འཛིན་བདག་དགེ་རྒན་ཞིག་གི་བཀའ་དྲིན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 16 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »འཛིན་བདག་དགེ་རྒན་ཞིག་གི་བཀའ་དྲིན།
འཛིན་བདག་དགེ་རྒན་ཞིག་གི་བཀའ་དྲིན།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2020-09-23ལྟ་ཀློག (6097)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཟམ་ཚ་བསྟན་འཛིན་སེངྒེ

     སྤྱི་ལོ་༢༠༠༨ལོའི་ཟླ་༩བའི་ཚེས་༩ཉིན་བདག་ཐོག་མར་རྭ་རྒྱའི་སློབ་གྲྭའམ་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དམའ་རིམ་འཛིན་གྲྭ་གཉིས་པར་ཞུགས་པ་ཡིན། ད་ལྟ་ཞིབ་འདང་བརྒྱབ་ན་ཕལ་ཆེར་དངོས་སུ་སློབ་གྲྭར་ཞུགས་པའི་ཐོག་མའི་གཟའ་མཇུག་གི་སྤྱི་སྡོམ་ཚོགས་འདུའི་ཉིན་མོ་དེ་ཡིན་ཤས་ཆེ། སློབ་གྲྭའི་གཞུང་ནས་སྐུ་གཟུགས་ཅུང་ཆེ་ཞིང་ཞལ་དཀྱིལ་ལ་སྨུག་མདངས་ཆགས་པའི་རྭ་རྒྱ་དགོན་པའི་དགེ་སློང་ཞིག་ངེད་ཅག་གི་འཛིན་བདག་དགེ་རྒན་དུ་བསྐོ་བཞག་གནང་འདུག སྐབས་དེར་མ་ཡུམ་སློབ་གྲྭའི་བྱེད་པོ་དམ་པ་དགེ་རྒན་འཇིགས་མེད་རྒྱལ་མཚན་མཆོག་གིས་དངོས་སུ་མཚམས་སྦྱོར་གནང་སྟེ།  ཁོང་གི་མཚན་ལ་འཇམ་དབྱངས་དཔལ་བཟང་ཟེར་ཞིང་རྭ་རྒྱ་དགོན་པའི་གྲྭ་བ་ཡིན། དེ་རིང་ནས་བཟུང་དམའ་རིམ་འཛིན་གྲྭ་གཉིས་པའི་འཛིན་བདག་དགེ་རྒན་གྱི་ལས་འགན་འཁུར་མཁན་ཁོང་ཚང་ཡིན་ཞེས་གསུངས།

      ཉི་མ་དེར་ཆ་མེད་རྒྱུས་མེད་ཀྱི་རྭ་རྒྱའི་ལུང་བ་ནས་འཛིན་བདག་དགེ་རྒན་འཇམ་དབྱངས་དཔལ་བཟང་མཆོག་ཐོག་མར་ངོ་ཤེས་པ་ཡིན།  སྐབས་དེའི་གནས་ཚུལ་ཞིབ་ཕྲ་བརྗེད་ངེས་ཀྱི་དབང་དུ་གྱུར་ཟིན་པས་མི་དྲན་མོད།  འོན་ཀྱང་། འཛིན་བདག་དགེ་རྒན་ཁོང་གིས་ང་ཚོའི་སེམས་ཀྱི་ཟབ་སར་བཞག་པའི་བག་ཆགས་རེ་ཟུང་ད་དུང་ཡང་ཡིད་ནས་བརྗེད་ཐབས་གཏན་ནས་མི་འདུག  