞུགས་མཁན་སོགས་མང་བོ་མང་བོ་ཞིག་བཙལ་ཡང་རྙེད་དཀའ་བའི་ཚོད་དུ་མི་འགྱུར་རམ།  དུས་རྒྱུན་དུ་ཁྱོད་ལ་སྐད་ཆ་སྙན་མོ་བཤད་པ་དང་འཛུམ་དཀར་ཁོ་ན་མ་གཏོགས་མི་སྟོན་མཁན་དེ་ཁྱོད་ཀྱི་གྲོགས་པོའི་ཡང་རྩེ་ཡིན་པའི་ངེས་པ་གཏན་ནས་མེད་དེ། གནད་འགག་གི་སྐབས་སུ་ཁྱོད་ལ་སྡིག་དམོད་བྱེད་པར་མ་ཟད་རྡུང་རྡེག་ཀྱང་བྱེད་སྲིད་པའི་གྲོགས་པོ་དེས་ཁྱོད་ལ་སྙིང་ནས་བརྩེ་ཞིང་དུང་བས་འཁྱུད་ནས་ཡོད།   མི་ཞིག་དང་ངེད་གཉིས་ཁ་བརྡ་བྱས་པའི་ཁྲོད་ནས་ངས་ཁོ་རང་ངོ་མ་དེ་མཐོང་སོང་། ཁོས་བྱ་བ་ཆུང་ཆུང་ཞིག་གཉེར་ནས་མི་ལོ་སུམ་ཅུ་ལྷག་འགོར། གྲུབ་འབྲས་འབྲིང་ཙམ་ཡིན་མོད་ཁོས་ད་རུང་རྒྱུན་སྐྱོང་བཞིན་འདུག  ཁོ་མི་ནུས་ཆུང་ཞིག་ཡིན་པས་གཞན་ལ་རོགས་རམ་ཆེན་པོ་བྱེད་མ་ཐུབ་མོད། ཁོ་དང་འགྲོགས་པའི་གྲོགས་པོ་གཅིག་ལའང་འགལ་བ་དང་ཕོག་ཐུག་བཟོས་མ་མྱོང་། ཁོས་ནམ་རྒྱུན་གྲོགས་པོ་ཚོའི་བཟང་ཕྱོགས་རྐྱང་རྐྱང་གླེང་། དེས་ན་ངས་ཁོ་རང་མཐོང་བར་མ་ཟད་ཁོའི་མི་གཞི་ཡང་མཐོང་སོང་།


འོས་ཤིང་འཚམ་པར་དགའ་མཁན་ཚོར་གྲུབ་འབྲས་ཀྱང་འོས་འཚམ་ཞིག་ལས་ཐོབ་དཀའ་བས། ཆེས་ཕུལ་དུ་བྱུང་བའི་ལས་རིགས་དང་ཆེས་ངོ་མཚར་བའི་རྣམ་དཔྱོད་ལ་བརྩོན་དགོས་ཏེ། དམིགས་རྒྱ་བསྲིང་། ཡིད་རྒྱ་བསྐྱེད། ཁོང་སོ་གློད་ཅེས་པའི་གདམས་ངག་འདི་གསུམ་ཁྱད་དུ་འཕགས་པའི་ཐབས་ཇུས་རེ་རེ་ཡིན།    དང་བོ་ཉིད་ནས་ལྷ་ཁང་ཞེས་པའི་རང་གྲུབ་ཅིག་མེད་དེ། ཀྭ་དང་གདུང་མ། ཤིང་དང་ཚོན་རྩི་སོགས་མང་བོ་ཚོགས་ཤིང་བསྒྲིགས་པ་ལས་ངོ་མཚར་ཉམས་དགའ་བའི་ལྷ་ཁང་ཞིག་གྲུབ་པ་རེད། དེ་བཞིན་དུ་རྒྱུ་མེད་རྐྱེན་མེད་ཀྱིས་ཉམས་རྟོགས་ཀློང་དུ་བརྡོལ་བ་དང་རིག་པ་རང་སར་གྲོལ་མི་སྲིད་པས། སྒྲིབ་གཉིས་བག་ཆགས་དང་བཅས་པ་དྲུངས་ནས་འབྱིན་ཞིང་། ཤེས་བྱའི་གནས་ལུགས་ཕྲ་རགས་ལ་ཟབ་གསལ་མྱུར་བའི་ཤེས་རབ་ཀྱིས་དཔྱད་ཅིང་རྟོགས་པར་བྱས་ན། སྐད་ཅིག་མ་གཅིག་ལའང་ཆོས་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་རིག་པའི་རྩལ་སྟོབས་ཤིག་རྒྱས་རྒྱུ་ཡོད་འདུག     ཁྱོད་ལ་བཤད་ཡམས་དང་འགོག་རྒོལ་ཅི་ཙམ་མང་ན་དེ་ཙམ་གྱིས་ཁྱོད་ཡར་རྒྱས་དང་རྣམ་པར་རྒྱལ་བཞིན་པ་མཚོན་ཐུབ། འོན་ཀྱང་། རང་སྐྱོན་དག་རྒྱན་དང་དགེ་མཚན་དུ་རློམ་རྐྱང་བྱས་ན་ཁྱོད་མྱུར་བ་མྱུར་བར་རྒུད་པའི་དོང་དུ་ལྷུང་འགྲོ།
     
