འབྲོག་ཁུལ་གྱི་དགེ་ལས་པ་རླབས་ཆེན་ཞིག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 16 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »འབྲོག་ཁུལ་གྱི་དགེ་ལས་པ་རླབས་ཆེན་ཞིག
འབྲོག་ཁུལ་གྱི་དགེ་ལས་པ་རླབས་ཆེན་ཞིག
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2020-10-07ལྟ་ཀློག (11155)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


འབྲོག་ཁུལ་གྱི་དགེ་ལས་པ་རླབས་ཆེན་ཞིག

---རྨ་ཆུའི་དབལ་བན་ཚང་གི་འབྲོག་པ་དགེ་ལས་པ་ཐུབ་ཁོ་ལགས་ལ་བཅར་འདྲི་བྱས་པ།

      རྨ་ཆུའི་དབལ་བན་ཚང་གླིང་འཁྱམས་སྡེ་བའི་ཐུབ་ཁོ་ལགས་ནི་མང་ཚོགས་ཁྲོད་ཀྱི་དགེ་ལས་པ་ཧ་ཅང་དམིགས་བསལ་བ་ཞིག་ཡིན།   ཁོས་ལོ་ངོ་མང་བོའི་རིང་དུ་རང་ཉིད་འཚོ་བ་ཐབས་ཆག་ལ་བརྟེན་ནས་གཞན་ལ་རོགས་རམ་གྱི་ཕྱག་ལས་རྒྱ་ཆེར་གནང་བ་དང་།   ཁོའི་ཉེ་འཁོར་གྱི་སྡེ་དམངས་དབུལ་བོ་དག་ལ་ལོ་ངོ་མང་བོའི་རིང་དུ་ཁོའི་རྒྱུ་ནོར་ཡོད་ཚད་ཕངས་མེད་དུ་བཏང་བས།  ཁོའི་དགེ་ལས་ཀྱི་སྤྱོད་པས་མི་རྣམས་ལ་སེམས་འགུལ་ཚད་མེད་ཐེབས་སུ་བཅུག       ཁོས་བཤད་རྒྱུར།   ང་ལ་མཚོན་ན་རང་གི་རྒྱུ་ནོར་ཡོད་ཚད་རང་གི་དོན་དུ་བཀོལ་བ་ལས།  ཆད་པོ་མེད་པོ་ཞིག་ལ་རོགས་རམ་བྱས་པ་ཡིན་ན།  དེ་ལས་སྐྱིད་ཅིག་དང་དགའ་ཞིག་འཇིག་རྟེན་ན་མེད་ཀི་གསུང་བཞིན་འདུག   ད་རེབ་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བའི་གསར་འགོད་པ་དང་རྩོམ་སྒྲིག་པ་བན་ཤུལ་འཇམ་དབྱངས་དང་འབའ་སྣང་གྲོལ་གཉིས་རྨ་ཆུའི་འབྲོག་ཁུལ་གྱི་དགེ་ལས་པ་རླབས་ཆེན་ཁོང་ལ་ཆེད་བཅར་ཞུས་ཤིང་།  ཁོང་ལ་དངོས་སུ་བཅར་འདྲི་བྱས་པ་སྒྲ་ཟིན་བརྒྱུད་ནས་ཡིག་ཐོག་ཏུ་བཀོད་ཡོད།  གཤམ་དུ་མང་ཚོགས་ཁྲོད་ཀྱི་རླབས་ཆེ་བའི་དགེ་ལས་པ་ཁོང་ལ་ང་ཚོས་མཉམ་དུ་རྒྱུས་ལོན་ཐེངས་གཅིག་བྱེད།     

  

   གསར་འགོད་པ། ཨ་ཁུ་བདེ་མོ།   ངེད་གཉིས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་ལས་འགན་པ་ཡིན།  རྨ་ཆུའི་དབལ་བན་མང་ཚོགས་ཀྱི་ཁྲོད་ནས་ཁྱེད་ནི་ཧ་ཅང་དམིགས་བསལ་གྱི་སྤྱི་ཚོགས་དགེ་ལས་པ་ཞིག་ཡིན་པར་ཐོས།  ད་ཐེངས་ངེད་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བའི་གསར་འགོད་པའི་ངོས་ནས་ཁྱེད་ལ་ཆེད་དུ་བཅར་འདྲི་ཐེངས་གཅིག་བྱེད་དུ་ཡོང་བ་ཡིན།  

