ཕ་སྐད་སློབ་གསོ་ནི་སྤྱི་དམངས་ལ་སློབ་གསོ་འཐོབ་པའི་ཁེ་དབང་འདྲ་མཉམ་གྱི་རྨང་གཞི་ཡིན་པར་སྨྲ་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »ཕ་སྐད་སློབ་གསོ་ནི་སྤྱི་དམངས་ལ་སློབ་གསོ་འཐོབ་པའི་ཁེ་དབང་འདྲ་མ
ཕ་སྐད་སློབ་གསོ་ནི་སྤྱི་དམངས་ལ་སློབ་གསོ་འཐོབ་པའི་ཁེ་དབང་འདྲ་མཉམ་གྱི་རྨང་གཞི་ཡིན་པར་སྨྲ་བ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2020-09-18ལྟ་ཀློག (683)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཕ་སྐད་སློབ་གསོ་ནི་སྤྱི་དམངས་ལ་སློབ་གསོ་འཐོབ་པའི་ཁེ་དབང་འདྲ་མཉམ་གྱི་རྨང་གཞི་ཡིན་པར་སྨྲ་བ།

ས་ཡུལ་ཁྲོ་བོ་རྒྱལ་མཚན་གྱིས་བརྩམས། ཆབ་བྲག་གདུགས་དཀར་གྱིས་བསྒྱུར།

     གཅིག གནད་དོན་འདོན་པ།   སློབ་གསོ་འཐོབ་པའི་ཁེ་དབང་འདྲ་མཉམ་གྱི་གནད་དོན་ནི།   སློབ་གསོ་མཁས་པ་ཡོད་ཚད་དང་།   རྒྱལ་ཁབ་སྲིད་གཞུང་དང་སྲིད་གཞུང་གི་སློབ་གསོའི་དཔོན་ཁག དེ་མ་ཟད་སློབ་གསོ་ལ་ཐུགས་ཁུར་དང་དོ་སྣང་བགྱི་བའི་སྤྱི་ཚོགས་མི་སྣ་ཀུན་གྱིས་ཐེ་ཚོམ་མེད་པར་ལོས་དགོས་འདོད་ཀྱིན་པའི་གནད་དོན་ཅིག་རེད་ཅེས་ཧ་ལམ་ཤོད་ཆོག་ལ།   དེང་རབས་ཀྱི་བདག་དབང་རྒྱལ་ཁབ་ཐམས་ཅད་ཀྱིས་ཀྱང་སློབ་གསོ་འཐོབ་པའི་ཁེ་དབང་འདྲ་མཉམ་གནད་དོན་ནི།   སྤྱི་དམངས་ཀྱི་ཆེས་རྩ་བའི་ཁེ་དབང་དུ་བརྩིས་ནས་རང་རང་སོ་སོའི་རྩ་ཁྲིམས་དང་སློབ་གསོའི་ཁྲིམས་སྲོལ་ནང་དུ་བྲིས་ཡོད་ཅེས་ཧ་ལམ་ཤོད་ཆོག་པ་རེད།   མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་སྔ་མོ་ནས་སློབ་གསོ་འཐོབ་པའི་ཁེ་དབང་འདྲ་མཉམ་གནད་དོན་དེ་མིའི་རིགས་ཀྱི་ཆེས་ཡོངས་ཁྱབ་དང་ཆེས་རྩ་བའི་འགྲོ་བ་མིའི་ཐོབ་ཐང་དུ་བརྩིས་ནས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་འགྲོ་བ་མིའི་ཐོབ་ཐང་གི་ཚན་ཁག་ནང་དུ་བྲིས་ཡོད།  ཡིན་ན་ཡང་མི་རིགས་མང་པོའི་གྲུབ་པའི་བདག་དབང་རྒྱལ་ཁབ་ནང་དུ་སྤྱི་དམངས་ནི་ནམ་ཡང་མི་རིགས་མི་འདྲ་བར་སོ་སོར་དགར་བ་རེད།  མིའི་རིགས་ཀྱི་སྤྱི་ཚོགས་ཧྲིལ་བོ་ཡང་མི་རིགས་མི་འདྲ་བས་གྲུབ་པ་དང་།  མི་རིགས་སོ་སོ་ལ་རང་རང་གི་སྐད་བརྡའི་རིག་ལམ་གྱི་རིག་སྟོབས་གཏན་ཚིགས་གྲུབ་ཚུལ་(语言思维的智力逻辑结构)ལྡན་པ་དང་རང་རང་སོ་སོར་མི་འདྲ་བའི་རིག་གནས་ལོ་རྒྱུས་གསོག་འཇོག་ཡོད་པ་རེད།  སློབ་གསོའི་བྱ་འགུལ་ལག་བསྟར་བྱེད་པའི་སྤྱི་ཚོགས་ཀྱི་གནས་རེ་རེ་ལ་ཁ་ཕྱོགས་དགོས་པ་ནི་སྐད་རིགས་སྣ་ཚོགས་ཀྱིས་གྲུབ་པའི་རིགས་རྒྱུད་རེ་རེ་ཡིན་ལ།  རིག་གནས་ལོ་རྒྱུས་གསོག་འཇོག་སྣ་ཚོགས་ཀྱི་རྨང་གཞི་དང་རྒྱབ་ལྗོངས་ལྡན་པའི་བྱེ་བྲག་སློབ་གསོའི་བྱ་འགུལ་ཞིག་ཡིན།  དེའི་ཕྱིར་ཡོངས་ཁྱབ་ཀྱི་སྤྱིར་བཏང་དོན་སྙིང་སྟེང་དྲིལ་སྒྲོག་བྱས་པའི་མི་ཚང་མར་སློབ་གསོ་འཐོབ་པའི་ཁེ་དབང་ལྡནཅེས་པ་ནི་སྤྱི་ཚོགས་མངོན་སུམ་ཁྲོད་དུཅི་ལྟ་བུའི་སློབ་གསོ་ཞིག  ཇི་ལྟར་ལག་བསྟར་བྱས་པའི་སློབ་གསོ་ཞིག་གིས་ད་གཟོད་མི་ཚང་མ་དང་རིགས་རྒྱུད་སོ་སོ་ལ་སློབ་གསོ་འཐོབ་པའི་ཁེ་དབང་མངོན་དུ་འགྱུར་ཐུབ་ཏུ་བཅུག་པ་དེ་རེད།   དེའི་ཕྱིར་ཁྲིམས་ལུགས་དོན་ཚན་སྟེང་སློབ་གསོ་འཐོབ་པའི་ཁེ་དབང་འདྲ་མཉམ་ཚུགས་པ་དང་ཆབ་སྲིད་རྩ་དོན་སྟེང་སློབ་གསོ་འཐོབ་པའི་ཁེ་དབང་འདྲ་མཉམ་བསྒྲག་པ་ནི་གནས་ཚུལ་ཅིག་ཡིན་ལ།  སྤྱི་ཚོགས་དངོས་ཡོད་ཀྱི་སློབ་གསོའི་ཁེ་དབང་འཐོབ་ཡུལ་གྱི་མི་རེ་རེ་ལ་དོན་དངོས་སྟེང་སློབ་གསོ་འཐོབ་པའི་ཁེ་དབང་འདྲ་མཉམ་མངོན་འགྱུར་འབྱུང་ཐུབ་མིན་དེ་ཡང་གནས་ཚུལ་གཞན་ཞིག་ཡིན།  ཧྥ་རན་སིའི་སྐད་གྲགས་ཆེ་བའི་མཚན་ཉིད་རིག་པ་བ་ཕེ་ཨར་ལི་རུའུ་(皮埃尔·勒鲁)ཡིསའདྲ་མཉམ་སྨྲ་བཞེས་པའི་ནང་དུ་གསུང་བ་ཇི་བཞིན།  དོན་དངོས་ཡིན་པའི་འདྲ་མཉམ་དང་རྩ་དོན་ཡིན་པའི་འདྲ་མཉམ་བར་ན།  མེང་ཏི་སི་ཅུག་(孟德斯鸠)གིས་གསུང་བ་བཞིནགནམ་སའི་བར་ཁྱད་’”ཡོད་པ་རེད།  གནམ་སའི་བར་ཁྱདཅེས་པ་འདི་མཚན་ཉིད་རིག་པའི་སྟེང་བཤད་པའི་སྤྱི་མཚན་དང་བྱེ་བྲགསྤྱིར་བཏང་དང་སོ་སོ།  ཡོངས་ཁྱབ་དང་དམིགས་བསལ་བར་གྱི་འགལ་བ་དེ་ཡིན།  འགལ་བ་འདི་ཐག་གཅོད་བྱེད་པ་ལ་ངེས་པར་དུ་སློབ་གསོ་འཐོབ་པའི་ཁེ་དབང་གི་ཁ་གཏད་ས་རིམ་པ་སོ་སོའི་སྲིད་གཞུང་དང་དེའི་སློབ་གསོའི་ལས་ཁུངས་ཀྱིས་འདིའི་སྤྱི་མཚན་དང་བྱེ་བྲགཡོངས་ཁྱབ་ཀྱི་ཁྲིམས་ལུགས་དང་ཁྲིམས་ལུགས་མཚན་ཉིད་རིག་པའི་མཛུབ་སྟོན་འོགདོན་དངོས་ཀྱི་སྒོ་ནས་འདིའི་བྱེ་བྲག་དང་སོ་སོ།  དམིགས་བསལ་གྱི་སློབ་གསོ་འཐོབ་པའི་ཁེ་དབང་དོན་དངོས་སྟེང་འདྲ་མཉམ་མིན་པའི་གནད་དོན་ཐག་གཅོད་བྱ་དགོས།

སློབ་གསོ་འཐོབ་པའི་ཁེ་དབང་འདྲ་མཉམ་གྱི་གནད་དོན་ནི་ཕྱོགས་མང་པོའི་རྒྱུ་རྐྱེན་གྱིས་གྲུབ་ཡོད་པས།  སློབ་གསོ་འཐོབ་པའི་ཁེ་དབང་དོན་དངོས་སྟེང་འདྲ་མཉམ་མིན་པའི་གནད་དོན་ཡང་ཕྱོགས་མང་པོའི་སྣང་ཚུལ་གྱིས་གྲུབ་ཡོད།  རྩོམ་ཡིག་འདི་ལས་ནི་སློབ་གསོའི་སློབ་ཁྲིད་སྐད་བརྡའི་ཕྱོགས་ཁོ་ན་ལས་དེ་རིགས་པས་བསྒྲུབ་རྒྱུ་ཡིན།  དེའི་ཕྱིར་འབྲི་བ་པོ་རང་གིས་བལྟས་ན།  སློབ་གསོའི་སློབ་ཁྲིད་ཀྱི་བེད་སྤྱོད་སྐད་བརྡའི་ཟུར་ནས་སློབ་གསོ་འཐོབ་པའི་ཁེ་དབང་ཅན་གྱི་སྐད་བརྡའི་གནས་ཚུལ་དང་བབ་བསྟུན་བྱེད་རྒྱུ་ནི་སློབ་གསོ་འཐོབ་པའི་ཁེ་དབང་དོན་དངོས་སྟེང་གི་རྨང་གཞི་ཡིན།  རྨང་གཞིའདི་ཐག་གཅོད་ཐུབ་པ་བྱུང་ན་ནི།  སློབ་གསོ་འཐོབ་པའི་འགོ་ཚུགས་སའི་འདྲ་མཉམ་གནད་དོན་དང་།  སློབ་གསོ་འཐོབ་པའི་བརྒྱུད་རིམ་གྱི་འདྲ་མཉམ་གནད་དོན།  སློབ་གསོ་འཐོབ་པའི་ཕན་འབྲས་དཔྱད་འཇོག་གི་འདྲ་མཉམ་གནད་དོན།  སློབ་གསོ་ཐོབ་རྗེས་གོང་སྤེལ་ནུས་པར་ཐེབས་སྲིད་པའི་ཤུགས་རྐྱེན་གྱི་ཚད་ཐིག་དེ་སློབ་གསོའི་མཐའ་འབྲས་ཀྱིས་སློབ་གསོ་འཐོབ་མཁན་ལ་བསྩལ་ཡོང་བའི་ཁེ་ཕན་གྱི་གོ་སྐབས་གནད་དོན་སོགས་འཕྲལ་མར་ཐག་གཅོད་བྱེད་ཐུབ་སྲིད་ལས་ཆེ།  དུས་མཚུངས་སུ།  སློབ་གསོ་འཐོབ་པའི་ཁེ་དབང་འདྲ་མཉམགནད་དོན་གླེང་ན།  དེ་ནི་སྤྱི་དམངས་ཀྱི་ཆབ་སྲིད་ཁེ་དབང་གནད་དོན་ཡིན་ལ།  ཁྲིམས་ལུགས་ཀྱིས་བསྩལ་བའི་སྤྱི་དམངས་ཀྱི་རྩ་ཁྲིམས་ཁེ་དབང་ཡང་ཡིན།  དེའི་ཕྱིར་ཆབ་སྲིད་རིག་པ་དང་ཁྲིམས་ལུགས་རིག་པ་ལ་གཏོགས་པའི་གནད་དོན་ཡོད་པ་དེ་རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་དང་སློབ་གསོའི་ཁྲིམས་ལུགས་དང་འབྲེལ་ཡོད།  དེའི་ཕྱིར་ཁྲིམས་རིག་པ་དང་སྤྱི་དམངས་ཁེ་དབང་གི་ཆབ་སྲིད་རིག་པའི་ཟུར་ནས།  སློབ་གསོའི་ཁེ་དབང་འདྲ་མཉམ་གྱི་གནད་དོན་གྱི་ནང་དོན་དང་དམིགས་བསལ་གཏན་འཁེལ་རང་བཞིན་ལ་དབྱེ་ཞིབ་བྱས་ན་ཡང་རིགས་སོ་སོའི་སྤྱི་དམངས་ཚང་མས་འདྲ་མཉམ་སློབ་གསོ་མྱང་བར་ཁག་ཐེག་ཐུབ་པའི་སློབ་གསོ་འཐོབ་པའི་ཁེ་དབང་གི་སློབ་གསོའི་ལམ་ལུགས་ཀྱི་ཁེ་ཕན་རེ་ཞུའི་གཏན་ཚིགས་མགོ་ཚུགས་ས་ཞིག་འཛུགས་པར་འགྱུར་སྲིད། 