ཁྱོད་ལ་ཉམས་མྱོང་དང་ཤེས་འཇོན་ཕུན་སུམ་ཚོགས་ཀྱང་། སྔོན་གཞུག་ནས་རྒྱབ་སྐྱོར་བྱེད་མཁན་དང་མདུན་ལྗོངས་ན་དགའ་བསུ་དང་མོས་གུས་བྱེད་མཁན་ནི་མེད་ཐབས་མེད་དེ། འདིའི་མིང་ལ་མཉམ་སྒྲུབ་བམ། རྟེན་ཅིང་འབྲེལ་འབྱུང་། ལྟོས་བཅས་སོགས་གདགས་རིགས།  ཡོན་ཏན་པ་རྩེད་ཆས་བྱེད་པ་དང་སློབ་མ་མིག་ནང་དུ་མི་འཇོག་པ། གནའ་བོའི་རིག་གཞུང་རྒྱང་དུ་དོར་ཞིང་གསར་དར་རིག་པར་ཐན་དུ་བལྟ་བའི་མི་རིགས་དང་རྒྱལ་ཁབ་གང་ཡིན་ཡང་། དེ་ལ་ཡར་རྒྱས་དང་ཡུན་གནས་ཀྱི་རེ་བ་ཡེ་ནས་མེད།  ང་ལ་ཁྱོད་མ་གཏོགས་སྙིང་གཏམ་བཤད་ས་ཞིག་མེད་ཟེར་བའི་མི་ལ་གྲོགས་མ་བསྒྲིག   བློས་ཐུབ་ཀྱི་གྲོགས་པོ་གཅིག་ལས་མེད་ས་དེར་མཐོང་མི་ཐུབ་པའི་སྐྱོན་ཆ་ཞིག་ཅིས་ཀྱང་ཡོད་ངེས།   བདེན་དོན་དང་གནས་ལུགས་རྩོད་སར་ཉེ་རིང་དང་གྲོགས་པོའི་མཛའ་བརྩེ་ཁྱེར་འོང་ན། ཤེས་རབ་ཉི་མ་འདྲ་ཞིག་ཡོད་ཀྱང་ཕམ་ཉེས་དགྲ་གཅན་ལྟ་བུར་འཕྲད་འོང་།  བོད་ཀྱི་ཐ་སྙད་གསར་རྙིང་གཏན་ལ་འབེབ་པའམ་དེ་ལ་འབྲེལ་བཤད་བྱེད་སྐབས། མི་རིགས་གཞན་གྱི་སྐད་བརྡ་རིག་པ་ཚད་གཞིར་འཇོག་པའམ་དེའི་སྒྲོམ་གཞིའི་ནང་དུ་བཅུག་ན།  བོད་སྐད་དག་མ་བཤད་མཁན་ཚོས་དང་ལེན་བྱེད་མི་སྲིད། འོན་ཀྱང་། འདི་ལ་ཕྲག་དོག་དང་རྙིང་ཞེན་ཞེས་པའི་བརྡ་ཆད་ཅིག་འཇུག་དོན་ག་ལ་ཡོད་ཨང་།


 
སྐྱིད་སྡུག་མཉམ་མྱོང་ཟེར་བ་དེ་ཕན་ཚུན་བར་ཁ་རྩོད་དང་འགལ་བ་གཏན་ནས་མི་འབྱུང་བའི་དོན་མ་ཡིན་པར། ཁ་སེམས་མཐུན་ཞིང་བར་ཐག་མེད་པའི་སྒོ་ནས་སྐྱིད་པའི་དགོད་སྒྲ་སྒྲོག་རོགས་དང་སྡུག་བསྔལ་གྱི་མིག་ཆུ་མཉམ་འདོན་བྱེད་ཐུབ་པ་ཞིག་ལ་གོ་ན་འགྲིག     འགའ་རེས། རང་གི་རྒྱུ་ནོར་ཡོད་ཚད་ཁྱོད་ཀྱི་གམ་དུ་བཞག་རྗེས། ལུས་སེམས་ལྷོད་པོས་སྐྱིད་ཉལ་རྒྱག་པའམ་འཁྱམ་འཁྱམ་དུ་བསྐྱོད་འགྲོ། འདི་ལ་ཡིད་ཆེས་ཟེར། ཁྱོད་ལའང་གཞན་གྱི་ཡིད་ཆེས་མི་བརླག་པའི་མི་གཤིས་ཤིག་ཅིས་ཀྱང་དགོས་ཏེ། འདི་ལ་ཁྲེལ་ཡོད་པ་ཟེར།   མཉམ་སྒྲུབ་དང་མཉམ་ལས་ཟེར་བ་ནི་ཕན་ཚུན་ལ་འཇོན་ནུས་སོགས་ཁ་གསབ་བྱེད་རོགས་བྱེད་པའི་དོན་ཡིན་པ་ལས། ཅིག་ཤོས་ཀྱི་བཀའ་བཀོད་རྐྱང་རྐྱང་ལ་ཉན་ནས་གཉོམ་ཆུང་གིས་སྡོད་དགོས་པ་ཞིག་མིན་ཏེ།  