   ཐུབ་ཁོ།  བདེ་མོ་ཡིན།   ཁྱེད་གཉིས་བདེ་མོ།   གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་ང་ལ་འདི་འདྲའི་ཆེ་མཐོང་གནང་བར་བཀའ་དྲིན་ཆེ།    ཁྱེད་གཉིས་ཀྱིས་འོ་བརྒྱལ་མྱངས་སོང་།   

   གསར་འགོད་པ།    བདེ་མོ་ཡིན།    གཙོ་བོ་ཁྱེད་ལ་བཀའ་དྲིན་ཆེ།  ཁྱེད་ཀྱིས་སྤྱི་ཚོགས་དགེ་ལས་ཀྱི་ཕྱག་ལས་རླབས་ཆེན་གནང་བཞིན་འདུག    དེ་ནས་ང་ཚོ་དངོས་སུ་ད་ཐེངས་ཀྱི་བཅར་འདྲིའི་ལས་རིམ་ལ་ཞུགས་རྒྱུ་བྱེད།   ཉིད་ཀྱིས་རང་གི་ཁྱིམ་ཚང་གི་གནས་བབ་དང་། རང་ཉིད་སྤྱི་ཚོགས་དགེ་ལས་ཀྱི་ལམ་གར་ཇི་ལྟར་བསྐྱོད་ཚུལ །  དེའི་ཀུན་སློང་ཇི་ལྟར་སྐྱེས་ཚུལ་སོགས་ཀྱི་ཕྱོགས་ནས་ཁ་བརྡ་ཞིག་བྱས་ན་ལགས།  