སྤྱིར་བཏང་འཛིན་བདག་དགེ་རྒན་ཕལ་བ་ཞིག་ལ་མཚོན་ན། སློབ་ཁང་གི་ཕྱི་ནང་ཙམ་དང་སློབ་གྲྭའི་ར་སྐོར་ནང་ནས་དཔེ་ཁྲིད་ཀྱི་ཞོར་དུ་རང་གི་སློབ་མ་ཚོར་བསླབ་བྱ་ཕྲན་བུ་རེ་གནང་རྒྱུ་ཙམ་དང་། འཛིན་གྲྭའི་སྤྱི་སྡོམ་གྱི་སྐབས་སུ་སློབ་སྦྱོང་ལ་བཟང་ཞིང་ཀུན་སྤྱོད་ལེགས་པའི་སློབ་མ་ཚོར་གཟེངས་བསྟོད་དང་སྐུལ་མ་རེ་གཏོང་རྒྱུ། དེ་བཞིན་དུ་སྒྲིག་འགལ་བ་རེ་ཟུང་བྱུང་ཚེ་དེ་དག་ལ་འོས་འཚམ་གྱི་ཆད་པ་རེ་གཅོད་རྒྱུ་དང་། ཐབས་ལམ་གང་རུང་ཞིག་བེད་སྤྱད་ནས་དེ་དག་ལ་བསམ་བློའི་སློབ་གསོ་རེ་གཏོང་རྒྱུ་ནི་སློབ་གྲྭ་སྤྱིའི་འགྲོ་ཕྱོགས་ལྟ་བུར་ཆགས་འདུག་པ་འདིར་མ་སྨྲས་ཀྱང་ཀུན་གྱིས་མཁྱེན་གསལ་ལྟར་ལགས།

      འོན་ཏེ། ངེད་ཅག་གི་འཛིན་བདག་དགེ་རྒན་འཇམ་དབྱངས་དཔལ་བཟང་མཆོག་ལ་མཚོན་ན། གོང་དུ་བཤད་པའི་སྤྱིར་བཏང་གི་འཛིན་བདག་དགེ་རྒན་ཕལ་བ་ཞིག་གིས་སློབ་གྲྭའི་ར་སྐོར་ནང་ནས་རང་གི་སློབ་མ་ཚོའི་བསམ་བློ་དང་ཀུན་སྤྱོད། སློབ་སྦྱོང་དང་བདེ་ཐང་སོགས་ལ་འགན་སྲུང་བྱས་པ་ཙམ་མ་ཡིན་པར། ནམ་རྒྱུན་སུན་པ་མེད་པར་ཞལ་འཛུམ་པ་དང་བཅས་ངེད་ཅག་ལ་ཆོས་སྲིད་ལུགས་གཉིས་དང་མཐུན་པའི་བསླབ་བྱ་གྲངས་ཀྱིས་མི་ཟིན་པ་ཞིག་གནང་མྱོང་བ་སུས་ཀྱང་བསྙོན་དུ་མེད་ལ། བསླབ་བྱ་གནང་བཞིན་པའི་སྐབས་ཀྱི་ཁོང་གི་ལུས་ངག་གི་རྣམ་འགྱུར་རྐྱང་བས་ཀྱང་སློབ་མ་ཚོའི་ཡིད་ཀྱི་དང་བ་འདྲེན་ཐུབ་པའི་ཁྱད་ཆོས་ལྡན། དེར་མ་ཟད་ཁོང་རང་ཉིད་ཀྱི་ཚོགས་སྐལ་རྐྱང་རྐྱང་བསགས་པའི་སྒོར་མོ་མི་ཉུང་བ་ཞིག་གིས། རྟག་པར་འཚོ་བར་དཀའ་ངལ་ཆེ་བའི་སློབ་མ་ཚོར་དཔལ་འབྱོར་གྱི་མཐུན་རྐྱེན་གང་ལེགས་སྦྱར་བའང་ཐེངས་རེ་གཉིས་ཙམ་ག་ལ་ཡིན། གཞན་ཡང་། གྲང་ངར་ཧ་ཅང་རྒོད་པའི་ཉིན་ཞིག་གི་ངལ་གསོའི་སྐབས་སུ་ངེད་འཛིན་གྲྭའི་ནང་ནས་བདག་དང་བདག་ལྟ་བུའི་གྲྭ་རྐྱང་ཕལ་བ་དག་གིས་གྱོན་བཞིན་པའི་རྙིང་ཧྲུལ་དུ་གྱུར་བའི་གཟན་ཤམ་དག་མཐོང་ཚེ།  ཐུགས་ཀྱིས་མ་བཟོད་པར་ཆེད་དུ་ངེད་ཅག་ཁོང་གི་གཟིམ་ཤག་ཏུ་བོས་ནས།  