 

གཉིས།  སློབ་གསོ་འཐོབ་པའི་ཁེ་དབང་འདྲ་མཉམགྱི་ཁྲིམས་ལུགས་རིག་པའི་གནས་སྐབས།  སློབ་གསོ་འཐོབ་པའི་ཁེ་དབང་འདྲ་མཉམ་བགྲོ་གླེང་བྱེད་པ་ལ།  ཐོག་མར་ཁེ་དབང་དངའདྲ་མཉམཞེས་པའི་གོ་དོན་འདི་གཉིས་ལ་ཐུག་ཡོད་པ་དང་།  གོ་དོན་འདི་གཉིས་ཀྱང་ཁྲིམས་ལུགས་རིག་པའི་གཞུང་ལུགས་སུ་གཏོགས་པའི་གནད་དོན་ཡིན་པས་ན་ཁྲིམས་ལུགས་རིག་པའི་ཐད་ནས་བགྲོ་གླེང་བྱ་དགོས་པ་རེད། 

ཁེ་དབང་ནི་ཁྲིམས་ལུགས་རིག་པའི་གནས་སྐབས་སུ་རྒྱུ་རྐྱེན་ལྔ་ཡིས་གྲུབ་ཡོད་དེ།  ཁེ་ཕན་དང་ལྟ་ཚུལ།  ཐོབ་ཐང་།  དབང་ནུས(权能)དང་རང་དབང་ཡིན།  ཁེ་དབང་འགྲུབ་བྱེད་ཀྱི་རྒྱུ་རྐྱེན་ལྔ་བོ་དེ་སློབ་གསོ་འཐོབ་པའི་ཁེ་དབང་གི་ཁྱབ་ཁོངས་བྱེ་བྲག་ཏུ་བབས་ན་ནི་ཕྱོགས་ལྔ་ཡིན། 

1. སློབ་གསོ་འཐོབ་པའི་ཁེ་དབང་ཅན་(权利主体)གྱིས་སློབ་གསོ་དང་ལེན་བརྒྱུད་ནས་ཐོབ་འོས་པའི་ཁེ་ཕན་རིགས་ཤིགཁེ་ཕན་དངོས་སུ་འཐོབ་མིན་དང་ཐོབ་པའི་ཁེ་ཕན་ཆེ་ཆུང་གང་ཡིན་པ་དེས་ཐད་ཀར་ཁེ་དབང་ལོངས་སུ་སྤྱོད་མཁན་ལ་ཐེབས་པའི་ཧུར་བརྩོན་རང་བཞིན། 

2.སློབ་གསོ་འཐོབ་པ་པོས་ཁྲིམས་ལུགས་གཏན་ཕབ་གཞིར་བཟུང་སྟེ་རང་ལ་ཁེ་དབང་སྤྲོད་པ་པོར་སློབ་གསོ་དང་ལེན་བྱེད་པར་ཆ་རྐྱེན་ངེས་ཅན་མཁོ་སྤྲོད་བྱེད་དགོས་པར་བླང་བྱ་འདོན་ཆོག་པ་དང་།  སློབ་གསོ་འཐོབ་པའི་ཁེ་དབང་ལ་གནོད་རྐྱེན་ཐེབས་སྐབས་རོགས་སྐྱོབ་ཡར་ཞུ་གཏོང་བའི་རེ་འདུན་དབང་ཆ་ཡོད།  དབང་ཆ་དེ་ལ་སློབ་གསོའི་ལྟ་ཚུལ་དབང་ཆ་ཡང་ཟེར། 

3.ཐོབ་ཐང་དེ་སུ་ལ་སློབ་གསོ་འཐོབ་པའི་ཁེ་དབང་ལྡན་པའི་གནད་དོན་ཐད་བསྒྱུར་ན།  དེ་ནི་སློབ་གསོའི་ཁེ་དབང་ཅན་གྱི་གནད་དོན་ཡིན་ལ།  སྤྱིར་བཏང་དུ་རྒྱལ་ཁབ་སོ་སོའི་ཁྲིམས་ལུགས་ནང་གཏན་འཁེལ་གསལ་བོར་ཡོད་དེ།  མི་ཚང་མར་སློབ་གསོ་འཐོབ་པའི་ཁེ་དབང་འདྲ་མཉམ་ཡིན།  ཞེས་འདུག

4.དབང་ནུས་ཀྱི་རྒྱུ་རྐྱེན་ནི་སློབ་གསོ་འཐོབ་པའི་ཁེ་དབང་ཅན་ལ་བླང་བྱ་བཏོན་པ་ཡིན་ཏེ།  སློབ་གསོ་འཐོབ་པའི་དོན་དངོས་ཀྱི་ནུས་པའམ་ནུས་པ་ཡོད་ལས་ཆེ་བའི་རང་བཞིན་ལ་བླང་བྱ་བཏོན་པ་ཡིན།  འདི་ལས་མཐོང་ཐུབ་པ་ནི།  སློབ་གསོ་འཐོབ་པའི་དབང་ནུས་ནི་གཙོ་བོ་སློབ་གསོ་འཐོབ་པའི་ཁེ་དབང་དེ་ཁྲིམས་ཀྱི་ངེས་གཏན་ཁེ་དབང་ཞིག་ཡིན་པའི་ཆ་ནས་མངོན་སུམ་ཁེ་དབང་དུ་བསྒྱུར་བའི་བརྒྱུད་རིམ་ཁྲོད་ནས་ཁེ་དབང་ཅན་རང་གི་ཆ་རྐྱེན་གྱི་བླང་བྱ་ཤས་ཆེ་བ་རེད། 

5.རང་དབང་གི་རྒྱུ་རྐྱེན་ནི་སློབ་གསོ་འཐོབ་པའི་ཁེ་དབང་ཅན་གྱིས་མི་སྒེར་གྱི་འདོད་བློ་ལྟར་སློབ་གསོ་འཐོབ་པའི་ཁེ་དབང་ལེན་པའམ་འདོར་ཆོག་པ་ཡིན་ལ།  ཕྱི་རོལ་གཞན་གྱིས་ནི་འགལ་རྐྱེན་བཟོ་མི་ཆོག་པ་ཡིན

འདྲ་མཉམ་ཡང་ཁྲིམས་རིག་པའི་གནས་སྐབས་ཁྲོད་ཀྱི་ཆེས་རྩ་བའི་ཁྱབ་ཁོངས་ཤིག་ཡིན།  དཔེར་ན་ཧ་ལམ་རྒྱལ་ཁབ་ཕལ་མོ་ཆེའི་རྩ་ཁྲིམས་གྱིསཁྲིམས་ལུགས་མདུན་དུ་མི་ཚང་མ་འདྲ་མཉམཡིན་པ་ཁས་ལེན་པ་རེད།  སྤྱི་དམངས་ཁེ་དབང་གི་གཏན་འབེབས་དེ་སྤྱི་དམངས་ཡོད་ཚད་ཚང་མས་འདྲ་མཉམ་གྱིས་ལོངས་སྤྱད་ཆོགདེས་ན།  དོན་ངོ་མར་འདྲ་མཉམ་ནི་ཅི་ཞིག་རེད་ཅེ་ན།  ས་ཐོ་ལི་(萨托利)ན་རེ།  འདྲ་མཉམ་གྱིས་མཚུངས་ཆོས་རང་བཞིན་གྱི་གོ་དོན་མཚོན་པ་སྟེ།    ……གཉིས་སམ་ཡང་ན་དེ་ལས་མང་བའི་མིའམ་ཡུལ་གང་ཞིགཕྱོགས་འགའ་ཞིག་གམ་ཡང་ན་ཕྱོགས་ཡོད་ཚད་ནས་འདྲ་མཚུངས་སུ།  གཅིག་མཚུངས་སུའམ་ཡང་ན་གཅིག་འདྲ་ཡིན་པའི་ངང་དུ་གནས་པ་ན།  དེ་ལ་དེ་ཚོ་འདྲ་མཉམ་རེད་ཅེས་བཤད་ཆོག།  ཚི་ཡོ》(辞谣)ཞེས་པའི་ནང་དུ།  འདྲ་མཉམ་ཞེས་པའི་ཐ་སྙད་འདི་ལམི་དང་མིའི་བར་ཆབ་སྲིད་དང་དཔལ་འབྱོར་ཐད་སྤྱི་ཚོགས་གོ་གནས་འདྲ་མཚུངས་སུ་ཡོད་ཅིང་ཁེ་དབང་འདྲ་མཚུངས་སྤྱད་ཆོག་པ་ཞིག་ལ་སྟོནཞེས་འགྲེལ་བཤད་བརྒྱབ་་ཡོད།  དེ་ལས་མཐོང་ཐུབ་པ་ནི།  འདྲ་མཉམ་གླེང་བའི་སྐབས་སུ།  ཁེ་དབང་ཞིག་སྟོན་གྱི་འདུག་པ་དང་།  འདྲ་མཉམ་ནི་ཁེ་དབང་།  ཁེ་དབང་གི་འདྲ་མཉམ་ཡིན་ཏེ།  ཁྲིམས་ལུགས་རིག་པའི་དོན་ལ་གཏོགས་པའི་ཁེ་དབང་གི་འདྲ་མཉམ་ཡིན་པ་རེད།