   ཐུབ་ཁོ། ཡ་ཡ་ལགས།     ངའི་མིང་ལ་ཐུབ་ཁོ་ཟེར།    ཕ་ཡུལ་རྨ་ཆུའི་དབལ་བན་ཚང་གླིང་འཁྱམས་སྡེ་བའི་སྡེ་དམངས་དཀྱུས་མ་ཞིག་ཡིན།   ང་རང་ཆུང་དུས་ངའི་ཁྱིམ་ཚང་རྒྱུ་འབྱོར་བ་ཧ་ཅང་ཞན་པ་ཞིག་ཡིན། ངེད་ཚང་ལ་བཟའ་མི་བཅུ་ཡོད། ངེད་ཚང་ཕྱུག་བདག་གྲལ་རིམས་ཡིན་པས།    སྐབས་དེར་ལྟ་ཚུལ་ཧ་ལས་པ་མི་ཡག་གི       ངའི་ཕ་མ་གཉིས་ཀྱིས་ངེད་མིང་སྲིང་བརྒྱད་པོའི་ཁ་མ་ཟོས་པར་དཀའ་སྡུག་མང་བོ་མྱངས།  ང་རང་ནི་ཁྱིམ་ཚང་དབུལ་བོའི་བུ་ཕྲུག་ཡིན་པས་དབུལ་བོ་ཚོའི་དཀའ་སྡུག་དངོས་སུ་སེམས་ཀྱིས་ཚོར་ཐུབ།  དེ་བས་རང་ཉིད་ལ་རྒྱུ་འབྱོར་ཞིག་ཡོད་དུས་འབྱོར་མེད་དཀའ་ཁག་ཅན་དག་ལ་རོགས་ཤིག་ངེས་པར་དུ་བྱ་དགོས་བསམ་པ་ཞིག་ཡིད་ལ་བཟུང་ཡོད།    ཡིན་ནའང་།  དེ་དུས་དེ་འདྲ་བསམ་ཡང་ང་ལ་རྒྱུ་འབྱོར་བ་འདྲ་མི་འདུག་པས་གཞན་ལ་རོགས་རམ་བྱ་མ་ཐུབ།     ང་རང་ལོ་བཞི་བཅུ་ལ་བུད་དུས་ད་གཟོད་ངའི་ཁྱིམ་ཚང་ལ་དཔལ་འབྱོར་གྱི་ངོས་ནས་ཅུང་ཙམ་ཆོག་འདུག  དེ་ནས་ངས་རང་གི་སྔོན་ཆད་གཞན་ལ་རོགས་སྐྱོར་བྱ་བསམ་པའི་ཕུགས་བསམ་དེ་དངོས་སུ་ལག་ལེན་ལ་འདེབས་ཅི་ཐུབ་བྱས་པ་ཡིན།    ང་རང་ལོ་བཞི་བཅུ་ནས་བཟུང་ལོ་ཞེ་དྲུག་བར་ཏེ་ལོ་དྲུག་གི་རིང་ལ་དབལ་བན་ཚང་གི་ཁྱིམ་ཚང་དཀའ་ཁག་ཅན་དག་ལ་ལོ་རེར་ལུ་གུ་བརྒྱ་རེ་བགོས་ནས་རོགས་སྐྱོར་བྱས་པ་ཡིན།   རང་ལོ་ཞེ་བདུན་ནས་བཟུང་ལོ་རེར་ཁྱིམ་ཚང་བཅུ་ལ་ཁྱིམ་རེར་སྒོར་སྟོང་གཅིག་གིས་རོགས་རམ་བྱ་ཁུལ་བྱས་པ་ཡིན། ངས་བསམ་པར་ང་རང་ལོ་དྲུག་ཅུར་འབུད་རག་བར་ངའི་རོགས་རམ་འདི་རྒྱུན་སྐྱོང་འུ་ཐུབ་པར་བསམ་གྱིན་ཡོད།    ང་རང་ལོ་ང་བཅུ་ཡས་མས་སྟེང་དུ་ཁྱིམ་ཚང་ཉི་ཤུར་རྟ་བཅུ་གསུམ་བྱིན་ནས་རོགས་སྐྱོར་བྱས་པ་ཡིན།  ང་རང་ལོ་ང་བཅུ་ང་གཉིས་ཡིན་ནམ་ང་གསུམ་ཡིན།  