བྲན་གཤིས་དང་འདྲ་མཉམ་གཞི་གཅིག་གི་སྟེང་ལ་འཛོམ་ཐབས་མེད།    བཅོམ་ལྡན་འདས་ཀྱི་རྗེས་འཇུག་པ་ཞིག་གི་ངོས་ནས་བཅོམ་ལྡན་འདས་ཀྱི་དགོངས་པ་དང་མཐུན་པར་བྱེད་དགོས་པ་སྨྲོས་མེད་ཡིན་ཡང་། དགོངས་པ་དེས་འདི་ཕྱི་གཉིས་ལ་བདེ་དགེ་སྩོལ་མིན་དང་། དེ་ཆོས་ཀྱི་གནས་ལུགས་དང་མཐུན་ཡོད་མེད་ལའང་བསམ་གཞིག་ཞིབ་མོ་གཏོང་དགོས། འདི་ཡང་ཁོང་གི་དགོངས་པའི་ཡང་སྙིང་ཡིན།   མང་བོ་ཞིག་ལ་རྗེས་དྲན་བྱས་ནའང་མི་ཆོག་པ་ག་ལ་ཡོད་མོད།  ལུང་རྟོགས་གཉིས་ལྡན་གྱི་རྒྱལ་བའི་བསྟན་པར་ཞུགས་ཤིང་དགེ་ཚུལ་སློང་གི་བསླབ་ཁྲིམས་བསྲུང་རྒྱུར་ཁས་འཆེ་བ་བོ་ཞིག་ལ་མཚོན་ན། ཞོགས་པར་གཉིད་སད་པ་ནས་བཟུང་། སྟོན་པ་བཀའ་དྲིན་ཅན་དེའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་སྤྱི་དང་། ལྷག་པར་དུ་མཁྱེན་དང་བརྩེ་བའི་ཡོན་ཏན་རྣམས་དྲན་པར་བྱས་ཏེ། ཁོང་གིས་ཇི་ལྟར་གདམས་པའི་བསླབ་ཁྲིམས་དག་ཤེས་ཤིང་བསྲུང་བར་བྱེད་རྒྱུ་ལས་གལ་ཆེན་དོན་ཆེན་ཞིག་གང་ན་ཡོད།    ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་མཐའ་དག་དགེ་སྡིག་ལུང་མ་བསྟན་གང་དུ་འགྱུར་མིན་ནི་རང་གི་སེམས་ལ་རག་ལས་པས་ན། སེམས་ནི་དགྲའང་ཡིན་ལ་གཉེན་ཡང་ཡིན་ཆོག་གོ།།

 
ང་ལ་གོམས་གཤིས་སམ་འདང་རྒྱག་ཕྱོགས་ཤིག་ཡོད་དེ། ནང་བའི་དགོན་པ་ཞིག་ཡིན་ཚེ་ལྷ་ཁང་འདུ་ཁང་དག་གི་རྟེན་གཙོ་ནི་ཅིས་ཀྱང་སྟོན་པ་ཐུགས་རྗེ་ཅན་ཡིན་འོས། འཛམ་གླིང་རྒྱན་དྲུག་མཆོག་བརྙེས་སོགས་རྒྱ་བོད་ཀྱི་མཁས་གྲུབ་བསམ་གྱིས་མི་ཁྱབ་པ་དེ་དག་ཁྱད་དུ་འཕགས་ཤིང་ངོ་མཚར་བ་ཤ་སྟག་ལོས་ཡིན་མོད། ཁོང་རྣམས་ཀྱང་སྟོན་པ་བཀའ་དྲིན་ཅན་གྱི་རྗེས་སུ་ཞུགས་ཤིང་གསུང་གི་བདུད་རྩི་མྱང་སྟེ་ས་ལམ་གྱི་གོ་འཕང་མཐོན་པོར་གཤེགས་པ་ཤ་སྟག་ཡིན། ནང་བའི་ལྷ་ཁང་འདུ་ཁང་དག་ཏུ་སྟོན་པའི་སྐུ་བརྙན་ཞིག་མཐོང་རྒྱུ་མེད་པའམ་ཡོད་ཀྱང་ཚད་ཆུང་ཆུང་དང་བཞུགས་ས་དཀྱུས་མའི་དཀྱུས་མར་བྱས་ཡོད་ཚེ། ནམ་རྒྱུན་ང་ལ་སེམས་ཁ་མི་བདེ་བའམ་འདོད་པ་མི་ཚིམ་པའི་ཚོར་སྣང་ཞིག་ཡོང་གིན་འདུག