ཁོང་གིས་གསར་དུ་ཉོས་པའི་གཟན་ཤམ་ཚང་མ་ཚོང་རྫས་བཀྲམ་པ་ལྟར་བཤམས་ནས། ངེད་ཅག་ལ་གང་མཁོ་མཁོ་ཐམས་ཅད་སྦྱིན་པ་བཏང་བའི་ཚུལ་དེ་ངོ་མ་བརྗེད་ཐབས་ཤིག་ཡེ་ནས་མི་འདུག  དབྱར་གནང་དང་དགུན་གནང་གི་སྐབས་སུ་སློབ་གྲོགས་ཚོ་ཕྱིར་རང་རང་གི་ཕ་ཡུལ་དུ་ལོག་སྐབས། ལམ་ནས་རླངས་འཁོར་གྱི་གླ་ཆ་དང་ཟས་རིན་ཙམ་འདང་མིན་སོགས་ཀྱི་ཐད་ནས་སྒོར་མོའི་དཀའ་ངལ་ཅན་གྱི་སློབ་མ་རྣམས་ལ། ཆེད་དུ་ཁོང་གིས་ད་ལྟ་ངའི་ལག་ཏུ་སྒོར་མོ་ཁ་ཤས་ཡོད་པས། ང་ལ་དགོས་དོན་མི་འདུག སློབ་མ་སུ་ལ་ཕྱིར་ཕ་ཡུལ་དུ་འགྲོ་བའི་རླངས་འཁོར་གྱི་ལམ་གླ་དང་ཟས་རིན་གྱི་ཕྱོགས་ནས་དཀའ་ངལ་བྱུང་ཚེ་ཐད་ཀར་ཁོང་གིས་སྟེར་ཡ་གསུངས་ནས། སྒོར་མོའི་དཀའ་ངལ་ཅན་གྱི་སློབ་མ་རེ་རེ་བཞིན་ཁོང་གིས་དངོས་སུ་ལམ་ལ་ཕུད་པ་ནི་དོན་གྱིས་ཕ་མ་བཟང་བོས་རང་གི་བུ་ཕྲུག་ལ་གཅེས་སྐྱོང་བྱས་པ་ལྟ་བུའི་ངང་ཚུལ་ལས་མ་འདས། དེར་མ་ཟད། གློ་བུར་དུ་འཛིན་གྲྭའི་ནང་གི་སློབ་མ་ཞིག་གམ་ཡང་ན་སློབ་མའི་ཁྱིམ་བདག་སོགས་ལ་དོན་རྐྱེན་རེ་བྱུང་ཚེ། འཛིན་བདག་དགེ་རྒན་འཇམ་དབྱངས་དཔལ་བཟང་མཆོག་གིས་སྣེ་ཁྲིད་དེ་སློབ་གྲོགས་ཚང་མས་དེ་ལ་ཕྱོགས་གང་ཐད་ནས། ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་གོམས་གཤིས་ཤིག་སྐབས་དེ་ནས་བཟུང་སློབ་གྲོགས་ཚང་མའི་སེམས་སུ་འཇགས་ཡོད་པ་ད་ལྟའི་བར་དུ་རྒྱུན་རྩ་བ་ནས་ཆད་མ་མྱོང་།

     དེ་ལྟར་ལོ་ངོ་ཧྲིལ་བོ་ལྔའི་ཡུན་ལ་འཛིན་བདག་དགེ་རྒན་འཇམ་དབྱངས་དཔལ་བཟང་མཆོག་གི་བྱམས་བརྩེ་དང་ཐུགས་རྗེའི་མཐུ་འོག་ནས་རིམ་གྱིས་འཚར་ལོངས་བྱུང་བའི་སྐལ་བཟང་མངོན་དུ་ཤར་བ་ནི། གྲྭ་རྐྱང་བདག་གི་མི་ཚེའི་རྒྱུད་རིམ་ཁྲོད་ཀྱི་ཆེས་བླ་ན་མེད་པའི་བསོད་ནམས་རླབས་པོ་ཆེ་ཞིག་ཏུ་མཐོང་ཡོད།