ཡིད་ལ་གསལ་བོར་མི་དྲན།  དེའི་སྟེང་དུ་ངས་ཁྱིམ་ཚང་དབུལ་བོ་བཞི་བཅུར་ཉི་མ་གཅིག་ལ་ལུག་བརྒྱ་དང་བརྒྱད་ཅུ་དང་།  རྟ་ལྔས་རོགས་རམ་བྱ་མྱོང་།    དེ་མིན་ང་རང་ཆུང་དུས་སློབ་གྲྭར་འགྲོ་མ་མྱོང་བར་ཡི་གེ་ཆེན་པོ་མི་ཤེས་པས་ཕངས་སེམས་ཆེན་པོ་ཡོད།    རང་གི་བུ་རྒྱུད་དག་ལ་མིག་དཔེ་ཡག་པོ་ཞིག་སྟོན་པ་དང་།  སློབ་གསོ་འདི་གང་ལ་བསམ་ནའང་ཧ་ལས་པ་གལ་ཆེ་བར་བསམས་ནས།  ངས་ལོ་རེ་བཞིན་སྒོར་སྟོང་གསུམ་བཞི་ཙམ་གྱིས་དགེ་སློབ་དག་ལ་བྱ་དགའ་སྟེར་བཞིན་ཡོད།    ང་རང་ལོ་ཉེར་གཅིག་ཡས་མས་ཙམ་ནས་བཟུང་རྨ་ཆུའི་དབལ་བན་ཚང་གི་སློབ་མ་རྣམས་ལ་ལོ་རེར་སྒོར་གཅིག་རེ་བྱིན་ནས་ད་ལྟའི་བར་རྒྱུན་བསྐྱངས་པ་ཡིན།    དེ་དུས་སློབ་མ་མང་བོ་མི་འདུག   རྨ་ཆུའི་དབལ་བན་ཚང་ལ་སློབ་མ་བཞི་བཅུ་ཞེ་ལྔ་ཙམ་ལས་མི་འདུག    ཡིན་ནའང་དེ་དུས་ང་ལ་འབྱོར་བ་བཟང་རྒྱུ་མེད་པས་སྒོར་ཞེ་ལྔ་ཡིན་ནའང་དེང་སྐབས་ཀྱི་སྒོར་སྟོང་གཅིག་གི་དཀའ་རེད།   ད་ལྟ་སློབ་མ་བདུན་བརྒྱ་བརྒྱད་བརྒྱ་ཙམ་ཡོད་འདུག     སྤྱིར་སྒོར་གཅིག་རེ་ནི་ཅི་ཡང་མིན་མོད།  ངས་སློབ་མ་རེར་སྒོར་གཅིག་རེ་སྟེར་བ་འདི་རྒྱུན་བསྐྱངས་ནས་ང་རང་གི་མི་ཚེ་འདིར་བོད་ཀྱི་སློབ་གསོ་ལ་ཧ་ཅང་དགའ་བ་དང་སློབ་གསོའི་གལ་ཆེན་རང་བཞིན་མཚོན་བསམ་པ་ཡིན།  མ་ཟད་ཀུན་ལ་སློབ་གསོའི་ཕྱོགས་ལ་ཤུགས་རྒྱག་དགོས་པའི་མིག་ལྟོས་ཡག་པོ་ཞིག་ཡོང་བར་རེ་བ་བྱས་པ་ཡིན། དེ་མིན་ཆོས་ཕྱོགས་ནས་ངས་གང་ནུས་ཅི་ནུས་ཀྱིས་ང་རང་དད་འདུན་ཆེ་སའི་དགོན་སྡེ་ཡར་མར་མང་བོ་ཞིག་ལ་འབྲེལ་རེ་འཇོག་མྱོང་མོད།   དེ་ནི་ཚེ་ཕྱི་མའི་དོན་ལ་ཆོས་གཙང་མ་ཞིག་འུ་ཡོང་ཡོང་བྱས་པ་ཡིན་པས།  འདིར་གླེང་ནས་ཆོས་བརྒྱད་དང་འདྲེས་པར་མི་བྱ།   ད་དེ་ཙམ་ཡིན།