  སངས་རྒྱས་བྱང་སེམས་དང་ཡི་དམ་ཆོས་སྐྱོང་སོགས་གང་ཡིན་ཡང་། དེའི་སྐུའི་རྒྱུ་གསེར་དངུལ་གཡུ་བྱུར་སོགས་རིན་གང་ཆེ་བྱེད་རྒྱུ་དེ་གཙོ་བོ་མིན་པར། སྐུ་བརྙན་དེ་ལ་སངས་རྒྱས་སོགས་དངོས་ཀྱི་འདུ་ཤེས་དང་དད་པ་ཨེ་འཁྲུངས་བལྟ་རྒྱུ་གཙོ་བོ་དང་། དེ་ལས་ཀྱང་དེ་དག་གི་མཆོད་བསྟོད་སྒོམ་བཟླས་དང་རིམ་གཉིས་ཀྱི་རྣལ་འབྱོར་ལ་མྱོང་བ་ཕྲན་བུ་རེ་ཡིན་ཡང་ཨེ་ཐོན་བལྟ་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་པར་འདོད་དོ།།        བླ་སློབ་ཀྱི་འབྲེལ་བ་ནི་ཆོས་དང་དམ་ཚིག་གི་འབྲེལ་བ་ཡིན་ལ་ཚེ་རབས་ཕྲེང་བརྒྱུད་ཀྱི་འབྲེལ་བའང་ཡིན། དེས་ན། བླ་མས་སློབ་མར་བརྟག་པ་དང་སློབ་མས་བླ་མར་བརྟག་པ་དེ་ཚོང་གྲོགས་དང་གཟའ་གྲོགས་བར་གྱི་བརྟག་ཐབས་ཙམ་གྱིས་མི་འོང་བས། ངོ་སོ་དང་སྙན་གྲགས་སོགས་ལ་ལྟོས་པ་མེད་པར། དུས་ཡུན་རིང་བོར་ཆོས་གཞུང་ནས་བསྟན་པ་ལྟར་གྱི་བརྟག་ཐབས་ཡང་དག་པ་ལ་གོམས་པར་བྱའོ།།

རྫུན་གཅིག་བདེན་པར་སྒྲུབ་ཆེད་དུ་རྫུན་བརྒྱ་བཤད་ཀྱང་། རྫུན་ནི་ནམ་ཡང་རྫུན་ཡིན་པས་བདེན་པར་འགྱུར་ཐབས་མེད།   ཁྱོད་ཀྱིས་ཉམས་འཇོག་ཅིག་བྱོས་དང་། ཁྱོད་དང་ཁྱོད་ཀྱི་ཉེ་འཁོར་གྱི་མི་མནའ་སྐྱེལ་རྒྱུར་དགའ་མཁན་ཕལ་ཆེར་རྫུན་བཤད་རྒྱུར་གོམས་ཡོད། མི་དེའི་རིགས་ལ་མཚོན་ན་མནའ་སྐྱེལ་བ་ནི་སྐད་ཆའི་སྒྱུ་རྩལ་ཙམ་ལས་འགན་ཁུར་གྱི་འདུ་ཤེས་གང་ཡང་མེད་ལ། ལས་རྒྱུ་འབྲས་དང་དགེ་སྡིག་སོགས་ལའང་བསམ་བློ་གཏོང་གིན་མེད།   ཆོས་ཆོས་སུ་འགྲོ་བར་བླ་སློབ་གཉིས་ཀའི་ངོས་ནས་འཛོམ་དགོས་པའི་ཆ་རྐྱེན་ཞིག་ཡོད་དེ། བླ་མའི་ཀུན་སློང་འཇིག་རྟེན་ཆོས་བརྒྱད་དང་འཁོར་ནོམ་དབང་སྡུད་ཀྱི་ཆེད་དུ་མ་སོང་བ། སློབ་མའི་ཀུན་སློང་ཐོས་པའི་རྣམ་གྲངས་གསོག་འདོད་དང་ཉམས་ཚོད་ལེན་པ་སོགས་ཀྱི་ཆེད་དུ་མ་ཡིན་པའོ།།ཀུན་སློང་མ་དག་ན་ཆོས་དུག་ཏུ་འགྲོ་བའི་སྐབས་ཀྱང་ཡོད།   ངན་སོང་གསུམ་ནས་སྡུག་བསྔལ་མྱོང་མ་དགོས། སྨན་ཁང་ནས་སྨན་བཅོས་དང་ཁྲིམས་ཁང་ནས་ཁྲིམས་ཆད་ཁུར་མ་དགོས་པར། གྲྭ་ས་དང་སློབ་གླིང་དག་ནས་མན་ངག་དང་རྣམ་དཔྱོད་ཟུང་དུ་སྦྲེལ་ནས་དམ་པའི་ཆོས་དང་གནའ་དེང་རིག་པའི་དཔལ་ལ་ལོངས་པའི་གོ་སྐབས་འདིར་སྐལ་བཟང་མི་ཟེར་ན་གཞན་གང་ཞིག་ལ་སྐལ་བཟང་ཟེར་ཨང་།


   