དེའི་ཕྱིར།   ང་ཚོས་སློབ་གསོའི་ཁེ་དབང་འདྲ་མཉམ་གླེང་བའི་སྐབས་སུ་ནི།  འདྲ་མཚུངས་ཡིན་པའི་བར་སྟོང་དང་དུས་ཚོད་ཆ་རྐྱེན་འོག་འདྲ་མཚུངས་ཡིན་པའི་མི་ཚོགས་ཁྲོད་ཀྱི་མི་ཚང་མའི་སློབ་གསོ་འཐོབ་པའི་ཁེ་དབང་ལོངས་སྤྱོད་ནི་འདྲ་མཉམ་ཡིན་པར་སྟོན་པ་རེད།  དེས་ན་འདི་ལས་བཤད་པའི་འདྲ་མཚུངས་ཡིན་པའི་བར་སྟོང་དང་དུས་ཚོད་ཆ་རྐྱེན་འོགཟེར་བ་ནི་མ་མཐའ་ཡང་རྒྱལ་ཁབ་གཅིག་གི་མངའ་ཁོངས་ཀྱི་དུས་རབས་གཅིག་ཡིན་པའི་ཆ་རྐྱེན་ལ་སྟོན་པ་རེད།  སློབ་གསོ་འཐོབ་པའི་ཁེ་དབང་འདྲ་མཉམ་གནད་དོན་ནི་རྩ་ཁྲིམས་ཀྱིས་བསྩལ་བའི་རྩ་བའི་ཁེ་དབང་ཞིག་ཡིན་པས་ན།  རྩ་ཁྲིམས་བདག་སྐྱོང་གི་ཁྱབ་ཁོངས་ངེས་ཅན་ཞིག་གི་འདྲ་མཚུངས་མི་ཚོགས་ལ་ལྟོས་ཏེ་བཤད་པ་ཡིན།  རྒྱལ་ཁབ་སོ་སོ་ལ་ནང་དོན་འདྲ་བའི་གཏན་ཕབ་ཡོད་ན་ཡང་།  ལྟོས་བཅས་ཀྱི་སྤྱི་དམངས་ངེས་ཅན་ལ་མཚོན་ན་དེ་མཚུངས་ཀྱི་རྩ་ཁྲིམས་བདག་སྐྱོང་བྱེད་པའི་རྒྱལ་ཁབ་དང་སྦྱར་ནས་བཤད་དགོས།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་སྒྲིག་ཡིག་དང་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་བསྒྲགས་གཏམདང་གཞན་པའི་འགྲོ་བ་མིའི་ཐོབ་ཐང་སྤྱི་ཆིངས་ཁྲོད་དུ།  སློབ་གསོ་འཐོབ་པའི་ཁེ་དབང་འདྲ་མཉམནི་རྩ་བའི་འགྲོ་བ་མིའི་ཐོབ་ཐང་ཞིག་ཏུ་བརྩིས་ནས་གོང་བཀུར་ཁག་ཐེག་དགོས་པར་གཏན་ཕབ་ཡོད་ན་ཡང་།  བྱེ་བྲག་དངོས་འབེབ་བྱེད་པ་ལ་ད་དུང་མཉམ་འབྲེལ་རྒྱལ་ཚོགས་ཁོངས་མིའི་རྒྱལ་ཁབ་དང་།  མནའ་འབྲེལ་རྒྱལ་ཁབ་སོ་སོ་དང་རྒྱལ་ཁབ་སོ་སོའི་དངོས་སུ་ལག་བསྟར་དང་ཁག་ཐེག་བྱ་དགོས་ལ།  ད་དུང་རྒྱལ་ཁབ་སོ་སོའི་རྩ་ཁྲིམས་ཀྱི་ཁེ་དབང་དུ་བསྒྱུར་བ་ལ་བརྟེན་པས་ན་ད་གཟོད་དོན་ཐོག་ཏུ་དབབ་ཐུབ་ལས་ཆེ།  འདི་ནས་ཐུབ་ལས་ཆེཟེར་བ་ནི།  འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་འབྲེལ་ཡོད་སློབ་གསོ་འཐོབ་པའི་ཁེ་དབང་འདྲ་མཉམ་གྱི་བླང་བྱ་དེ།  རྒྱལ་ཁབ་སོ་སོའི་རྩ་ཁྲིམས་དོན་ཚན་ནང་དུ་བཞག་པའི་དབང་དུ་བཏང་ན་ཡང་།  དེ་ནི་མངོན་འགྱུར་ཐག་གཅོད་དམ་ཡང་ན་མངོན་འགྱུར་ཁག་ཐེག་ཐུབ་པ་དང་མི་འདྲའོ།  རྒྱུ་མཚན་ནི་འདྲ་བའི་བར་སྟོང་དང་དུས་ཚོད་ཆ་རྐྱེན་འོག་གི་འདྲ་བའི་མི་ཚོགས་ཁྲོད་ཀྱི་མི་ཚང་མ་ནིམི་རིགས་མི་འདྲ་བ་དག་གིས་གྲུབ་པ་ལ།  རྒྱལ་ཁབ་ཅིག་མི་རིགས་མང་པོས་གྲུབ་ཡོད་དུས།  སློབ་གསོ་འཐོབ་པའི་ཁེ་དབང་འདྲ་མཉམ་གྱི་ཁྲིམས་རིག་རྩ་དོན་ནི་མི་རིགས་མི་འདྲ་བའི་ཁྲོད་མངོན་འགྱུར་འབྱུང་ཐུབ་ལས་ཆེ་བའི་རང་བཞིན་དང་མངོན་འགྱུར་བྱུང་བའི་ཚད་མི་འདྲ་བ་རེད།  རྒྱུ་མཚན་ནི་སློབ་གསོའི་ཆེས་རྩ་བའི་ཆ་རྐྱེན་ནི་སྐད་བརྡ་དང་ཡི་གེ་ཡིན།  མི་རིགས་མི་འདྲ་བ་ལ་རང་རང་གི་སྐད་བརྡ་དང་ཡི་གེ་ཡོད་པ་ལ།  སློབ་གྲྭའི་སློབ་གསོས་རྟག་ཏུ་གཙོ་རྒྱུགས་སྐད་བརྡཟེར་བ་དེས་སློབ་ཁྲིད་བྱ་བ་ན།  གཙོ་རྒྱུགས་སྐད་བརྡ་མ་ཡིན་པམི་རིགས་སློབ་མའི་སློབ་གསོ་འཐོབ་པའི་ཁེ་དབང་དེ།  གཙོ་རྒྱུགས་སྐད་བརྡཡི་མི་རིགས་ལ་ལྟོས་ནས་བཤད་ན་ཐོག་མར་སྐད་བརྡ་དང་ཡི་གེའི་ཐད་ནས་ཚད་བཀག་ཐེབས་པ་རེད།  ཚད་བཀག་འདིའི་རིགས་ནི་སློབ་གསོའི་འགོ་ཚུགས་ས་དང་།  སློབ་གསོའི་བརྒྱུད་རིམ་ཁྲོད།  སློབ་གསོའི་ཕན་འབྲས་ཀྱི་དཔྱད་འཇོག་སྟེང་།  སློབ་གསོའི་རྗེས་ཀྱི་སྤྱི་ཚོགས་ལས་ཞུགས་ཁྲོད།  མགོ་ནས་མཇུག་བར་ཏུ་འགྲོགས་པའི་ལྷན་སྐྱེས་རང་བཞིན་གྱི་བར་ཁྱད་ཅིག་ཡིན་ལ།  དེར་བརྟེན་སློབ་གསོ་འཐོབ་པའི་ཁེ་དབང་དེ་དོན་དངོས་སྟེང་ནས་འདྲ་མཉམ་མིན་པ་ཞིག་མངོན་པ་རེད།

རང་རྒྱལ་གྱིརྩ་ཁྲིམསདོན་ཚན་བཞི་བཅུ་ཞེ་དྲུག་པརཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་སློབ་གསོ་འཐོབ་པའི་ཁེ་དབང་དང་འོས་འགན་ཡོདཅེས་གཏན་འབེབས་བྱས་ཡོད་པ་དང་།  སློབ་གསོའི་བཅའ་ཁྲིམསདོན་ཚན་སོ་དྲུག་པརསློབ་གསོ་འཐོབ་མཁན་དེ་སློབ་ཞུགས་དང་སློབ་འཕར།  ལས་ཞུགས་སོགས་ཀྱི་ཕྱོགས་ནས་ཁྲིམས་ལྟར་འདྲ་མཉམ་ཁེ་དབང་ཡོདཅེས་གཏན་འབེབས་ཡོད།  འོས་འགན་སློབ་གསོའི་བཅའ་ཁྲིམསདོན་ཚན་བཞི་བར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཡོད་པའི་སློབ་ལོ་རན་པའི་བྱིས་པ་དང་ལོ་ཆུང་ཡིན་ན།  རྟེན་ཕོ་མོ་དང་མི་རིགས།  རིགས་རྒྱུད།  ཁྱིམ་ཚང་གི་རྒྱུ་རྫས་གནས་ཚུལ།  ཆོས་ལུགས་དད་མོས་སོགས་ཀྱི་དབྱེ་བ་མེད་པར།  ཁྲིམས་ལྟར་འདྲ་མཉམ་ངང་འོས་འགན་སློབ་གསོ་དང་ལེན་བྱ་བའི་ཁེ་དབང་ཡོད་པ་མ་ཟད་འོས་འགན་སློབ་གསོའི་འོས་འགན་ལག་བསྟར་བྱ་དགོས།  ཞེས་གཏན་འབེབས་ཡོད།  ཁྲིམས་ལུགས་ཀྱིས་སྤྱིའི་ཆ་ནས་མི་ཚང་མར་ཁྲིམས་ལྟར་འདྲ་མཉམ་གྱི་སློབ་གསོ་འཐོབ་པའི་ཁེ་དབང་སྤྱད་ཆོག་པ་གཏན་འབེབས་བྱས་ཡོད་པ་དང་དུས་མཚུངས་སུ།  ཡང་མི་རིགས་སོ་སོར་སློབ་གསོ་འཐོབ་པའི་ཁེ་དབང་གི་འདྲ་མཉམ་མངོན་འགྱུར་ཡོང་བའི་སྔོན་འགྲོའི་རྨང་གཞི་སྟེ།  རིགས་སོ་སོའི་སྐད་དང་ཡི་གེ་དང་དེ་དག་གི་སློབ་ཁྲིད་བེད་སྤྱོད་སྐད་ཡིག་ཐད་ཀྱང་མངོན་གསལ་སྒོས་གཏན་འབེབས་བྱས་ཡོད།  རྩ་ཁྲིམསདོན་ཚན་བཞི་བརམི་རིགས་ཚང་མ་ལ་རང་གི་སྐད་དང་ཡི་གེ་བཀོལ་སྤྱོད་དང་གོང་སྤེལ་གཏོང་བའི་རང་དབང་ཡོདཅེས་གཏན་འབེབས་ཡོད།  སློབ་གསོའི་བཅའ་ཁྲིམསདོན་ཚན་བཅུ་གཉིས་པར་གྲངས་ཉུང་མི་རིགས་སློབ་མ་གཙོ་བོ་ཡིན་པའི་སློབ་གྲྭ་དང་གཞན་པའི་སློབ་གསོའི་ལས་ཁུངས་ཀྱིས་རང་མི་རིགས་སམ་ཡང་ན་ས་གནས་མི་རིགས་གྱི་རྒྱུན་སྤྱོད་སྐད་དང་ཡི་གེ་བཀོལ་སྤྱོད་བྱས་ཏེ་སློབ་ཁྲིད་བྱ་ཆོགཅེས་གཏན་འབེབས་ཡོད།  རྒྱལ་ཁབ་ཀྱི་རྒྱུན་སྤྱོད་སྐད་བརྡ་དང་ཡི་གེའི་བཅའ་ཁྲིམསདོན་ཚན་བརྒྱད་པར་མི་རིགས་ཚང་མ་ལ་རང་གི་སྐད་དང་ཡི་གེ་བཀོལ་སྤྱོད་དང་གོང་སྤེལ་གཏོང་བའི་རང་དབང་ཡོད།  གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་བཀོལ་སྤྱོད་ནི་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་དང་གཞན་པའི་ཁྲིམས་ལུགས་གཞིར་བཟུང་སྟེ་གཏན་འབེབས་བྱས་ཞེས་ཡོད།  མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམསདོན་ཚན་བཅུ་བརམི་རིགས་རང་སྐྱོང་ས་ཁོངས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་དེའི་མི་རིགས་སོ་སོའི་རང་གི་སྐད་དང་ཡི་གེ་བཀོལ་སྤྱོད་དང་གོང་སྤེལ་གཏོང་བའི་རང་དབང་ཡོད་པ་ཁག་ཐེག་བྱ་དགོསཞེས་གཏན་འབེབས་ཡོད།  བཅའ་ཁྲིམས་འདིའི་དོན་ཚན་སོ་བདུན་པའི་ནང་ཚན་གསུམ་པར་གྲངས་ཉུང་མི་རིགས་ཀྱི་སློབ་མ་བསྡུ་ལེན་གཙོ་བོ་ཡིན་པའི་སློབ་གྲྭའཛིན་གྲྭདང་གཞན་པའི་སློབ་གསོའི་ལས་ཁུངས་ཆ་རྐྱེན་འཛོམས་པ་དག་གིས་གྲངས་ཉུང་མི་རིགས་ཡི་གེའི་བསླབ་དེབ་སྤྱད་འོས་པ་མ་ཟད་གྲངས་ཉུང་མི་རིགས་སྐད་ཆས་འཆད་ཁྲིད་བྱ་དགོས།  ཞེས་གཏན་འབེབས་ཡོད། 