   གསར་འགོད་པ།  ཡ་ལགས།  དེ་ནས་ཁྱེད་ཀྱིས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལ་མ་བསྐུལ་དང་བླངས་སྒོས་ལོ་རེར་སྒོར་ཁྲི་རེས་རོགས་སྐྱོར་གནང་སོང་།  དེའི་ཕྱོགས་ནས་བསམ་བློ་ཇི་ལྟར་སྐྱེས་ཚུལ་ཁ་བརྡ་ཞིག་བྱས་ན་ལགས།    

   ཐུབ་ཁོ།  ང་རང་ཉིད་ཀྱི་ད་ལྟའི་ཁྱིམ་ཚང་ལ་མཚོན་ན་བཟའ་མི་དྲུག་ཡོད།   མ་རྒན་ད་ལོ་དགོང་ལོ་བརྒྱད་ཅུ་གྱ་དྲུག་ཅན་ཞིག་དང་།   ངའི་བཟའ་ཟླ།   བུ་གཉིས་དང་བུ་མོ་གཅིག་བཅས་ཡོད།   ང་རང་ཉིད་ལ་མཚོན་ན་འཚོ་བའི་སྟེང་ལ་དཀའ་ཁག་ཅི་ཡང་མེད།   ང་ལ་དཀའ་ཁག་མེད་པའི་སྟེང་དུ་གཞན་ཞིག་ལ་གང་ཐུབ་ཅི་ཐུབ་ཀྱིས་ཕན་ཞིག་འུ་ཐོགས་བསམ་པ་ཡོད།   ང་ཡང་ཆུང་དུས་ནས་རྒྱུ་ནོར་སོགས་མེད་པར་དཀའ་ཁག་མྱངས་ནས་ཡོང་བ་ཞིག་ཡིན།   དེའི་ཉམས་མྱོང་སྟེང་ནས་ནམ་ཡང་ཆད་པོ་མེད་པོ་དང་ལོ་ལོན་བདག་མེད་སོགས་གཙོས་པའི་མང་ཚོགས་དག་ལ་ཕན་ཞིག་ཐོགས་ན་བསམ་པ་ཞིག་ནམ་ཡང་རང་ཉིད་ཀྱི་སེམས་ཀྱི་གཏིང་ལ་བཟུང་ནས་ཡོད།       ངས་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ཁོང་གི་མཛད་འཕྲིན་གོ་ཚོད་ཡིན་ན།  ཁོང་ནི་བླ་མ་དང་དཔོན་པོ་དེ་འདྲ་ཡིན་པ་མ་རེད།  སྤྱིར་བཏང་གི་གྲྭ་རྐྱང་དཀྱུས་མ་ཞིག་རེད།   ཡིན་ནའང་ཁོང་གིས་བོད་མི་རིགས་ཀྱི་སློབ་གསོའི་དོན་ཁོ་ནའི་ཆེད་དུ།  དང་བོ་སློབ་གྲྭ་འདེབས་པའི་ཐུགས་དགོངས་གུང་ཐང་འཇམ་པའི་དབྱངས་སོགས་ལ་ཞུས་ཚུལ།   དེ་ནས་སློབ་དཔོན་བཛྲ་ཚུལ་ཁྲིམས་དང་ལྡོང་ཡོན་ཏན་རྒྱ་མཚོ་སོགས་མཁས་པ་གདན་འདྲེན་བྱས་ཚུལ།   ཐ་མར་སློབ་གྲྭ་རྒྱུན་བསྐྱངས་ནས་བསམ་བློ་དང་ཀུན་སྤྱོད་ལེགས་པའི་བོད་ཀྱི་སློབ་མ་དེ་འདྲའི་མང་བོ་ཞིག་གསོ་སྐྱོང་གནང་སྟེ་དཀའ་ལས་ཚད་མེད་བརྒྱབ་པར་བསམ་ན།   བླ་མ་ཟེར་ནའང་འདི་རེད། རླབས་ཆེན་ཟེར་ནའང་འདི་རེད་སྙམ་སྟེ་ང་རང་ངོ་མ་སེམས་གཏིང་ནས་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལ་དད་པ་ཞིག་སྐྱེས་སོང་། འཇིག་རྟེན་འདི་ནས་མི་ལུས་ཤིག་བླངས་པ་ལ་དེ་འདྲའི་གོ་ཞིག་ཆོད་རྒྱུ་མེད་ཀི་བསམ་ནས་ང་རང་སེམས་འགུལ་ཚད་མེད་ཐེབས་སོང་།  དེ་ནས་ངའི་བསམ་པར་ཁོང་མི་གཅིག་གིས་བོད་མི་རིགས་ལ་འདི་འདྲའི་རླབས་ཆེན་གྱི་ལས་དོན་སྒྲུབ་བཞིན་ཡོད་ན།ང་ཚོས་འདི་ལ་སྒོར་ཁྲི་ཙམ་གྱིས་རོགས་སྐྱོར་ཡང་མི་ཐུབ་ན་ངོ་གནོང་དགོས་པའི་གནས་རེད་སྙམ་སྟེ།  ངས་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ཁོང་ལ་དངོས་སུ་ཁ་པར་བཏང་ནས་རང་ལ་རྒྱུ་ཞིག་དང་དབང་ཞིག་ཡོད་རག་བར་ཁྱེད་ཀྱི་སློབ་གྲྭར་ལོ་རེར་སྒོར་ཁྲི་རེས་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་ཁས་བླངས་པ་ཡིན། ངོ་མ་ཁོང་ནི་བོད་མི་རིགས་ལ་བཀའ་དྲིན་ཆེ་བའི་རླབས་ཆེན་གྱི་སྐྱེས་བུ་ཟེར་བ་རེད།  

   གསར་འགོད་པ། ཉིད་ཀྱིས་རང་ཉིད་ཀྱི་ཁྱིམ་ཚང་འདི་ལྟར་རྒྱས་སྤྲོས་སོགས་ཅི་ཡང་མེད་པར་ཕྱི་བལྟས་ཀྱིས་འཚོ་བ་ཧ་ལས་པའི་ཐབས་ཆག་རོལ་བཞིན་འདུག    ཁྱོད་ཀྱིས་འདིའི་ཕྱོགས་ནས་བསམ་བློ་ཇི་ལྟར་བཏང་བ་ཡིན།     