མཐོ་སྒང་ན་གྲང་ངར་རྒོད་ཀྱང་མདོ་སྔགས་ཟུང་འབྲེལ་གྱི་དྲོད་ཁོལ་འཁྱིལ་ཡོད། གངས་འདབས་ན་བུ་ཡུག་འཚུབ་ཀྱང་དབང་ལུང་མན་ངག་གི་གཏེར་ཁ་བརྡོལ་ཡོད། དེས་ན། དུས་ཚོད་དམ་འཛིན་གྱིས། གོ་སྐབས་ངོས་ཟིན་པའི་སྟེང་ནས། རབ་ཡིན་ན་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་པ། འབྲིང་ཡིན་ན་བར་དོར་ལོངས་སྤྱོད་རྫོགས་པ་སྒྱུ་མའི་སྐུ་འཐོབ་པ། མ་མཐའ་ཡང་དལ་འབྱོར་གྱི་ཨང་ཀ་མ་འཁྲུག་པའི་སྟེང་ནས་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་དཔལ་ལ་རང་དབང་གིས་ལོངས་སྤྱོད་པའི་རྫོགས་ལྡན་གྱི་དུས་ཤིག་ལ་ཅིས་ཀྱང་བརྩོན་དགོས།  བླ་མའི་རྣལ་འབྱོར་ཉམས་སུ་བླངས་མ་མྱོང་བའི་ཆོས་པ་དེ་ནི་ལག་རྡུམ་དང་ཞ་ར་ཡིན་ལ། བླ་མའི་བྱིན་རླབས་སྙིང་ལ་ཞུགས་མ་མྱོང་བའི་ཉམས་ལེན་པའང་དམུས་ལོང་དང་དབུལ་བོ་ཡིན།   བླ་མ་ཡི་དམ་དང་རང་སེམས་ངོ་བོ་དབྱེར་མེད་དུ་མི་བལྟ་བའི་གསང་སྔགས་ཉམས་ལེན་པ་ཞིག་ཡོད་མི་སྲིད་ལ། བྱང་ཆུབ་ཀྱི་སེམས་དང་ཟབ་མོ་སྟོང་བ་ཉིད་ཡ་བྲལ་དུ་སྒོམ་པའི་གྲུབ་ཐོབ་རྣམ་དག་ཅིག་ཀྱང་ཡོད་སར་མི་འགྲོ།  གཟེངས་བསྟོད་དང་གྲུབ་འབྲས་དག་གཏིང་བརྗེད་དུ་གྱུར་ཀྱང་མི་སྐྱོན་མོད། སྐྱོན་བརྗོད་དང་ལམ་ལྷོང་མ་བྱུང་བ་དག་ངེས་པར་དུ་དྲན་སོས་པར་བྱེད་དགོས། དེ་ནི་གཞན་ལ་འཁོན་སེམས་འཆང་བ་དང་འགྱོད་གདུང་སྐྱེ་བའི་ཆེད་མ་ཡིན་པར། རང་སྐྱོན་དག་སེལ་དང་བྱ་བ་མཐའ་འཁྱོང་འོང་བའི་ཆེད་དུ་ཡིན།   བསམ་བློའི་རྨང་གཞི་དང་ཆོས་སྲིད་གང་རུང་གི་ཁྲིམས་ཀྱི་ཚད་གཞི་མེད་པའི་ལས་རིགས་ནི། བར་སྣང་གི་ཁང་བཟང་དང་བྱིས་པས་འཇའ་ཚོན་བསྙེག་པའི་དཔེ་མཚོན་ཡག་ཤོས་སུ་འགྱུར་འགྲོ།


ང་ཚོས་ད་ལྟ་ནས་ཆུ་ལ་གྲོན་ཆུང་མ་བྱས་ན། ཆེས་མཐའ་མཇུག་གི་ཆུ་ནི་ཁྱོད་དང་ང་ཡི་མིག་ཆུ་ལས་མེད།   ས་ལ་བཅུད་ཆགས་ན་མི་ལ་གཡང་འཁོར་འོང་ཞེས་པའི་སྡོམ་ཚིག་འདི་ཡང་། སྣོད་བཅུད་གཉིས་ཕན་ཚུན་རྟེན་བྱུང་འབྲེལ་ཡིན་པའི་མཚོན་དཔེ་གསོན་པོ་ཞིག་རེད།   ཕྱི་འདུལ་བ་དང་། ནང་བྱང་སེམས། གསང་བ་སྔགས་བཅས་སུམ་སྒྲིལ་བྱེད་པའི་ཉམས་ལེན་ཡག་པོ་འདི་ནི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཡང་དག་པ་སྟེ། བོད་ཀྱི་ནང་བའི་གྲུབ་མཐའ་གང་ཡིན་ཡང་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་མ་ཡིན་པ་ཞིག་དང་། དཔལ་ནཱ་ལེནྡྲའི་པཎ་གྲུབ་དག་གི་གསུང་ལ་ཁུངས་མ་གཏུགས་པ་གཅིག་ཀྱང་མེད།   