རང་རྒྱལ་གྱི་གོང་གསལ་ཁྲིམས་ལུགས་གཏན་ཕབ་ཀྱིས།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཚང་མར་སློབ་གསོ་འཐོབ་པའི་ཁེ་དབང་འདྲ་མཉམ་གྱི་ཁྲིམས་ལུགས་རྩ་དོན་དང་ཆབ་སྲིད་རྩ་དོན་ཚུགས་ཡོད་པ་མ་ཟད།  དུས་མཚུངས་སུ་རིགས་སོ་སོའི་མི་ཚང་མ་ལ་སློབ་གསོ་འཐོབ་པའི་ཁེ་དབང་འདྲ་མཉམ་ལྡན་པར་སྔོན་འགྲོའི་རྨང་གཞི་སྟེ།  རང་མི་རིགས་ཀྱི་སྐད་དང་ཡི་གེས་སློབ་གསོའི་སློབ་ཁྲིད་ལག་བསྟར་བྱེད་པའི་ཁྲིམས་ལུགས་ཁེ་དབང་ལྡན་པར་བྱས་ཡོད།  2010ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་རྒྱལ་ཁབ་ཀྱི་ཡུན་འབྲིང་རིང་བའི་དུས་སྐབས་སློབ་གསོའི་བཅོས་སྒྱུར་དང་གོང་སྤེལ་འཆར་འགོད་རྩ་གནད2010-2020)》གཤམ་ནས་འཆར་འགོད་རྩ་གནདཅེས་འཁོད་རྒྱུ།  དེའི་ལེའུ་དགུ་བ་མི་རིགས་སློབ་གསོ་ཞེས་པའི་ནང་དུ་།  གྲངས་ཉུང་མི་རིགས་ཀྱིས་རང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་བྱས་ཏེ་སློབ་གསོ་འཐོབ་པ་དང་ལེན་བྱེད་པའི་ཁེ་དབང་ལ་བརྩི་འཇོག་དང་ཁག་ཐེག་བྱ་དགོས་(尊重和保障少数民族使用本民族语言文字接收教育的权利)ཞེས་བསྟན་འདུག་ཅེས་ཡོད།  གོང་གི་ཚིག་འདི་ལ་ཡིག་འབྲུ་ཉེར་ལྔ་རྒྱ་ཡིག25མ་གཏོགས་མེད་མོད་དོན་སྙིང་ཤིན་ཏུ་ཆེ།  དོན་སྙིང་ཤིན་ཏུ་ཆེ་བའི་རྒྱུ་མཚན་ནི་ཀྲུང་གོའི་དཔོན་ཕྱོགས་ཡིག་ཆའི་ཁྲོད་ཐེངས་དང་པོར་གྲངས་ཉུང་མི་རིགས་”“སློབ་གསོ་དང་ལེན་གྱི་ཁེ་དབང་དེ་རང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་དང་ཆབས་ཅིག་ཏུ་ཟུང་འབྲེལ་བྱས་ནས།  གྲངས་ཉུང་མི་རིགས་ཀྱིས་རང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་བྱས་ནས་སློབ་གསོ་དང་ལེན་བྱེད་པའི་ཁེ་དབང་ཞེས་རྩ་ཁྲིམས་དང་སློབ་གསོའི་བཅའ་ཁྲིམས།  མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དོན་ཚན་ལས་སྔར་བས་མངོན་གསལ་དུ་བཏོན་ཡོད།  དེ་མ་ཟད་ཁེ་དབང་སྤྲོད་པ་པོ་སྟེ་རིམ་པ་སོ་སོའི་སྲིད་གཞུང་དང་དེའི་སློབ་གསོའི་སྲིད་འཛིན་ལས་ཁུངས་ཀྱིསཁེ་དབང་དགོས་པའི་ཕྱོགས་ཏེ་གྲངས་ཉུང་མི་རིགསཀྱི་ཁྱད་འཕགས་ཁེ་དབང་འདི་ཉིད་ལ་བརྩི་འཇོག་དང་ཁག་ཐེག་བྱ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།  གོང་ནས་བཤད་པ་འདི་ལ་རིམ་པ་ལྔ་ཡི་སྒོ་ནས་ཤེས་རྟོགས་བྱེད་ཆོག་པ་རེད། 

1.“གྲངས་ཉུང་མི་རིགས་ཀྱིས་རང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་བྱས་ཏེ་སློབ་གསོ་དང་ལེན་བྱེད་པའི་ཁེ་དབང་ནི་གྲངས་ཉུང་མི་རིགས་ཀྱི་མི་ཡོད་དོ་ཅོག་ལ་གཞི་ནས་ཡོད་དགོས་པའི་ལྷན་སྐྱེས་ཀྱི་ཁེ་དབང་ཡིན་པ་དང་།  གྲངས་ཉུང་མི་རིགས་ཀྱི་མི་ཡོད་དོ་ཅོག་གི་ཆེས་རྩ་བའི་འགྲོ་བ་མིའི་ཐོབ་ཐང་ཡིན་པ་གསལ་བོར་བསྟན་ཡོད། 

2.འཆར་འགོད་རྩ་གནད་ནང་ཁེ་དབང་ཁ་གཏད་ཕྱོགས་(相对方)ཀྱིསགྲངས་ཉུང་མི་རིགས་ཀྱིས་རང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་བྱས་ཏེ་སློབ་གསོ་དང་ལེན་བྱེད་པའི་ཁེ་དབངལ་བརྩི་འཇོགབྱ་དགོས་པའི་བླང་བྱ་བཏོན་ཡོད།  དེས་ནི་ཁེ་དབང་ཁ་གཏད་ཕྱོགས་ཏེ་རྒྱལ་ཁབ་སྲིད་གཞུང་གིསགྲངས་ཉུང་མི་རིགསལ་ཡོད་པའི་ལྷན་སྐྱེས་ཁེ་དབང་དེ་ཉིད་གྲངས་ཉུང་མི་རིགས་ཀྱི་རྩ་བའི་འགྲོ་བ་མིའི་ཐོབ་ཐང་དུ་གཏོགས་པར་ཁས་བླངས་པ་མཚོན་ཡོད།   

3.“གྲངས་ཉུང་མི་རིགས་ཀྱིས་རང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་བྱས་ནས་སློབ་གསོ་ཧྲིལ་བོ་དང་ལེན་གྱི་ཁེ་དབང་།  སློབ་གསོ་ཐམས་ཅད་དང་ལེན་གྱི་ཁེ་དབང་།  སློབ་གསོ་ཆ་ཚང་དང་ལེན་གྱི་ཁེ་དབང་ལྡན་དགོས་པ་ལས།  རང་མི་རིགས་ཀྱི་སྐད་དང་ཡི་གེ་གཅིག་པུ་ཙམ་ལ་བསླབ་དགོས་པ་མ་ཡིན་ཞེས་བསྟན་ཡོད། 

4.ཁེ་དབང་གི་ཁ་གཏད་ཕྱོགས་དེ་རྒྱལ་ཁབ་ཀྱི་རིམ་པ་སོ་སོའི་སྲིད་གཞུང་གིས་ཁེ་དབང་གཙོ་བོ་ཕྱོགས་(主体方)གྲངས་ཉུང་མི་རིགས་ཀྱི་མི་ཡོད་དོ་ཅོག་ལ་ཡོད་པའི་ལྷན་སྐྱེས་ཁེ་དབང་དེ་སྤྱི་ཚོགས་ཀྱི་སློབ་གསོའི་ལག་ལེན་ཁྲོད་ནས་མངོན་འགྱུར་འབྱུང་བརཁག་ཐེག་བྱ་དགོས་པ་མཚོན་ལ།  དེས་ནི་རྒྱལ་ཁབ་ཀྱི་རིམ་པ་སོ་སོའི་སྲིད་གཞུང་།  ལྷག་པར་ཏུ་མི་རིགས་ས་ཁུལ་གྱི་རིམ་པ་སོ་སོའི་སྲིད་གཞུང་གིས་ངེས་པར་ཏུ་ཁེ་དབང་གཙོ་བོ་ཕྱོགས་ཀྱི་ཁེ་དབང་མངོན་འགྱུར་འབྱུང་ཆེད་མཐུན་རྐྱེན་མཁོ་སྤྲོད་བྱས་ནས་མངོན་འགྱུར་བྱུང་དུ་འཇུག་དགོས་པར་བླང་བྱ་བཏོན་ཡོད་པ་རེད། 

5.ཁྲིམས་ལུགས་རིག་པའི་དོན་སྙིང་སྟེང་གི་ཁེ་དབང་རྒྱུ་རྐྱེན་ལྟར་ན།  དབང་ཤུགས་ཁ་གཏད་ཕྱོགས་ཚང་གིས་ཁེ་དབང་གཙོ་ཕྱོགས་ཚང་གི་ཁེ་དབང་འདི་མངོན་འགྱུར་འབྱུང་བར་གོ་ཆོད་པའི་ངང་བརྩི་འཇོག་དང་ཁག་ཐེགབྱེད་མ་ཐུབ་པར།  ཁེ་དབང་གཙོ་བོ་ཕྱོགས་ལ་གནོད་འཚེ་ཐེབས་པར་གྱུར་ཚེ།  ཁེ་དབང་གཙོ་བོ་ཕྱོགས་ཀྱིས་ཁྲིམས་ལུགས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་སྟེ་ཁེ་དབང་ཁ་གཏད་ཕྱོགས་ཀྱིས་ཕ་རོལ་གྱི་རང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་བྱས་ནས་སློབ་གསོ་དང་ལེན་བྱེད་པར་དེ་མཐུན་གྱི་ཆ་རྐྱེན་མཁོ་འདོན་བྱེད་དགོས་པའི་བླང་ཆ་འདོན་ཆོག་ལ་།  རོགས་སྐྱོབ་ཡར་ཞུ་བྱེད་པའི་རེ་འདུན་དབང་ཆའམ་ཡང་ན་སློབ་གསོའི་ལྟ་ཚུལ་འདོན་པའི་དབང་ཆ་ཡོད་པ་ཡིན།         

  གོང་གི་རིམ་པ་ལྔ་ཡི་སྒོ་ནསའཆར་འགོད་རྩ་གནདཁྲོད་བཏོན་པའི་གྲངས་ཉུང་མི་རིགས་ཀྱིས་རང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་སྒོས་སློབ་གསོ་དང་ལེན་གྱི་ཁེ་དབང་ལ་བརྩི་འཇོག་དང་ཁག་ཐེག་འབྱུང་དགོས།  ཞེས་པར་ཤེས་རྟོགས་བྱས་ན་ནི་ཅུང་ཁ་ཚང་བ་ཞིག་རེད་ཟེར་འོས།  འདི་འདྲའི་ཁ་གསལ་བའི་གཏན་འབེབས་ཤིག་ཡོད་ཕྱིན།  གྲངས་ཉུང་མི་རིགསསློབ་མས་སློབ་གསོ་དང་ལེན་གྱི་འགོ་ཚུགས་ས་དང་།  སློབ་གསོ་དང་ལེན་གྱི་བརྒྱུད་རིམ་དང་སློབ་གསོའི་མཇུག་འབྲས་ཏེ་འཇོན་མིར་འགྱུར་ཐུབ་སྲིད་པའི་རང་བཞིན་ཐད་ནས་ཀྱང་རྒྱ་རིགས་སློབ་མ་དང་འདྲ་མཉམ་གྱི་གོ་གནས་ལོན་འདུག་ཅེས་བཤད་ཆོག་པ་རེད།

གསུམ།  སྤྱི་དམངས་ཀྱི་མི་རིགས་རང་བཞིན་དང་སློབ་གསོ་འཐོབ་པའི་ཁེ་དབང་དོན་དངོས་སྟེང་འདྲ་མཉམ་མིན་པ། 

ཐོག་མར་གསལ་བོར་ཞུ་རྒྱུ་ཞིག་ནི།  རྗོད་པ་སྟབས་བདེ་བའི་ཕྱིར་ཞོལ་ནས་གྲངས་ཉུང་མི་རིགས་ཀྱིས་རང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་བྱས་ནས་སློབ་གསོ་དང་ལེན་གྱི་ཁེ་དབང་ཞེས་པའི་ཚིག་བསྡུས་ཏེཕ་སྐད་ཀྱིས་སློབ་གསོ་དང་ལེན་བྱེད་པའི་ཁེ་དབངཞེས་འཁོད་རྒྱུ་ཡིན་ལ།  དུས་མཚུངས་སུགྲངས་ཉུང་མི་རིགས་སོ་སོའིགནས་ཚུལ་མི་འདྲ་ཞིང་ཅུང་རྙོག་ཟིང་ཆེ་བས་གཤམ་ནས་འབྲེལ་ཡོད་བརྗོད་བྱ་དག་བོད་མི་རིགས་གཙོས་པའི་བོད་ཁུལ་སློབ་གསོ་དཔེར་བཀོད་པ་ཡིན།