      མདང་དགོང་ཡང་བདག་སྔ་ས་ནས་ངལ་གསོ་བྱས་ཟིན་པས་འཛིན་བདག་དགེ་རྒན་འཇམ་དབྱངས་དཔལ་བཟང་མཆོག་ངེད་ཁ་བ་རུ་བའི་སློབ་གྲོགས་ཀྱི་ཚོམས་སུ་ཕེབས་པའང་དངོས་གནས་མ་ཤེས། དེ་རིང་ཞོགས་པའི་ཆུ་ཚོད་༠༤:༤༠སྟེང་ཡར་ལངས་ཞོར་ཁ་བ་རུ་བའི་སློབ་གྲོགས་ཀྱི་ཚོམས་སུ་བལྟས་པ་ན། སློབ་གྲོགས་མི་ཉུང་བ་ཞིག་གིས་ཕྱག་ཐལ་མོ་སྦྱར་ནས་འཛིན་བདག་དགེ་རྒན་འཇམ་དབྱངས་དཔལ་བཟང་མཆོག་གིས། མདང་དགོང་ཁ་བ་རུ་བའི་སློབ་གྲོགས་ཀྱི་ཚོམས་སུ་གནང་བའི་བསླབ་བྱ་ཆ་ཚང་ལ་ཉན་ཟིན་པའི་བརྡ་མཚོན་པར་བྱས་འདུག དེ་ནས་བདག་གིས་ཀྱང་ཁ་ལག་འཁྲུད་མཚམས་བཞག་སྟེ་ཉལ་སའི་ནང་ནས་སྐྱིལ་ཀྲུང་གིས་འཛིན་བདག་དགེ་རྒན་མཆོག་གིས་ངེད་ཁ་བ་རུ་བའི་སློབ་མ་ཚོར་གནང་བའི་བསླབ་བྱའི་མགོ་མཇུག་ཆ་ཚང་ལ་ཐེངས་ཁ་ཤས་ཉན་པ་ཡིན། ཁོང་གིས་ཐོག་མར་ཡུན་རིང་ཞིག་ལ་ཕན་ཚུན་དངོས་སུ་མཇལ་མ་ཐུབ་པའི་སློབ་མ་ཚང་མས་ད་ལྟ་རང་རང་ས་ན་ཕྱག་ལས་ཅི་དང་གང་གནང་གི་ཡོད་མེད་སོགས་དང་འབྲེལ་ནས་འཚམས་འདྲི་བྱས་ཤིང་། དེ་ནས་སློབ་མ་ཚང་མས་མུ་མཐུད་དུ་རང་རང་ས་ནས་སློབ་སྦྱོང་ལ་འབད་བརྩོན་གནང་རྒྱུ་དང་ཡ་རབས་ཡོན་ཏན་ཅན་རྣམས་ལ་ནམ་ཡང་ཁ་མིག་ཡར་ལྟ་བྱེད་རྒྱུ།  ག་དུས་ཡིན་ཡང་རང་རང་གི་ཕ་མ་དང་དགེ་རྒན་ལ་བརྩི་འཇོག་བྱ་དགོས་ཚུལ། ཁྱད་པར་དུ་སློབ་མ་ཚང་མས་དུས་རབས་ཉེར་གཅིག་པ་དང་མཐུན་པའི་སྤྱི་ཚོགས་ལ་ཞབས་འདེགས་གང་ནུས་ཞུ་རྒྱུ། སྐྱ་སེར་ཚང་མས་རང་རང་ས་ནས་སྔར་བྱས་པའི་ལས་མི་དགེ་བའམ་སྡིག་པའི་ལས་ལ་སེམས་གཏིང་ནས་འགྱོད་བཤགས་བྱ་རྒྱུ་དང་། མ་འོངས་པར་སློབ་མ་ཚོས་ལས་རིགས་གང་དང་གང་ཞིག་གཉེར་ཡང་། གཙོ་བོ་ལས་འབྲས་ཀྱི་རྣམ་བཞག་དང་མ་འགལ་བར་ཡུལ་དུས་ཀྱི་དགོས་མཁོ་དང་མཐུན་པའི་སྒོ་ནས་རང་ཉིད་ཀྱི་འཚོ་བ་སྐྱེལ་ཐབས་ལ་འབད་པ་གནང་རྒྱུ། དེ་ལྟར་བསམ་བློ་སྤུས་དག་ཅིག་དང་ཀུན་སྤྱོད་གཙང་མ་ཞིག་གཞིར་བཞག་སྟེ་སློབ་མ་སོ་སོས་རང་རང་གི་མི་ཚེ་འཛུམ་གྱིས་བསུ་བར་ཐུགས་སྨོན་སྐྱབས་འཇུག་དང་བཅས། གསེར་སྲང་སྟོང་ལས་ལྷག་པའི་བསླབ་བྱ་གྱ་ནོམ་པ་གནང་འདུག་པས། རང་དབང་མེད་པར་སེམས་ཀྱི་རྟ་ཕོ་སླར་ཡང་མ་ཡུམ་སློབ་གྲྭའི་ཕྱོགས་སུ་འདུར་དགོས་བྱུང་།