གསང་སྔགས་ཀྱི་རྟོགས་པ་རྒྱུད་ལ་སྐྱེ་བར་བླ་མའི་བྱིན་རླབས་དང་ངེས་པར་འབྲེལ་དགོས་ཏེ། ཐོག་མར་བླ་མའི་གམ་ལས་དབང་མ་ཞུས་པར་བྱང་སྡོམ་ལྟར་རྟེན་དྲུང་ནས་ལེན་ཚུལ་ཞིག་སྟོན་པས་མ་གནང་ངོ་།།   དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་གང་གི་སྐབས་སུའང་། བླ་མའི་རྣལ་འབྱོར་རམ་བཤེས་གཉེན་བསྟེན་པའི་ཆོས་སྐོར་དང་ཉམས་ལེན་འདི་སྲོག་དང་སྙིང་བོ་བྱས་ནས་གསུངས་སོ།།


  
མཁན་ཆེན་ཞི་བ་འཚོ་ནི་དགེ་ཚུལ་སློང་གི་སྡོམ་པ་འབོགས་ཤེས་པ་ཙམ་མིན་པར། དབུ་ཚད་ཀྱི་རིག་པ་སྨྲ་བར་འགྲན་ཟླ་དང་བྲལ་བའི་མཁས་པ་ཆེན་པོ་ཞིག་ཡིན། ཁོང་གིས་བོད་ལ་བསྟན་པའི་རྨང་བཙུགས་པས། བོད་ཀྱི་ནང་བའི་ཆོས་བརྒྱུད་ཚང་མས་གཞུང་ཆེན་མོར་སློབ་གཉེར་སྔོན་སོང་གིས་ཉམས་ལེན་བྱེད་པའི་སྲོལ་བཟང་ཞིག་ངང་གིས་ཆགས།    རྗེ་བདག་ཉིད་ཆེན་པོས། རང་མ་དུལ་བར་གཞན་འདུལ་བའི་གནས་མེད་པར་གསུངས་པས་གཞན་འདུལ་བའི་བླ་མ་དེས་ཐོག་མར་རང་གི་རྒྱུད་བཏུལ་བ་ཞིག་དགོས་སོ།།ཞེས་ང་ལ་ཆེད་དུ་གདམས་པ་ལྟ་བུའི་ལེགས་བཤད་འདིར་བསམ་གཞིག་བྱེད་ཐེངས་རེ་རེར། དགེ་རྒན་དང་སློབ་དཔོན། ཁྱད་པར་དུ་བླ་མ་ཞེས་པའི་བརྡ་ཆད་འདི་ང་དང་འབྲེལ་བ་ཡེ་ནས་མེད་པའི་ཚོར་བ་ཞིག་རྒྱུན་མར་སྐྱེ་བཞིན་འདུག  ངས་བོད་པ་ཞེས་པའི་མི་རིགས་ཆུང་ཆུང་འདི་འཛམ་གླིང་ན་སྐད་གྲགས་ཆོད་པའི་ཡཱ་ཧུ་དཱ་པའི་མི་རིགས་དང་ཅུང་འདྲ་བོ་མི་འདུག་གམ་སྙམ་བཞིན་ཡོད། ཁོང་ཚོ་དཀའ་ཁག་གང་ལ་ཐུག་ཀྱང་ཐོག་མའི་དམ་བཅའ་མི་འདོར་ལ། ཡུལ་ལུང་གང་དུ་འཁྱམས་ཀྱང་རང་གི་སྐད་ཡིག་དང་དད་མོས་དོར་མ་མྱོང་། འོན་ཀྱང་། བོད་པའི་ཁྲོད་ན་རང་སྐད་བརྗེད་ཅིང་རང་ཡིག་མི་ཤེས་མཁན་ཡོད་པ་ཇི་བཞིན། ཡཱ་ཧུ་དཱ་པའི་ཁྲོད་ནའང་རང་རིགས་ཀྱི་ཞབས་འདྲེན་དང་ངོ་བོ་གཞན་འགྱུར་ལ་དགའ་མཁན་མང་དག་ཅིག་ཡོད།