རྩོམ་ཡིག་འདིའི་འགོ་ནས་བདག་གིས་ཧྥ་རན་སིའི་སྐད་གྲགས་ཆེ་བའི་མཚན་ཉིད་རིག་པ་བ་ཕེ་ཨར་ལི་རུའུ་ཡིའདྲ་མཉམ་སྨྲ་བཞེས་པའི་ནང་གི་སྐད་ཆ་དུམ་གཅིག་ལུང་དྲངས་པ་ཡིན།  དེ་ནིདོན་དངོས་ཀྱི་ཆ་ཡི་འདྲ་མཉམ་དང་རྩ་དོན་གྱི་ཆ་ཡི་འདྲ་མཉམ་བར་ལ།  མེང་ཏི་སི་ཅུག་གིས་གསུང་བ་ཇི་བཞིནགནམ་སའི་བར་ཁྱད།  ’”འདུག་པ་རེད།  སློབ་གསོ་འཐོབ་པའི་ཁེ་དབང་འདྲ་མཉམ་གྱི་གནད་དོན་ཡང་དེ་དང་འདྲའོ།  ཁྲིམས་ལུགས་ཀྱི་ཟུར་ནས་དང་ཆབ་སྲིད་ཀྱི་ཟུར་ནས་རྩ་དོན་ཐད་ཀྱི་སློབ་གསོ་འཐོབ་པའི་ཁེ་དབང་དྲིལ་སྒྲོག་བྱས་མོད།  འོན་ཀྱང་སྤྱི་ཚོགས་དངོས་ཡོད་འཚོ་བའི་ཁྲོད་དོན་དངོས་ཀྱི་འདྲ་མཉམ་མིན་པ་ནི་སྔར་བཞིན་ག་ས་གར་ཁྱབ་འདུགསློབ་གསོ་འཐོབ་པའི་ཁེ་དབང་འདྲ་མཉམ་མིན་པའི་སྣང་ཚུལ་ནི་རྣམ་པ་སྣ་ཚོགས་ཡིན་ལ།  རྒྱུ་རྐྱེན་ཡང་རྣམ་པ་སྣ་ཚོགས་ཡིན་ཏེ།  ལོ་རྒྱུས་ཀྱི་རྒྱུ་རྐྱེན་དང་།  དཔལ་འབྱོར་གྱི་རྒྱུ་རྐྱེན།  རིག་གནས་ཀྱི་རྒྱུ་རྐྱེན་སོགས་ཡོད་ལས་ཆེ།  ཡིན་ན་ཡང་བདག་གིས་ནི་སྣང་ཚུལ་མང་པོ་དང་རྒྱུ་རྐྱེན་མང་པོ་ལོགས་སུ་བཞག་ནས།  སློབ་གསོའི་སློབ་ཁྲིད་སྐད་བརྡའི་ཕྱོགས་ཁོ་ན་ལས་སློབ་གསོ་འཐོབ་པའི་ཁེ་དབང་དེ་དོན་དངོས་སྟེང་འདྲ་མཉམ་མིན་པར་མངོན་ཚུལ་རིགས་པས་བསྒྲུབ་རྒྱུ་ཡིན།  རྒྱུ་མཚན་ནི་གོང་ནས་གླེང་བ་བཞིན་།  སློབ་གསོའི་རྩ་བའི་ཐབས་ལམ་ནི་སྐད་བརྡ་ལ་བརྟེན་པ་དང་།  སློབ་གསོ་གཏོང་མཁན་དང་སློབ་གསོ་འཐོབ་མཁན་གཉིས་ཀ་ཡང་སྐད་བརྡའི་རིག་ལམ་གཏན་ཚིགས་གྲུབ་ཚུལ་ཅན་གྱི་མི་གསོན་པོ་དྲོན་པོ་ཏག་ཏག་ཡིན།  དེའི་ཕྱིར་བདག་གི་བོད་ཁུལ་རྨང་གཞིའི་སློབ་གསོའི་ཐབས་ལམ་གདམ་གསེས་ཀྱི་རྩ་དོནཞེས་པའི་རྩོམ་ཡིག་ནང་དུ་སྔར་ཡང་སློབ་གསོའི་སློབ་ཁྲིད་བརྒྱུད་རིམ་ཁྲོད་ངེས་པར་དུ་སྐད་བརྡ་བཞིའི་མཚོན་སྟངས་རིག་ལམ་གཏན་ཚིགས་གྲུབ་ཚུལ་དང་ཕན་ཚུན་གཅིག་གྱུར་མངོན་འགྱུར་འབྱུང་བའི་གནད་དོན་བསྟན་མྱོང་།  དེ་ནི་སློབ་མའི་སྐད་བརྡའི་རིག་ལམ་གཏན་ཚིགས་གྲུབ་ཚུལ་དང་།  དགེ་རྒན་གྱི་སྐད་བརྡའི་རིགས་ལམ་གཏན་ཚིགས་གྲུབ་ཚུལ།  ཁྲིད་གཞི་བསླབ་དེབ་དང་ཁྲིད་དེབ་ལྷན་ཐབས་རྒྱུ་ཆའི་སྐད་བརྡའི་རིག་ལམ་གཏན་ཚིགས་གྲུབ་ཚུལ།  སློབ་ཁྲིད་བརྒྱུད་རིམ་གྱི་རིག་ལམ་གཏན་ཚིགས་གྲུབ་ཚུལསློབ་ཁྲིད་བཀོལ་སྤྱོད་ཀྱི་སྐད་བརྡའི་གཏན་ཚིགས་གྲུབ་ཚུལ།  སྟེ་ཕྱོགས་དེ་བཞི་བོ་ཕན་ཚུན་གཅིག་མཐུན་ཡོང་དགོས་པ་རེད།  དེ་ལྟར་ན་ད་གཟོད་སློབ་གསོའི་སློབ་ཁྲིད་ཀྱི་དམིགས་ཡུལ་མངོན་ཡུལ་འབྱུང་ཐུབ་ལ།  ད་གཟོད་སློབ་གསོ་འཐོབ་ཡུལ་གྱི་སློབ་གསོ་འཐོབ་པའི་ཁེ་དབང་འདྲ་མཉམ་ལ་མངོན་སུམ་གྱི་རྨང་གཞི་ཡོད་པར་འགྱུར་བ་རེད།  གལ་སྲིད་སློབ་གསོ་འཐོབ་པ་པོ་ལ་མཚོན་ནས་བཤད་ན།  གོང་སྨྲོས་ཀྱི་སྐད་བརྡ་བཞི་ཡི་གཏན་ཚིགས་གྲུབ་ཚུལ་གཅིག་མཅུན་མིན་པ་དང་།  སྐད་ཆའི་བརྡ་སྤྲོད་ལ་འགལ་རྐྱེན་བྱུང་བར་གྱུར་ན།  སློབ་གསོའི་སློབ་ཁྲིད་མངོན་འགྱུར་འབྱུང་མི་ཐུབ་པ་རེད།  དེས་ན་སློབ་གསོ་འཐོབ་པའི་ཁེ་དབང་འདྲ་མཉམ་ཡང་རི་མོའི་བག་ལེབ་ཀྱིས་ལྟོགས་སྐོམ་སེལ་པ་དང་འདྲ་ཞིང་།  དེ་ནས་སློབ་གསོ་འཐོབ་པའི་ཁེ་དབང་དེ་ཡང་དོན་དངོས་སྟེང་གི་འདྲ་མཉམ་མིན་པར་གྱུར་བ་རེད།

བོད་ཁུལ་སློབ་གསོ་ཡིས་དཔེ་འཇོག་བྱས་ན།  དུས་རབས་སྟོད་མའི་ལོ་རབས་བརྒྱད་ཅུའི་ཡར་སྔོན་དུ།  ས་ཁུལ་ཉུང་ཤས་ཤིག་མ་གཏོགས་ཚང་མར་རྣམ་པ་གཅིག་རྐྱང་གི་རྒྱ་སྐད་རྒྱ་ཡིག་སློབ་ཁྲིད་ལག་བསྟར་བྱས་པ་རེད།  ལོ་རབས་བརྒྱད་ཅུའི་རྗེས་སུ།  ཏང་གི་མི་རིགས་སྐད་ཡིག་སྲིད་ཇུས་སླར་གསོ་དངོས་འབེབ་བྱུང་བ་དང་མཉམ་དུ།  ས་ཁུལ་སོ་སོར་བོད་སྐད་ཡིག་སློབ་ཁྲིད་ལག་བསྟར་བྱེད་འགོ་ཚུགས་པ་རེད།  ཡིན་ན་ཡང་སྐད་བརྡའི་རིགས་མ་ཡིན་པའི་གྲངས་རིག་དང་དངོས་ལུགས།  རྫས་འགྱུར།  ཆབ་སྲིད།  ལོ་རྒྱུས།  ས་ཁམས་སོགས་བསླབ་ཚན་ཚང་མ་ཐད་ཀར་དུ་རྒྱ་སྐད་རྒྱ་ཡིག་གིས་ཁྲིད་པ་རེད།  ལོ་རབས་བརྒྱད་ཅུའི་དཀྱིལ་དང་མཇུག་གི་དུས་སྐབས་སུ་བོད་ཡིག་གི་སྐད་བརྡའི་རིགས་མ་ཡིན་པའི་བསླབ་ཚན་ཁྲིད་གཞི་རྣམས་རིམ་གྱིས་ལོ་ཙྰ་བསྒྱུར་ནས་འཛོམས་པར་བྱས་ཤིང་།  ས་ཁུལ་ཉུང་ཤས་ཤིག་ཏུ་ཕ་སྐད་ཀྱི་སྐད་བརྡའི་རིགས་མ་ཡིན་པའི་བསླབ་ཚན་སློབ་ཁྲིད་ཡོད་པར་གྱུར་ལ།  སློབ་གསོའི་འཇོན་མིའི་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་བ་རེད།  ཡིན་ན་ཡང་།  ལོ་རབས་དགུ་བཅུའི་རྗེས་སུ།  ཚོང་རའི་དཔལ་འབྱོར་རིམ་གྱིས་ལག་བསྟར་བྱས་པ་དང་བསྟུན།  འཇོན་མི་སྐྱེད་སྲིང་ཚོང་རར་ཁ་ཕྱོགས་དགོསཞེས་ཁ་གཡར་ནས་བོད་ཡིག་འཇོན་མི་ལ་ཚོང་ར་མི་འདུགཅེས་པའི་ཁ་གཡང་སྒྲོག་པའི་འཁྱོལ་གཏམ་ཞིག་གིས་ནི་ཏག་ཏག་འཕེལ་ཞིང་རྒྱས་བཞིན་པའི་བོད་ཡིག་སློབ་གསོ་ལ་རྒོལ་ངན་ཆེན་པོ་ཞིག་ཐེབས་སོང་།  དུས་རབས་ཉེར་གཅིག་པའི་མཇུག་ཏུ་སླེབས་པ་ལ།  བརྟན་འཇགས་སྲུང་སྐྱོབརྗོད་གཞི་གཙོ་བོར་བཞག་པ་དང་སྟུན་ནས་དཔོན་པོ་འགའ་རེས་ནི་ནོར་འཁྲུལ་ཅན་གྱི་གླེང་ཕྱོགས་བཟོས་པ་སྟེ།  ཅི་ཞིགབོད་ཡིག་སློབ་གསོ་ནི་བརྟན་འཇགས་མིན་པའི་རྒྱུ་རྐྱེན་ཡིན་པདང་།  བོད་རིགས་སློབ་གྲྭ་ནི་ཁ་འབྲལ་རྒྱུ་རྐྱེན་ཡིན་པ་ལ་སོགས་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ནང་གྲངས་ཉུང་མི་རིགས་ཀྱི་སློབ་གསོ་འཐོབ་པའི་ཁེ་དབང་ཁག་ཐེག་སྐོར་ལ་ཡོངས་སུ་འགལ་བ་དང་།  རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལ་ཡོངས་སུ་འགལ་བའི་ནོར་འཁྲུལ་ཅན་གྱི་ལྟ་ཚུལ་བཏོན་པ་རེད།  ཡིན་ན་ཡང་།  ནོར་འཁྲུལ་ཅན་གྱི་ལྟ་ཚུལ་དེས་ནི་ས་དེ་གའི་དཔོན་པོའི་མངའ་ཁོངས་ཀྱི་སློབ་གསོའི་ཇུས་ཆོད་ཁྲོད་དུ་རང་འདོད་ལམ་ལ་ཆས་པར་བྱས་ཤིང་།  བོད་ཁུལ་ཕ་སྐད་སློབ་གསོའི་རྒྱུན་བསྲིང་རྒྱུན་ལྡན་གོང་འཕེལ་ལ་གནོད་པ་ཆེན་པོ་ཐེབས་བྱུང་བ་རེད།  དེ་ནས་བོད་རྒྱའི་བར་གྱི་སློབ་གསོ་འཐོབ་པའི་ཁེ་དབང་དོན་དངོས་སྟེང་འདྲ་མཉམ་མིན་པའི་སྣང་ཚུལ་དེ་ཇེ་ཆུང་དུ་སོང་བ་མ་ཡིན་པར་ཇེ་ཆེ་དང་ཇེ་ཐུར་སོང་བ་རེད། 

བོད་ཁུལ་སློབ་གསོའི་ཁྲོད་སྐད་བརྡའི་རིགས་མ་ཡིན་པའི་བསླབ་ཚན་སོ་སོ་ཐད་ཀར་དུ་རྒྱ་ཡིག་གིས་སློབ་ཁྲིད་བྱས་ན།  བོད་རིགས་སློབ་མའི་སློབ་གསོ་འཐོབ་པའི་ཁེ་དབང་དང་།  སློབ་གསོ་འཐོབ་པའི་གོ་སྐབས།  སྤྱི་བའི་སློབ་གསོའི་ཐོན་ཁུངས་སོགས་ཕྱོགས་མང་པོ་ཞིག་ནས་རྒྱ་རིགས་སློབ་མ་དང་བསྡུར་ན་ལྷན་སྐྱེས་ཀྱི་བར་ཁྱད་ལྟ་བུ་ཞིག་གྲུབ་འདུགབོད་རིགས་སློབ་མ་ལ་གང་ས་གང་དུ་དོན་དངོས་སྟེང་འདྲ་མཉམ་མིན་པ་མངོན་འདུག་ལ།  མངོན་སྟངས་དེ་ཡང་གཙོ་བོ་འདི་དག་སྟེ། 

1.སློབ་གསོ་འགོ་རྩོམ་པའི་དུས་རིམ་དུ།  སྐད་བརྡའི་གནད་དོན་གྱི་རྐྱེན་གྱིས་སློབ་རན་བོད་རིགས་བྱིས་པ་འབོར་ཆེན་ཞིག་གིས་དོན་དམ་པས་སློབ་གསོ་འཐོབ་པའི་གོ་སྐབས་ཤོར་འགྲོ་བ་རེད། 