      སྤྱིར་དེང་དུས་ཀྱི་སྤྱི་ཚོགས་སློབ་གྲྭ་ཞིག་ལ་ཆ་བཞག་ན་སློབ་གྲྭ་གང་ཡིན་པ་དེའི་ནང་ནས་སློབ་མཐར་ཕྱིན་རྗེས། རིམ་གྱིས་དགེ་སློབ་གཉིས་ཆ་ནས་བར་ཐག་རིང་ནས་རིང་དུ་ཕྱིན་པ་ཆོས་ཉིད་ལྟ་བུར་སྣང་མོད། ངེད་ཅག་ཁ་བ་རུ་བའི་ཕུ་ནུ་གྱ་བདུན་པོ་མ་ཡུམ་སློབ་གླིང་ནས་སློབ་མཐར་ཕྱིན་ནས་མི་ལོ་ཧྲིལ་བོ་བདུན་ལྷག་འདས་ཟིན་ནའང་། ད་དུང་སྔར་བཞིན་སློབ་གྲྭ་གཅིག་གི་ར་སྐོར་དང་སློབ་ཁང་གཅིག་གི་ནང་དུ་གནས་ཡོད་པ་ལྟ་བུའི་བརྩེ་སེམས་དར་དཀར་གྱི་མདུད་པ་དམ་དུ་སྦྲེལ་འདུག་པ་ནི་ཇི་འདྲའི་དགའ་འོས་པའི་གནས་ཤིག་རེད་ཨང་།

     མ་གཞི་འཛིན་བདག་དགེ་རྒན་འཇམ་དབྱངས་དཔལ་བཟང་མཆོག་གི་བཀའ་དྲིན་རྒྱ་མཚོ་ལྟ་བུ་ལས་འདིར་ཆུ་རྡུལ་གྱི་ཆ་ཙམ་ཞིག་མགྱོགས་མྱུར་གྱིས་ཡིག་ཐོག་ཏུ་བཀོད་པ་ཙམ་ལས། འདི་ཙམ་གྱིས་ག་ལ་ཚད། ཡིན་ནའང་། ལས་བྲེལ་གྱི་དབང་གིས་རེ་ཞིག་འདི་ཙམ་གྱིས་འཐུས་པར་མི་བྱེད་ཐབས་མེད་བྱུང་། མཐར་འཛིན་བདག་དགེ་རྒན་འཇམ་དབྱངས་དཔལ་བཟང་མཆོག་གཙོས་དགེ་རྒན་ཡོངས་དང་ཁ་བ་རུ་བའི་སློབ་གྲོགས་ཡོངས་ཀྱི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་སྔར་ལས་རྒྱས་པའི་བཀྲ་ཤིས་སྨོན་འདུན་སྙིང་ནས་ཞུས་པ་ལགས།

      ཞེས་སྤྱི་ལོ་༢༠༢༠ལོའི་ཧོར་ཟླ་༨པའི་ཚེས་༧ཉིན་རང་ཤག་དཔེ་མང་བརྩིགས་པའི་གྱང་རྩ་ནས་ཟམ་ཚ་བསྟན་འཛིན་སེངྒེས་སྦྱར།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། fc5i བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  འཛིན་བདག་དགེ་རྒན་ཞིག་གི་བཀའ་དྲིན།   སྤེལ་མཁན།: དབང་རྡོར། སྤེལ་དུས:2020/9/23
སློབ་གླིང་བཟང་པོ། དགེ་རྒན་བཟང་པོ། སློབ་མ་བཟང་པོ། བཟང་པོ་བརྒྱ་འཛོམས། ནམ་ཡང་ཡིད་ཀྱི་སྨོན་པར་གྱུར་ཡོད། ཤེས་རིག་སློབ་གླིང་ནམ་ཡང་བརྟན་གྱུར་ཅིག
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23480104
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།