   ཐུབ་ཁོ།  ངས་ཁང་བ་ཧ་ལས་པ་སྟོབས་ཆེན་ཕུབ་པ་དང་།  ནང་དུ་བཅའ་ལག་རྩ་ཆེན་འཇོག་པ་སོགས་གཏན་ནས་བྱ་མི་བསམ།  ངས་རང་གི་ཕ་མའི་རིང་གི་ཁང་བ་དང་བཅའ་ལག་བཀོལ་ནས་འཚོ་བ་སྐྱེལ་གྱིན་ཡོད།  ང་ལ་མཚོན་ན་དེས་མི་ཆོག་པ་ཅི་ཡང་མེད།     ཁང་བ་གསར་བ་ཕུབ་པ་དང་བཅའ་ལག་གསར་བ་ཙམ་ནང་དུ་བསྒྲིགས་པའི་ཆ་རྐྱེན་ནི་ད་ལྟ་ང་ལ་ཡོད།  ཡིན་ཡང་ངས་བསམ་པར་ཁང་བ་སྟོབས་ཆེན་ཞིག་ཕུབ་ནས་ནང་དུ་བཅའ་ལག་རྩ་ཆེན་ཞིག་བསྒྲིགས་པ་ཡིན་ན། དེང་གི་སྤྱི་ཚོགས་ཀྱི་འཕོ་འགྱུར་ནི་ལོ་རེ་བཞིན་འགྱུར་ནས་འགྲོ་བཞིན་ཡོད་པས།  ནམ་ཞིག་ལ་ངས་ལས་ཚད་དང་ཉོས་ཚད་པོ་ཐམས་ཅད་ངའི་བུ་ཕྲུག་ཚོར་མི་མཁོ་བ་ཐག་ཆོད་རེད།   མ་ཟད་ང་ལ་ཉིན་རེ་བཞིན་གད་བདར་བྱེད་པ་སོགས་དོན་མེད་ཀྱི་ལས་ཀ་ཇེ་མང་ལ་འགྲོ་བ་ཙམ་ལས་ང་ལ་ཕན་ཐོགས་ཅི་ཡང་མི་འདུག     དེ་བས་ཁང་བ་རྙིང་རུལ་འདིའི་ནང་ནས་གང་བསམ་དུ་བསྡད་པ་ཡིན། ཐ་ན་ཨོང་བ་ཡང་ཁང་བའི་ནང་དུ་བླུག་ནས་བཞག་པ་ཡིན།       གཞུང་ཕྱོགས་ཀྱི་གསར་འགོད་པ་དག་ང་ལ་བཅར་འདྲི་བྱེད་དུ་ངའི་ཁྱིམ་ལ་ཡོང་དུས།  ཁོ་ཚོས་ངའི་འཚོ་བའི་གནས་སྟངས་མཐོང་ནས་ཧ་ལས་ཀྱིན་འདུག   ཁྱོད་ཀྱི་འཚོ་བའི་གནས་བབ་འདི་འདྲའི་སྡུག་པོ་ཐབས་ཆག་ཅིག   ཅིའི་ཕྱིར་རང་ཉིད་རྒྱས་སྤྲོས་མི་བྱེད་པར་གཞན་ལ་རོགས་རམ་ལ་འབད་པ་ཡིན་ཞེས་མཚར་སྣང་ངང་འདྲི་མཁན་མང་གི  དེར་ང་ལ་མཚོན་ན་གསལ་བཤད་རྒྱག་རྒྱུ་མང་བོ་མེད།    ངས་ཁོ་ཚོར་དེ་ནི་ང་རང་གི་དགའ་ཕྱོགས་རེད།   ངས་རང་ཉིད་ཀྱི་སྟེང་ལ་སྒོར་མོ་ལྷག་མ་གཏོང་བ་ལས་གཞན་ཞིག་ལ་རོགས་རམ་བྱས་པ་ཡིན་ན་སེམས་ནས་ཧ་ཅང་སྐྱིད་གི་ཞེས་ལན་བཏབ་པ་ཡིན།      ད་དུང་ཁོ་ཚོས་ཁྱོད་རང་ཁང་བ་བཅའ་དག་ཅིག་གི་ནང་ལ་སོང་ནས་བརྙན་དང་པར་བླངས་ན་ཟེར་གིན་འདུག   ང་ལ་མཚོན་ན་ངའི་འཚོ་བ་དང་གནས་བབ་ཡག་ན་བཙོག་ན་འདི་རེད།  ང་འདི་ལ་དགའ་གི    འདི་ལ་བཟོ་བཅོས་དང་རྫུན་བཤད་དགོས་དོན་མེད།  ལེན་བསམ་ན་ལོངས་ཞོག  མི་ཐུབ་ན་སྐྱུར་ཞོག་ཞེས་བཤད་པ་ཡིན།     དོན་ངོ་མ་ཡང་དེ་ལྟར་ཡིན།   