དུས་ཡུན་རིང་བོ་ཞིག་ལ་གོ་བ་ལོག་པ་ཞིག་ཡོད་དེ།  བོད་མི་ཚོས་སློབ་གསོའི་གལ་ཆེན་རང་བཞིན་ཤེས་ཀྱིན་མི་འདུག་བསམས་ཀི་འདུགདེའི་ཕྱིར་བོད་ཁུལ་དུ་སློབ་གསོའི་བྱ་བའི་གྲོས་ཚོགས་དང་།  སློབ་གསོའི་སྐུལ་སློང་།  སློབ་གསོ་དྲིལ་སྒྲོག་བྱེད་པའི་སྐབས་སུ་ནམ་ཡང་ཡང་སྐོར་བསྐྱར་སྐོར་གྱིས་དྲིལ་སྒྲོག་དང་སྦྱར་བྱང་སྦྱར་ཡིག་ཏུཤེས་བྱས་ལས་དབང་བསྒྱུར་ཐུབཅེས་སློབ་གསོ་གཏོང་བ་རེད།  དོན་དམ་པར་བོད་རིགས་ནི་གནའ་སྔ་མོ་ནས་ཤེས་རིག་ལ་ཤིན་ཏུ་བརྩི་མཐོང་བྱེད་པ་ཞིག་དང་སློབ་གསོའི་གལ་ཆེན་རང་བཞིན་ཤེས་པ་ཞིག་ཡིན།  དེས་ན་བོད་རིགས་སློབ་མ་སློབ་ཞུགས་ཚད་དམའ་བ་དང་།  སློབ་གྲྭའི་ནང་གཏན་འཇགས་ཚད་དམའ་བའི་རྒྱུ་མཚན་གཙོ་བོ་ནི་སློབ་གྲྭའི་སློབ་གསོའི་སློབ་ཁྲིད་སྐད་ཆ་དེ་བོད་རང་གི་ཕ་སྐད་མ་ཡིན་པ་དང་།  སློབ་མས་དགེ་རྒན་གྱིས་ཁྲིད་པའི་སྐད་གོ་མ་ཐུབ་པའི་རྐྱེན་གྱིས་སློབ་ཞུགས་དཔེ་ཀློག་ལ་སེམས་པ་མེད་པ།  ཁྱིམ་བདག་ཚོས་ཀྱང་འདི་ལྟ་བུའི་སློབ་གསོ་ནི་རང་གི་སློབ་གསོ་ལ་བརྩི་ཀི་མེད་ཅིང་བུ་ཕྲུག་སློབ་གྲྭར་བསྐྱལ་འདོད་ཀྱང་དེ་འདྲ་ཡོད་ཀྱི་མི་འདུགདེའི་ཕྱིར་གནས་ཚུལ་དངོས་ཀྱི་སྟེང་ནས་སློབ་རན་བྱིས་པ་འབོར་ཆེན་ཞིག་གིས་སློབ་གསོ་འཐོབ་པའི་གོ་སྐབས་ཤོར་འགྲོ་བ་རེད།  དེ་མིན་བོད་ཡིག་སློབ་གསོའི་འཕེལ་རྒྱས་བཟང་བའི་ས་ཆ་ན།  ཕ་སྐད་ཀྱིས་སློབ་ཁྲིད་བྱེད་པའི་ས་ཆ་ན།  སློབ་མ་སློབ་ཞུགས་ཀྱི་སེམས་ངར་ཞིང་།  ཁྱིམ་བདག་རྣམས་བུ་ཕྲུག་སློབ་གྲྭར་བསྐྱལ་བའི་བསྡུར་ཚད་ཀྱང་མཐོ་བ་རེད།  དེ་རུ་དོན་དམ་པས་སློབ་རན་བྱིས་པའི་སློབ་གསོ་འཐོབ་པའི་གོ་སྐབས་ཀྱང་ཁག་ཐེག་བྱས་ཡོད་པ་རེད། 

2.སློབ་ཁྲིད་བརྒྱུད་རིམ་ཁྲོད་དུ་སྐད་བརྡའི་གནད་དོན་གྱི་རྐྱེན་གྱིས།  བོད་རིགས་སློབ་མས་རྒྱ་རིག་སློབ་མ་དང་འདྲ་བའི་ཤེས་བྱ་བསླབ་མི་ཐུབ་པས་དོན་དམ་སྟེང་སློབ་སྦྱོང་ཕན་འབྲས་ཀྱི་བར་ཁྱད་བྱུང་བ་རེད།  བོད་རིགས་སློབ་མ་ནི་སློབ་གྲྭར་མ་ཞུགས་པའི་སྔོན་དུ་རྒྱ་སྐད་ཀྱི་སྐད་བརྡའི་ནུས་པ་རྒྱུད་འཛིན་(语言能力遗传)དང་རྗེས་ཐོབ་སྐད་བརྡ་སློབ་སྦྱོང་(后天的语言学习)གི་བརྒྱུད་རིམ་མེད་པས་སློབ་གྲྭར་ཞུགས་མ་ཐག་ནས་ད་གཟོད་རྒྱ་སྐད་རྒྱ་ཡིག་སྦྱང་འགོ་ཚུགས་པ་ཡིན།  དང་ཐོག་སྐད་བརྡ་ཆ་མེད་ཅིག་ལ་འཕྲད་པ་ཡིན་པས་རྒྱ་སྐད་ཀྱི་རིག་ལམ་རིག་སྟོབས་སྒྲིག་གཞི་གྲུབ་པ་ལྟ་ཞོགཐ་ན་ཆེས་རྒྱུན་ལྡན་གྱི་འབྲེལ་འདྲིས་ཀྱང་ཧ་ཅང་ཞན་པའི་ཆུ་ཚད་ཀྱི་གནས་སྐབས་ཡིན་པ་ལ།  ཐད་ཀར་དུ་རྒྱ་སྐད་ཀྱིས་གྲངས་རིག་དང་།  རང་བྱུང་།  སྤྱི་ཚོགས་སོགས་བསླབ་ཚན་རང་བཞིན་གྱི་སློབ་ཐུན་རྣམས་འཁྲིད་ན་ནི།  རང་བཞིན་གྱིས་གོ་མི་ཐུབ་པ་ཡིན་ནོ།  འདི་ནས་དང་ཐོག་གོ་མི་ཐུབ་པ་ནི་སྐད་བརྡ་ཡིན་པས་ཤེས་བྱའི་དཀའ་སའི་གནད་དོན་ཤེས་མིན་ནི་ད་དུང་བཤད་རན་མིན་པ་ཞིག་རེད།  དེའི་རྐྱེན་གྱིས་བོད་རིགས་སློབ་མ་དང་རྒྱ་རིག་སློབ་མའི་བར་ལ་རྒྱ་སྐད་སློབ་ཁྲིད་བརྒྱུད་རིམ་ཁྲོད་ནས་ལྷན་སྐྱེས་རང་བཞིན་ལྟ་བུའི་བར་ཁྱད་བྱུང་བ་རེད།  བར་ཁྱད་འདིའི་རིགས་ཀྱིས་དོན་དམ་པས་བོད་རིགས་སློབ་མ་དང་རྒྱ་རིགས་སློབ་མ་ལ་འདྲ་བའི་སློབ་ཁྲིད་ཆ་རྐྱེན་འོག་མི་འདྲ་བའི་ཤེས་བྱ་འཐོབ་ལེན་ལས་སྤུས་ཀ་དང་གྲངས་ཚད་ཀྱི་བར་ཁྱད་ཡོད་པར་བཟོས་པ་རེད།  དེས་ནི་སློབ་གསོ་འཐོབ་པའི་ཁེ་དབང་དེ་དོན་དངོས་སྟེང་འདྲ་མཉམ་མིན་པ་མངོན་པར་བྱས་ཡོད། 

3.བསླབ་རིམ་འཕར་བའི་བརྒྱུད་རིམ་ཁྲོད།  སྐད་བརྡའི་གནད་དོན་གྱི་རྐྱེན་གྱིས།  བོད་རིགས་སློབ་མ་འབོར་ཆེན་ཞིག་རྒྱུན་ལྡན་རིམ་འཕར་མི་ནུས་པར་རིམ་པ་གཅིག་མཐོ་བའི་མུ་མཐུད་སློབ་གསོ་དང་ལེན་གྱི་གོ་སྐབས་ཤོར་འགྲོ་བ་རེད།

གོང་ནས་སྨྲས་པ་ཇི་བཞིན།  བོད་རིགས་སློབ་མས་རྒྱ་སྐད་བཀོལ་སྤྱོད་བྱས་ནས་སྐད་བརྡའི་རིགས་མ་ཡིན་པའི་བསླབ་ཚན་སོ་སོའི་ཤེས་བྱ་སྦྱངས་ན།  ད་དུང་སྐད་བརྡའི་རིག་ལམ་རིག་སྟོབས་ཀྱི་སྒྲིག་གཞི་གྲུབ་མེད་པའི་རྐྱེན་གྱིས་སློབ་ཁྲིད་ཁྲོད་ནས་འཐོབ་ལེན་བྱུང་བའི་ཤེས་བྱའི་རྒྱུ་སྤུས་དང་གྲངས་ཚད་ཐད་གང་ཡིན་ཀྱང་རྒྱ་རིགས་སློབ་མ་དང་བསྡུར་ཚེ་དོན་དམ་པས་ཁྱད་པར་བྱུང་བ་རེད།  དེའི་ཕྱིར་བོད་རིགས་སློབ་མ་སློབ་ཆུང་ནས་དམའ་འབྲིང་དུ་འཕར་བ་དང་།  དམའ་འབྲིང་ནས་མཐོ་འབྲིང་དུ་འཕར་བ།  མཐོ་འབྲིང་ནས་སློབ་ཆེན་དུ་འཕར་བ་སྟེ།  འཕར་རིམ་རེ་རེའི་གནད་འགག་གི་སྐབས་སུ་སློབ་མ་འབོར་ཆེན་ཞིག་མར་ལྷུང་འགྲོ་ཞིང་རིམ་པ་གཅིག་མཐོ་བའི་སློབ་གསོའི་གོ་སྐབས་ཤོར་འགྲོ་བ་རེད།  དེས་ཀྱང་སློབ་གསོ་འཐོབ་པའི་ཁེ་དབང་དེ་དོན་དངོས་སྟེང་འདྲ་མཉམ་མིན་པ་མངོན་པར་བྱས་ཡོང་།  རྒྱ་རིགས་སློབ་མ་ཡང་སློབ་རིམ་འཕར་བའི་གནས་རེ་རེ་ནས་བརྒྱ་ཆའི་བརྒྱ་བོ་འཕར་ཐུབ་པ་མི་སྲིད་པ་ནི་སྨོས་མ་དགོས་མོད།  འོན་ཀྱང་མ་མཐའ་ཡང་སྐད་བརྡའི་གནད་དོན་གྱི་རྐྱེན་གྱིས་མར་ལྷུང་བ་ནི་མེད་དོ།  བོད་རིགས་སློབ་མའི་ནང་ན་ཡང་རྒྱ་སྐད་བཀོལ་ནས་སློབ་སྦྱོང་བྱས་ཏེ་རྒྱ་རིགས་སློབ་མའི་ཡན་ལ་འབུད་པ་ཡང་དངོས་གནས་ཡོད་མོད།  དེ་ནི་ཤིན་ཏུ་ཉུང་ཞིང་སྐད་བརྡའི་ལྷན་སྐྱེས་ཐུན་མིན་ཡིན་པའི་སློབ་མ་རེ་རེ་ཙམ་ཡིན་ནོ།  ང་ཚོས་སློབ་གསོ་བསྒྲུབ་པ་ནི་སློབ་མ་ཡོངས་ལ་ཁ་ཕྱོགས་དགོས་པ་སྟེ།  སློབ་མ་མང་ཆེ་ཤས་ཀྱི་ཡོངས་ཁྱབ་ཚད་ཐིག་(普遍基准)དེ་སློབ་གསོའི་ཇུས་ཆོད་ཀྱི་གཞི་ཁེན་ས་བྱེད་དགོས། 

4.སློབ་གསོའི་གྲུབ་འབྲས་ཀྱིས་སློབ་གསོ་འཐོབ་པ་པོ་ལ་ཁེ་ཕན་སྦྱིན་ཡོང་བའི་སྐབས་སུ།  སྐད་བརྡའི་གནད་དོན་གྱི་རྐྱེན་གྱིས་བོད་རིགས་སློབ་མ་ལ་རྒྱ་རིགས་སློབ་མ་དང་འདྲ་མཚུངས་ཡིན་པའི་ལས་ཞུགས་གོ་སྐབས་ཐོབ་མི་ཐུབ་པ་རེད། 