 བོད་ཀྱི་ལབ་ཙེ་ནི་མཐུན་སྒྲིལ་གྱི་མཚོན་རྟགས་ཤིག་ལ། ཐུན་མིན་ས་ཁོངས་གསལ་བའི་ལོ་རྒྱུས་ཀྱི་དན་རྟགས་ཤིག་ཀྱང་ཡིན།  ཡིག་ནོར་མང་བའི་སློབ་དེབ་ཅིག་ལ་ཡིག་ནོར་གྱིས་འགྲེལ་བཤད་གནང་བའི་དགེ་རྒན་དང་། ཡིག་ནོར་ཅན་གྱི་ལས་བྱ་འབྲི་བའི་སློབ་མ་ཇེ་མང་དུ་འགྲོ་བཞིན་པའི་སྣང་ཚུལ་དེས། སློབ་གསོའི་རྩ་བར་རུལ་སྐྱོན་ཤོར་བཞིན་པ་མཚོན་ཡོད།    མི་ཕལ་མོ་ཆེས་མཚན་སྙན་དང་ཁེ་དབང་ལ་དོ་སྣང་དང་དེར་བརྩོན་པ་བསྐྱེད་སྲིད། འོན་ཀྱང་དོ་སྣང་བྱེད་སྟངས་དེ་རང་ཁོ་ནའི་ཆེད་ལས་སྤྱི་ལ་དམིགས་པ་ཞིག་མ་ཡིན་ན། ཅི་ཙམ་བརྩོན་པ་བསྐྱེད་པ་དེ་བཞིན་དུ་འགོག་རྒོལ་དང་འགལ་རྐྱེན་བཟོ་མཁན་ཅེ་མང་དུ་འགྲོ་ལ། སྟབས་ཉེས་ན་ཁྱོད་གྲག་མེད་འགུལ་མེད་དུ་གཏོང་ཡང་སྲིད།  མང་བོ་ཞིག་གི་སེམས་ངོར་དགོན་པ་གྲྭ་ཚང་ལ་མང་འགྱེད་གཏོང་བ་དང་བླ་མ་དགེ་འདུན་ལ་མཆོད་འབུལ་བྱེད་པ། ལྷ་ཁང་འདུ་ཁང་འཛུགས་བསྐྲུན་དང་སྐུ་གསུང་ཐུགས་རྟེན་བཞེངས་པ་སོགས་ནི་དགོན་པ་དང་བླ་མར་ཕན་བཏགས་པ་ཡིན་པས་ང་ལ་ངོ་སོ་བསྟོད་དགོས་པར་མ་ཟད་ང་ཁོང་ཅག་ལ་དྲིན་ཅན་ཡང་ཡིན་བསམ་བཞིན་ཡོད་ཚོད་དུ་འདུག  འདི་ནི་ཆོས་པ་ཞིག་གི་བསམ་བློ་མིན་ལ་ཆོས་སྒྲུབ་སྟངས་ཀྱང་ཡེ་ནས་མིན། མང་འགྱེད་གཏོང་བ་དང་མཆོད་འབུལ་བྱེད་པ། རྟེན་བཞེངས་བྱེད་པ་སོགས་གང་ཡིན་ཡང་ཚེ་འདས་རྣམས་ཐར་བ་འཐོབ་ཆེད་དང་རང་ཉིད་ཀྱི་ཚོགས་གསོག་སྒྲིབ་སྦྱོང་བྱེད་པའི་ཆེད་ཡིན་ལ། དེ་འདྲའི་ཆེད་དུ་བསྔོ་ཡང་དགོས།  ཡོད་ཚད་འཇིག་རྟེན་སྤྱི་འགྲོས་ཀྱི་ཚད་ཐིག་གིས་གཞལ་ན་ནོར་བ་ཡིན།   ཆོས་འཇིག་རྟེན་གང་བསྒྲུབ་ཀྱང་ལྷག་བསམ་ཟོལ་མེད་དང་གཞུང་དྲང་ནི་ནམ་ཡང་འདོར་མི་རུང་བའི་གཅེས་ནོར་ཉག་གཅིག་རེད་བསམ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་པ་ནི་གཞན་ལ་བསམ་པ་བཟང་བོ་སྒོམ་པ་ཙམ་མིན་པར། འགྲོ་བ་སེམས་ཅན་མཐའ་དག་གི་ཆེད་དུ་རང་ཉིད་འཚང་རྒྱ་བར་འདོད་པའི་བསམ་བློའི་ཤུགས་རྫོགས་པ་ཞིག་ཅིས་ཀྱང་ཡིན་དགོས།  སྟབས་ཀ་འགྲིག་ན་ཕན་ཚུན་བར་སྐད་ཆ་ཚིག་གཅིག་མ་བཤད་ཀྱང་བློས་ཐུབ་གྲོགས་པོར་འགྱུར་བ་དང་མི་ཚེ་གཅིག་ལ་རླབས་ཆེན་གྱི་བྱ་བཞག་མང་བོ་མཉམ་ལས་བྱེད་པའང་ཡོད་དེ། ཐོག་མའི་མཇལ་འཛོམས་སྐབས་ཀྱི་འཛུམ་མདངས་དང་མིག་འོད། རྣམ་འགྱུར་དང་ལག་འཇུ་སོགས་ཀྱིས་མཚམས་རེར་སྐད་ཆ་བཤད་པ་ལས་ཀྱང་ནུས་པ་བླ་ལྷག་གིས་ཐོན་ཐུབ།    