   གསར་འགོད་པ།    ཁྱོད་ཀྱིས་རང་གི་རྒྱུ་ནོར་ཡོད་ཚད་འདི་ལྟར་གཞན་ལ་རོགས་རམ་དུ་བཏང་ནས་རང་གི་ཁྱིམ་ཚང་ཐབས་ཆག་ཏུ་བསྡད་ན།  ཁྱེད་ཀྱི་བཟའ་མི་རྣམས་འཐད་པ་ཡིན་ནམ།   འདིའི་ཕྱོགས་ནས་ཁྱེད་ཀྱི་་ཁྱིམ་ཚང་ལ་འགལ་བ་འདྲ་མི་ཡོང་ངམ།    འདིའི་ཕྱོགས་ནས་ཁ་བརྡ་ཞིག་བྱས་ན།  

   ཐུབ་ཁོ།  ངའི་བཟའ་ཟླ་དང་བུ་ཕྲུག་རྣམས་ཀྱིས་ཀྱང་ངའི་བསམ་ཕྱོགས་དང་ལས་ཀ་འདི་ལ་རྒྱབ་སྐྱོར་ཡོད།   ཁོང་ཚོས་ཀྱང་རང་ཉིད་ཁོ་ན་ཡག་དགོས་རྒྱན་དགོས་མི་ཟེར། ངའི་བསམ་ཚུལ་དང་ལས་ཀ་སོགས་ཀྱང་དེ་ནི་ཁྱེད་ཀྱི་བསམ་ཕྱོགས་རེད།  དེ་ལྟར་གྱིས་ཤིག་ཅེས་ཡོངས་སུ་དང་ལེན་དང་རྒྱབ་སྐྱོར་དཔེ་མེད་བྱས་ནས་ང་ལ་དབང་ཆ་སྟེར་གྱིན་འདུག        བུ་མོའི་རེ་བར་ངའི་ཨ་མ་ལོ་ལོན་ལ་ཁང་བ་སྤུས་དག་ཅིག་ལས་རོགས་ཟེར།   དེ་ངས་དང་ལེན་མ་བྱས།  ངེད་མ་བུ་གཉིས་ཀྱི་རིང་ལ་འདི་ལྟར་བསྡད་ན་བཟང་།  དེ་ཨ་ཕ་ངའི་བསམ་ཕྱོགས་ཡིན་ཞེས་བཤད་པ་ཡིན།    ང་ལ་སྒོ་ཟོག་སུམ་བརྒྱ་ཙམ་ཡོད།  དེ་ལ་ངེད་བཟའ་མི་ཚང་མས་སྟོབས་ཆེན་ཧུར་བརྩོན་བྱས་པ་ཡིན།  ངས་བཟའ་ཟླ་དང་བྱིས་པ་ཚོར་ཡང་འདི་ལ་སྟོབས་ཅན་ཤུ་རེ་བྱོས་ཞེས་བཤད་པ་ཡིན།  དེ་མེད་དུས་ངེད་བཟའ་མི་ཚོའི་ཕོ་བ་ལྟོགས་འགྲོ་བར་མ་ཟད།   གཞན་ལ་རོགས་རམ་བྱེད་མི་ཐུབ་པ་དང་། ཐ་ན་ངེད་བཟའ་མི་ཚོ་ཡར་མར་ལ་མཆོད་མཇལ་ཙམ་དུའང་འགྲོ་མི་ཐུབ་ཀི  དེ་ཡིན།    མང་བོ་ཞིག་གིས་ང་ལ་ད་ཁྱེད་ཀྱིས་བྱིས་པ་ཚོར་འདང་རྒྱོབས་ཟེར།   ད་ལྟའི་ངའི་རྒྱུ་ནོར་འདིས་བྱིས་པ་ཚོར་མི་འདང་རྒྱུ་ཞིག་མེད་གི་བསམ་ཡོད།   ཁོ་ཚོར་འབད་བརྩོན་དང་རྒྱུ་ནོར་གྱི་བསོད་ནམས་མེད་ན་ངས་དངུལ་སྒོར་ཁང་བ་གང་བསགས་ཡོད་ཀྱང་ཁོ་ཚོའི་ལག་ནས་མི་འགྱང་བར་སྟོང་ངེས།   ཁོ་ཚོ་ངར་ན་ངས་ཕྱུགས་ཟོག་ཉི་ཤུ་སུམ་ཅུ་རེ་བགོས་པས་ཆོག   དེས་ཕྱུག་འགོ་འབུད་ངེས།  ངས་དེ་ལྟར་བསམ་ཡོད།   སྤྱིར་ངས་ཁོ་ཚོར་ནམ་ཡང་ཡོན་ཏན་དགའ་ཟིག་སྦྱོངས་དང་།   ཁྱེད་ཚོ་ཡོན་ཏན་སྦྱོང་བར་སློབ་གྲྭ་གང་ལ་འགྲོ་དགོས་ནའང་སོང་དང་།    ཨ་ཕས་ཁྱེད་ཚོར་གཡོག་ཅི་འདྲ་བྱ་དགོས་ནའང་སྟོབས་ཀི་བྱ་ངེས་ཡིན་ཞེས་བཤད་པ་ཡིན།   ཡོན་ཏན་ཡག་པོ་ཞིག་ཡོད་པས།  དེས་ནམ་ཡང་བསླུ་ནི་མ་རེད།  རྒྱུ་འབྱོར་བ་ཡང་ཞོར་ལ་ཡོང་ངེས་ཞེས་ངས་ཁོ་ཚོར་མང་བོ་བཤད་མྱོང་།   ཡིན་ཡང་ཁོ་ཚོས་སློབ་སྦྱོང་ལ་དེ་འདྲ་འབད་བརྩོན་མི་བྱེད།  