དེ་ཡང་བོད་རིགས་སློབ་མས་ད་དུང་རང་ཉིད་ཀྱི་རིག་ལམ་རིག་སྟོབས་སྒྲིག་གཞི་མ་གྲུབ་པའི་རྒྱ་སྐད་ཀྱིས་སྐད་བརྡའི་རིགས་མ་ཡིན་པའི་བསླབ་ཚན་སོ་སོ་སྦྱང་གིན་ཡོད་ཕྱིར།  སློབ་གསོ་འགོ་བརྩམ་པའི་དུས་རིམ་དང་།  སློབ་གསོའི་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་བོར་ནམ་ཡང་སྐས་རིམ་རེ་རེའི་སྟེང་ནས་རྒྱ་རིགས་སློབ་མ་དང་བསྡུར་ན་དོན་དམ་པས་བར་ཁྱད་ཡོད་ལ།  སློབ་ཁྲིད་ཀྱི་བརྒྱུད་རིམ་རེ་རེའི་ཁྲོད་ནས་དངོས་སུ་ཐོབ་པའི་ཤེས་བྱའི་རྒྱུ་སྤུས་དང་གྲངས་ཚད་གང་ཡིན་ཀྱང་རང་བྱུང་གི་ཚད་བཀག་ཅིག་གནས་པ་རེད།  དེའི་ཕྱིར་སློབ་གསོའི་མཇུག་འབྲས་ཀྱིས་བོད་རིགས་སློབ་མར་མཁོ་འདོན་བྱས་པའི་ལས་ཞུགས་འགྲན་རྩོད་ནུས་པ་ནི་ནམ་ཡང་རྒྱ་རིགས་སློབ་མ་ལས་ཞན་པ་རེད།  དེའི་ཕྱིར་ལས་ཞུགས་ལས་འདེམ་རྒྱུགས་སྤྲོད་ཁྲོད་དུ་བོད་རིགས་མཐར་ཕྱིན་སློབ་མ་འབོར་ཆེན་ཞིག་རྒྱ་རིགས་སློབ་མའི་འགྲན་ཡར་མི་འོངས་ཏེ།  གཞུང་ཞབས་པར་རྒྱུགས་མ་འཕྲོད་ན་ལས་དོན་སྡེ་ཁག་གི་རྒྱུགས་སྤྲོད་ལ་ཞུགས་པ་དང་།  དེ་ལ་མ་འཕྲོད་ན་ཡང་སྤྱི་ཚོགས་སྟེང་གི་ཙག་ཙིག་མང་པོའི་རྒྱུགས་ལ་ཞུགས་དགོས་པ་རེད།  ཡང་སྐོར་བསྐྱར་སྐོར་གྱི་ཡིག་རྒྱུགས་དང་ངོས་རྒྱུགས་ལ་ལར་བལྟས་ན་ནི་བསླབ་འབྲས་ཀྱིས་སློབ་མ་ལ་ཁེ་ཕན་སྦྱིན་རྒྱུ་ནི་ལྟ་ཞོགམིང་ཐོ་འགོད་པའི་འགྲོ་གྲོན་དང་།  རྒྱུགས་སྤྲོད་འགྲོ་གྲོན།  ཁ་རྒྱུགས་འགྲོ་གྲོན་སོགས་ཡང་དང་ཡང་དུ་བརླག་པ་མི་ཉུང་ཡང་།  ད་དུང་སྔར་བཞིན་འཇོན་མི་ཚོང་རའི་རྒྱུགས་སྤྲོད་སྣ་ཚོགས་ཀྱི་ནང་ན་འཆམ་འཆམ་བྱས་ནས་སྡོད་དགོས་བྱུང་འདུགབསླབ་འབྲས་མཇུག་འབྲས་འདི་རིགས་ཀྱིས་བོད་རིགས་སློབ་མ་ལ་མཁོ་འདོན་བྱས་པའི་ལས་ཞུགས་འགྲན་རྩོད་ནུས་ཤུགས་ཀྱིས་ནི་བོད་རིགས་སློབ་མར་སློབ་གསོ་འཐོབ་པའི་ཁེ་དབང་དོན་དངོས་སྟེང་འདྲ་མཉམ་མིན་པ་མངོན་པར་བྱས་ཟིན་པ་མ་ཟད།  འཇོན་མིའི་ཚོང་ར་ཡིས་བསྡུ་ལེན་རྒྱུགས་སྤྲོད་ཀྱི་ཚད་གཞིའི་སྟེང་ནས་བོད་རིགས་སློབ་མར་བཟུང་བའི་འདྲ་མཚུངས་ཚད་གཞི་དེ།  ཕྱི་ངོས་ནས་བལྟས་ན་ཧ་ཅང་འདྲ་མཉམདང་གོ་སྐབས་འདྲ་མཚུངས  ཡོངས་རྫོགས་རྒྱུགས་འབྲས་ལ་བལྟ་བ་ཞིག་ཡིན་མོད།  ཡིན་ན་ཡང་སློབ་གསོའི་བརྒྱུད་རིམ་ཧྲིལ་པོ་དེ་སྐད་བརྡའི་ལྷན་སྐྱེས་ཀྱི་བར་ཁྱད་སྟེང་ཚུགས་ཡོད་རྐྱེན།  བོད་རིགས་སློབ་མར་མཚོན་ནས་བཤད་ན་ངོ་བོའི་སྟེང་གི་འདྲ་མཉམ་མིན་པ་ཞིག་ཡིན་པ་རེད། 

5.རིམ་པ་རེ་རེའི་སློབ་ཁྲིད་བརྒྱུད་རིམ་ཁྲོད་ཀྱི་བསླབ་འབྲས་ཚད་གཞིའི་སྟེང་ན།  སྐད་བརྡའི་ལྷན་སྐྱེས་བར་ཁྱད་ཀྱི་རྐྱེན་དབང་གིས་བོད་རིགས་སློབ་མ་ལ་མཚོན་ནས་བཤད་ན་དོན་དངོས་སྟེང་འདྲ་མཉམ་མིན་པ་མངོན་ཡོད།  ཡང་བོད་རིགས་སློབ་མ་ཡིས་ནི་ད་དུང་རང་ཉིད་ཀྱི་རིག་སྟོབས་གཏན་ཚིགས་གྲུབ་ཚུལ་དུ་མ་གྱུར་པའི་སྐད་བརྡ་གཞན་ཞིག་གིས་སྐད་བརྡའི་རིགས་མ་ཡིན་པའི་བསླབ་ཚན་སོ་སོ་སྦྱང་དགོས་པའི་ཕྱིར་ན།  སློབ་ཁྲིད་བརྒྱུད་རིམ་རེ་རེའི་དུས་རིམ་སྟེང་གི་བསླབ་འབྲས་རྒྱུགས་འབྲས་དཔྱད་འཇོག་ཚད་གཞི་ལྟར་དཔྱད་འཇོག་བྱེད་སྐབས་སུ།  བོད་རིགས་སློབ་མ་ལ་འབྱུང་སྲིད་པའི་དོན་དངོས་སྟེང་གི་འདྲ་མཉམ་མིན་པ་འདི་ཉིད།  བོད་དང་རྒྱའི་སློབ་མ་འཛིན་གྲྭ་གཅིག་པའམ་ཡང་ན་སློབ་གྲྭ་གཅིག་ལ་འཛིན་གྲྭ་མི་གཅིག་པ།  ཡང་ན་འཛིན་གྲྭ་མི་གཅིག་ལ་སློབ་གྲྭ་མི་གཅིག་པའི་ས་ཆ་ཀ་བའི་རྒྱ་རིགས་སློབ་མ་དང་ས་ཆ་ཁ་བའི་བོད་རིགས་སློབ་མའི་བར་གང་ལའང་འདྲ་མཚུངས་སུ་གནས་པ་རེད།  དེའི་ཕྱིར་ལྷན་སྐྱེས་སྐད་བརྡའི་བར་ཁྱད་སྟེང་བསྒྲུབ་པའི་ཁྲིད་གཞི་མཚུངས་པའི་སློབ་ཁྲིད་ནི།  དཔྱད་འཇོག་ཚད་གཞི་དང་བྱེད་ཐབས་ཚང་མ་འདྲ་བའི་གནས་ཚུལ་འོག་ཏུ་ཡང་།  ཕ་སྐད་སློབ་མ་དང་ཕ་སྐད་མ་ཡིན་པའི་སློབ་མའི་བར་ལ་འདྲ་མཉམ་མིན་པ་ནི་ལྡོག་ཏུ་མེད་ལ་སློབ་མ་དང་སློབ་གྲྭ་དེ་ཇི་འདྲ་བར་ཐག་རིང་ན་ཡང་དོན་དངོས་ཐོག་ཚང་མ་དེ་འདྲ་ཡིན་སྲིད། 

6.སྤྱི་བའི་སློབ་གསོའི་ཐོན་ཁུངས་(公共教育资源)ལ་ལོངས་སྤྱོད་པའི་ཐད་ནས་ཀྱང་སྐད་བརྡ་དང་ཡི་གེའི་བར་ཁྱད་ཀྱི་དབང་གིས་བོད་རིགས་སློབ་མ་ལ་ནི་རྒྱ་རིགས་སློབ་མ་དང་མཚུངས་པའི་ལོངས་སྤྱོད་ཀྱི་གོ་སྐབས་ཐོབ་མི་ཐུབ་པ་རེད། 

བོད་ཁུལ་གྱི་རིམ་པ་སོ་སོའི་སློབ་གྲྭ་སོ་སོ་ལས་བོད་ཡིག་སློབ་གྲྭ་འགའ་ཞིག་མ་གཏོགས།  གཞན་སློབ་གྲྭ་ཚང་མའི་སློབ་གསོའི་སློབ་ཁྲིད་སྒྲིག་བཀོད་དང་།  སྒྲིག་ཆས།  དཔེ་མཛོད་རྒྱུ་ཆ།  སློབ་ཁྲིད་ལྷན་ཐབས་རྒྱུ་ཆ།  ཚོད་ལྟ་དཔྱད་ཆས།  སློབ་ཁྲིད་དོ་དམ་དང་ཞབས་ཕྱི་ཐམས་ཅད་ནས་ཀྱང་རྒྱ་སྐད་རྒྱ་ཡིག་སློབ་ཁྲིད་ལ་གཟས་པ་ལྟར་ཉོ་སྒྲུབ་དང་བསྒྲིགས་པ་ཡིན་པས།  དོན་དངོས་སྟེང་ནང་ལ་འཇུག་དཀའ་བའི་དཀའ་འགག་མང་པོ་བཟོས་བྱུང་བ་རེད།  དཔེ་མཛོད་རྒྱུ་ཆ་གཅིག་པུ་ལ་མཚོན་ནས་བཤད་ན་ཡང་།  དཔེ་ཀློག་འཇུག་བདེ་དང་།  གོ་བ་ཡང་དག འབྲེལ་བའི་རིག་པ།  གཅིག་ཤེས་ཀུན་གྲོལ།  གཅིག་མཐོང་གཞན་དྲན་སོགས་ཤེས་རྟོགས་བྱེད་ཕྱོགས་ནས་ཀྱང་རྒྱ་རིགས་སློབ་མ་དང་བསྡུར་ཚེ།  བག་ལ་ཞ་བའི་ལྷན་སྐྱེས་རང་བཞིན་གྱི་དཀའ་འགག་མང་པོ་ཞིག་ཡོད།  དེའི་ཕྱིར་རྒྱ་སྐད་ཕ་སྐད་ཡིན་པའི་སློབ་མ་དེ་ཚོ་བཞིན་དུ་གང་བསམ་ཐོགས་རྡུགས་མེད་པར་བཀོལ་ཐུབ་པ་ཞིག་མི་ནུས་ལ།  དོན་དངོས་སྟེང་བོད་སྐད་ཕ་སྐད་ཡིན་པའི་སློབ་མ་ཚོས་སྤྱི་བའི་སློབ་གསོའོ་ཐོན་ཁུངས་ལོངས་སྤྱོད་པ་ལ་དོན་དམ་པའི་བཀག་སྡོམ་ས་ཁུལ་མང་པོ་ཞིག་བྱུང་ཞིང་སློབ་གསོ་འཐོབ་པའི་ཁེ་དབང་དེ་དོན་དངོས་སྟེང་ནས་འདྲ་མཉམ་མིན་པ་མངོན་པར་བྱས་འདུགདེ་ཡང་བོད་ཁུལ་གྱི་མཐོ་གྲས་སློབ་གླིང་བརྒྱད་ཡོད་པ་དང་སྦྲེལ་ན།  བོད་སྐད་ཡིག་རྩོམ་རིག་ནི་བོད་སྐད་ཡིན་པ་མ་གཏོགས།  གཞན་པའི་ཆེད་ལས་སོ་སོ་དང་བསླབ་ཚན་སོ་སོ་ནི་ཡོངས་རྫོགས་རྒྱ་སྐད་རྒྱ་ཡིག་རྐྱང་རྐྱང་རེད།  དེའི་ཕྱིར་ས་དེ་གའི་བོད་རིགས་སློབ་མས་བོད་ཁུལ་སློབ་ཆེན་ལ་རྒྱུགས་འཕྲོད་པ་ཤིན་ཏུ་ཉུང་ལ།  ཡོད་ཚད་ནང་ལོགས་ཀྱི་སློབ་ཆེན་ལ་རྒྱུགས་མི་འཕྲོད་པའི་ནང་ལོགས་ཀྱི་སྐར་དམའ་སློབ་མའི་གསེར་བྱུག་སློབ་གླིང(镀金学院)དུ་གྱུར་འགྲོ་བ་རེད།  དེ་ནས་མཐོ་རྒྱུགས་གནས་སྤོས་ཡུལ་མི་དང་བོད་ཁུལ་མཐོ་རྒྱུགས་ཀྱི་སྐལ་བཙན་འཕྲོག་བྱེད་པ་དེ་དག་རྒྱུན་མཐོང་དོན་དངོས་ཤིག་ཏུ་གྱུར་བ་རེད།   འདིས་ཀྱང་བོད་རིགས་སློབ་མའམ་རྒྱུགས་མ་འཕྲོད་པའི་སློབ་མ་ཚོར་སློབ་གསོ་འཐོབ་པའི་ཁེ་དབང་དོན་དངོས་སྟེང་འདྲ་མཉམ་མིན་པ་བཟོས་པ་རེད། 