ཡུལ་དང་ཡུལ་ཅན་གང་ཞིག་ཡིན་ཡང་། དེ་རེད་བསམ་པའི་ཐོག་ཏུ་མ་བཞག་པར་དེ་ལྟར་ཡིན་པའི་རྒྱུ་མཚན་ལ་དཔྱད་ཞིབ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ནང་ཆོས་ཚན་རིག་དང་མཐུན་པའམ་ནང་ཆོས་དང་ཚན་རིག་གཉིས་དཔུང་བ་མཉམ་གཤིབ་ཀྱིས་རྒྱང་བསྐྱོད་བྱེད་ཐུབ་ཅེས་བརྗོད་བཞིན་པ་དེ་ཡང་། ནང་ཆོས་ལས་བསྟན་པའི་གནས་ལུགས་མཐའ་དག་རྟེན་འབྲེལ་དང་རྒྱུ་མཚན་གྱི་སྒོ་ནས་གཏན་ལ་འབེབ་ཀྱིན་ཡོད་པས་རེད། འོན་ཀྱང་། ནང་ཆོས་ཚན་རིག་དང་མ་མཐུན་ན་ཡང་དག་པ་མ་ཡིན་པ་དང་ཅིས་ཀྱང་ཚན་རིག་དང་མཐུན་ཐབས་བྱེད་དགོས་པ་སོགས་ཀྱི་སྔོན་ཐོན་ནམ་འུ་ཐུག་པའི་བསམ་ཚུལ་དེ་འདྲ་ང་ལ་མེད། 
 
ང་ཚོའི་མཁས་པ་ཞིག་གིས། ང་ཚོའི་སྣེ་ཁྲིད་པ་ཞིག་གིས། ཨང་རྩིས་དང་ཚན་རིག་ལ་ཆེད་སྦྱོང་བྱས་མ་མྱོང་ཡང་།འདི་ཡིན་ན་དེ་ཡིན་དགོས་པ་དང་། དེ་ཡིན་ན་འདི་ཡིན་པས་མ་ཁྱབ་པ་སོགས་ཀྱི་རིགས་ལམ་ཕྲ་མོའི་རལ་གྲི་ཁྱེར་ནས་རྒྱལ་སྤྱིའི་སྟེང་དུ་ཕེབས་ཤིང་ཆེས་མཐོའི་ཚན་རིག་པ་རྣམས་དང་བགྲོ་གླེང་གནང་ཚེ། ཆེད་མཁས་པ་དེ་དག་གིས་གདེང་ཚོད་མཐོན་པོས་བཤད་པའི་སྐད་ཆ་རེ་འགར་རང་ཉིད་ཀྱང་ཐེ་ཚོམ་པར་གྱུར་སྐད། ཞིབ་པར་བསམ་ན། ལྟོ་སྐྱ་གོས་ཧྲུལ་ངང་རྡོ་བཅལ་སྔོན་མོའི་སྟེང་ནས་བདེན་དོན་དང་གནས་ལུགས་འཚོལ་སྟངས་འདི་དག་རྩ་བ་ནས་རྗེས་ལུས་ཡིན་མི་འདུག་ཨང་།  

   ངས་མི་དང་འགྲོག་འདྲིས་བྱེད་པའམ་གྲོགས་བསྒྲིག་པ། བྱ་བ་མཉམ་ལས་བྱེད་པའམ་སློབ་མར་ལེན་པ་སོགས་སྐབས་མང་བོ་ཞིག་གི་ཚེ། རྒྱུན་འཁྱོངས་དང་བསམ་པ་རྣམ་དག་གཉིས་ལ་ནམ་རྒྱུན་དོ་སྣང་བྱས་པ་ཡིན། རྒྱུ་མཚན།  ཤེས་འཇོན་ཅི་ཙམ་ཡོད་ཀྱང་རྒྱུན་སྐྱོང་མི་ཐུབ་པ་དང་། ལས་གང་བསྒྲུབས་ཀྱང་བསམ་པ་རྣམ་དག་མིན་ན་མཇུག་འབྲས་ཡག་པོ་ཞིག་འབྱུང་མི་ཐུབ་ཅེས་ཕལ་ཆེར་ཁ་ཚོན་བཅད་དེ་བཤད་ཐུབ་ཀྱིན་འདུག  
           
༢༠༢༠

གསར་འགོད་པ།  སྨར་ཁམས་མཁའ་འགྲོ་རྒྱལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། he6k བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ངས་འདི་ལྟར་བསམ།   སྤེལ་མཁན།: དྷཱི་ཡིག སྤེལ་དུས:2020/10/2
རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། 🙏🌎🙏🌎🙏🌎
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23669851
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།