   གསར་འགོད་པ།   རེད་ལགས།    ཐེངས་འདིའི་བཅར་འདྲི་དང་ལེན་གནང་བར་བཀའ་དྲིན་ཆེ།   ཁྱེད་ཀྱི་དགེ་ལས་འདི་མུ་མཐུད་དུ་གནས་པ་དང་མཛད་འཕྲིན་རྒྱས་པར་སྨོན།   ཁ་དྲོ།  བཀྲ་ཤིས།   

   ཐུབ་ཁོ།  ཡ་ཡ།  ཁྱེད་ཅག་ལའང་བཀའ་དྲིན་ཆེ།  ཁ་དྲོ།  


འབྲོག་པ་དགེ་ལས་པ་ཐུབ་ཁོ་ལགས།  


དགེ་ལས་པ་ཐུབ་ཁོ་ལགས་ལ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་བཀའ་དྲིན་ཞུ་རྟེན་ཕུལ་བ། 


དགེ་ལས་པ་ཁོང་ལ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བའི་གསར་འགོད་པས་བཅར་འདྲི་བྱེད་བཞིན་པ། 


དགེ་ལས་པ་ཁོང་གི་བཟའ་ཟླ་དང་བུ་ཕྲུག  


དགེ་ལས་པ་ཁོང་གི་ཁྱིམ་གྱི་འཚོ་བའི་གནས་བབ། 


དགེ་ལས་པ་ཁོང་གི་ཁྱིམ་གྱི་འཚོ་བའི་གནས་བབ།


དགེ་ལས་པ་ཁོང་གི་ཁྱིམ་གྱི་འཚོ་བའི་གནས་བབ།


དགེ་ལས་པ་ཁོང་གི་ཁྱིམ་གྱི་འཚོ་བའི་གནས་བབ།


དགེ་ལས་པ་ཁོང་གི་ཁྱིམ་གྱི་འཚོ་བའི་གནས་བབ།


དགེ་ལས་པ་ཁོང་གི་ཁྱིམ་གྱི་འཚོ་བའི་གནས་བབ།


དགེ་ལས་པ་ཁོང་གི་ཁྱིམ་གྱི་འཚོ་བའི་གནས་བབ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 52u8 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  འབྲོག་ཁུལ་གྱི་དགེ་ལས་པ་རླབས་ཆེན་ཞིག   སྤེལ་མཁན།: དྷཱི་ཡིག སྤེལ་དུས:2020/10/7
ཡི་རང་།
  འབྲོག་ཁུལ་གྱི་དགེ་ལས་པ་རླབས་ཆེན་ཞིག   སྤེལ་མཁན།:  སྤེལ་དུས:2020/10/7
མ་ཡུམ་སློབ་གླིང་གི་དགེ་སློབ་ཡོངས་ཀྱི་སྐུ་ཚེའི་རྒྱལ་མཚན་བརྟན་ཞིང་མཛད་འཕྲིན་ཕྱོགས་བཅུར་ཁྱབ་པའི་སྨོན་འདུན་དང་སྐུ་ཞབས་ཐུབ་ཁོ་ལགས་ལ་བཀའ་དྲིན་སྙིང་ནས་ཞུ།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23481170
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།