བཞི།  བོད་རིགས་སློབ་མས་ཕ་སྐད་ཀྱིས་སློབ་གསོ་དང་ལེན་བྱེད་པའི་ཁེ་དབང་ལ་ཇི་ལྟར་བརྩི་འཇོག་དང་ཁག་ཐེགབྱ་འོས་པ་རེད། 

གྲངས་ཉུང་མི་རིགས་ཀྱི་རང་གི་སྐད་དང་ཡི་གེ་བཀོལ་སྤྱོད་བྱས་ཏེ་སློབ་གསོ་དང་ལེན་བྱེད་པའི་ཁེ་དབང་ལ་བརྩི་འཇོག་དང་ཁག་ཐེགབྱ་དགོས་ན།  བོད་མི་རིགས་ལ་མཚོན་ནས་བཤད་ན་ནི་བོད་མི་རིགས་ཀྱི་བོད་སྐད་ཡིག་བཀོལ་སྤྱོད་བྱས་ཏེ་སློབ་གསོ་དང་ལེན་བྱེད་པའི་ཁེ་དབང་ལབརྩི་འཇོག་དང་ཁག་ཐེགབྱ་དགོས་པ་རེད།  དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིསློབ་གསོ་གོང་སྤེལ་འཆར་འགོད་རྩ་གནདལས་མི་རིགས་སློབ་གསོའིསྐོར་ཚན་གྱི་ནང་དོན་དེ་བོད་ཁུལ་སློབ་གསོའི་ཁྲོད་ནས་མཐར་འཁྱོལ་དངོས་འབེབསབྱེད་པར་དགོས་ངེས་ཀྱི་དོན་སྙིང་ཡིན།  དེའི་ཕྱིར་དེ་ནི་སྟོང་བཤད་ཀྱིས་ཐག་གཅོད་ཐུབ་པ་ཞིག་མིན་ཏེ།  ངེས་པར་དུ་འབྲེལ་ལྡན་བྱེད་ཐབས་དང་ཆ་རྐྱེན་ཡོད་པའི་ནང་།  བྱེ་བྲག་དང་དོན་དངོས་ཀྱི་བྱ་བས་རྒྱབ་རྟེན་བརྟན་པོ་བྱས་ན།  ད་གཟོད་ཤ་ཡོད་ཁྲག་ཡོད་ཚེ་སྲོག་དང་ལྡན་པའི་གསལ་བཤད་དང་གཏན་འཁེལ་ཞིག་ཏུ་འགྱུར་ཐུབ་སྲིད།  དེ་ལྟར་འགྱུར་བའི་སླད་བསྒྲུབ་ཏུ་འོས་པ་ནི། 

1.སློབ་གསོ་འཐོབ་པའི་ཁེ་དབང་ཁ་གཏད་ཕྱོགས་རིམ་པ་སོ་སོའི་སྲིད་གཞུང་གིས་ངེས་པར་ཁྲིམས་དང་གཏན་འབེབས་ལྟར་དུ།  སློབ་གསོ་འཐོབ་པའི་ཁེ་དབང་གཙོ་ཕྱོགས་བོད་མི་རིགས་ལ་ཕ་སྐད་བཀོལ་སྤྱོད་བྱས་ཏེ་སློབ་གསོ་དང་ལེན་བྱེད་པར་སྲིད་ཇུས་དང་།  སློབ་གྲྭདགེ་རྒན་ཐོན་ཁུངས།  འགྲོ་གྲོན།  ཁྲིད་གཞིའི་ལྷན་ཐབས་རྒྱུ་ཆ།  དཔེ་མཛོད།  དཔྱད་ཆས།  སྒྲིག་བཀོད་སོགས་ཀྱི་ཐད་ནས་གསར་གཏོད་དང་མཁོ་འདོན་བྱ་དགོས། 

སྲིད་ཇུས་ཀྱི་ཐད་ནས།  བོད་ཁུལ་གྱི་རིམ་པ་སོ་སོའི་སྲིད་གཞུང་དང་དེའི་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས།  བོད་ཁུལ་སློབ་གསོ་ལ་ཇུས་ཆོད་བགྱི་བའི་སྐབས་སུ།  ངེས་པར་དུ་རྩ་ཁྲིམས་དང་།  མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས།  སློབ་གསོའི་བཅའ་ཁྲིམས་དང་སློབ་གསོ་གོང་སྤེལ་འཆར་འགོད་རྩ་གནདབཅས་ཀྱི་ཁྲིམས་ལུགས་དོན་ཚན་དང་གཏན་འབེབས་ལྟར།  བོད་ཁུལ་སྐད་བརྡའི་གནས་བབ་དང་སློབ་མའི་སློབ་རྒྱུན་ས་གནས་(生源区)ཀྱི་ཕ་སྐད་ཀྱི་གནས་ཚུལ་དངོས་ལས་འགོ་ཚུགས་དགོས་ལ།  རྒྱ་སྐད་ཕ་སྐད་ཡིན་པའི་ལས་ཁུངས་ཀྱི་བུ་ཕྲུག་རྣམས་དང་བོད་སྐད་ཕ་སྐད་ཡིན་པའི་བོད་རིགས་ཀྱི་བུ་ཕྲུག་རྣམས་ནི།  སློབ་གྲྭ་དང་འཛིན་གྲྭ་རིགས་བཀར་ནས་ཚུགས་དགོས་ཤིང་རང་རང་སོ་སོའི་ཕ་སྐད་སློབ་ཁྲིད་ལག་བསྟར་བྱ་དགོས།  དེར་བརྟེན་རང་རང་སོ་སོས་རང་ཉིད་ཀྱི་སྐད་དང་ཡི་གེས་སློབ་གསོ་དང་ལེན་བྱེད་པའི་ཁེ་དབང་ལ་བརྩི་འཇོག་དང་ཁག་ཐེག་བྱ་བར་སྲིད་ཇུས་འགན་སྲུང་མཁོ་འདོན་བྱས་ནས་གོམ་པ་བརྟན་པོའི་ངང་རྒྱུན་བསྲིང་འཕེལ་རྒྱས་སུ་འགྲོ་རུ་འཇུག་དགོས།  འབྲེལ་ཡོད་སློབ་གསོའི་སྲིད་འཛིན་དཔོན་ཁག་གིས་ངེས་པར་དུ་ཁྲིམས་ལྟར་སློབ་མའི་སློབ་རྒྱུན་ས་ཆའི་ཕ་སྐད་གནས་བབ་ལ་བརྩི་མཐོང་དང་།  ཁྲིམས་ལྟར་ཁྲིམས་ལུགས་དང་སྲིད་ཇུས་ཀྱི་འབྲེལ་ལྡན་གཏན་འའབེབས་ལ་བརྩི་མཐོང་བྱས་ཏེ།  གཟབ་ནན་སྒོས་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་འཇགས་རང་བཞིན་ཁག་ཐེག་བྱ་དགོས།  དེ་བཞིན་དུ་འབྲེལ་ཡོད་ས་ཁུལ་གྱི་སློབ་མས་ཕ་སྐད་བཀོལ་ནས་སློབ་གསོ་དང་ལེན་བྱེད་པའི་ཁེ་དབང་ལ་ཁག་ཐེག་ཡོང་བ་བྱ་དགོས། 

སློབ་གྲྭའི་ཐད་ནས།  རྩ་ཁྲིམས་དང་།  མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་དང་སློབ་གསོའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་དོན་ཚན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གསོ་གོང་སྤེལ་འཆར་འགོད་རྩ་གནདབཅས་ཀྱི་གཏན་འབེབས་ལྟར།  བོད་ཁུལ་གྱི་བོད་སྐད་ཕ་སྐད་ཡིན་པའི་སློབ་རྒྱུན་ས་ཁུལ་གྱི་རྨང་གཞི་སློབ་གསོའི་སློབ་གྲྭ་ཡིན་ཕྱིན།  སློབ་ཆུང་ནས་དམའ་འབྲིང་དང་།  དེ་ནས་མཐོ་འབྲིང་བར་དཀྱུས་གཅིག་ཏུ་སྐད་བརྡའི་རིགས་ཀྱི་བསླབ་ཚན་ལ་སྐད་གཉིས་སློབ་གསོ་ལག་བསྟར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོགསྐད་བརྡའི་རིགས་མ་ཡིན་པའི་བསླབ་ཚན་སོ་སོ་ལ་ཕ་སྐད་སློབ་ཁྲིད་ལག་ལེན་བྱ་བའི་སློབ་གྲྭ་ཡིས།  བོད་རིགས་སློབ་མར་རང་གི་སྐད་དང་ཡི་གེས་སློབ་གསོ་དང་ལེན་བྱེད་ས་སློབ་གསོའི་ར་བའམ་སློབ་གྲྭ་མཁོ་འདོན་བྱེད་རྒྱུ་ཁག་ཐེག་བྱ་དགོས།  དུས་མཚུངས་སུ།  བོད་ཁུལ་གྱི་སྤྱི་ཚོགས་སྟོབས་ཤུགས་དང་དམངས་ཁྲོད་མ་དངུལ་གྱིས་འབྲིང་གྲས་དང་མཐོ་གྲས་ཀྱི།  བོད་སྐད་ནི་མ་གཞིའི་སློབ་ཁྲིད་སྐད་ཆར་བཀོལ་བའི་ལས་རིགས་སློབ་གསོ་དང་ཆེད་ལས་རང་བཞིན་གྱི་མཐོ་གྲས་སློབ་གསོའི་སློབ་གྲྭ་འཛུགས་སྒྲུབ་བྱེད་པར་སྐུལ་སློང་དང་རམ་འདེགས་བྱེད་དུ་འཇུག་པ་དང་དེ་དག་རྒྱལ་ཁབ་སློབ་སྒྲུབ་ཀྱི་དགོས་ངེས་ཁ་གསབ་ཏུ་བསྒྱུར་དགོས།  དེར་བརྟེན་བོད་རིགས་སློབ་མས་རང་གི་སྐད་དང་ཡི་གེ་བཀོལ་ནས་འོས་འགན་སློབ་གསོ་དང་།  འབྲིང་གྲས་སློབ་གསོ།  མཐོ་གྲས་སློབ་གསོ་དང་ལས་རིགས་སློབ་གསོ་བཅས་དང་ལེན་བྱེད་པའི་ཁེ་དབང་ཁག་ཐེག་ཡོང་བ་བྱ་དགོས། 

དགེ་རྒན་ཐོན་ཁུངས་ཐད་ནས།  བོད་རིགས་སློབ་མས་རང་གི་སྐད་དང་ཡི་གེ་བཀོལ་ནས་སློབ་གསོ་དང་ལེན་བྱེད་པའི་ཁེ་དབང་ཁག་ཐེག་མངོན་འགྱུར་ཡོང་ཆེད།  སློབ་གསོའི་ར་བའམ་སློབ་གྲྭ་ཁག་ཐེག་བྱེད་པའི་དུས་མཚུངས་སུ།  ངེས་པར་དུ་བབ་མཚུངས་ཀྱི་དགེ་རྒན་དཔུང་སྡེ་ཁག་ཐེག་བྱེད་དགོས།  དེ་ཡང་རྨང་གཞི་སློབ་གསོའི་དུས་རིམ་གྱི་བསླབ་ཚན་རེ་རེའི་ཕ་སྐད་དགེ་རྒན་ཐོན་ཁུངས་དང་།  རིམ་གྲས་སློབ་གསོ་དང་མཐོ་གྲས་སློབ་གསོའི་དུས་རིམ་གྱི་བསླབ་ཚན་སོ་སོ་དང་ཆེད་ལས་རེ་རེར་ཕ་སྐད་དགེ་རྒན་ཐོན་ཁུངས་དགོས་པ་རེད།  འདིས་ནི་ཁེ་དབང་གི་ཁ་གཏད་ས་རིམ་པ་སོ་སོའི་སྲིད་གཞུང་ལ།  ངེས་པར་དུ་ཁྲིམས་ལྟར་བོད་སྐད་དགེ་ཐོན་སློབ་གྲྭའི་སློབ་གསོར་མཐོང་ཆེན་སྒོས་ཆེད་ལས་ནུས་རྩལ་ཚད་ལོན་དང་དེང་རབས་སློབ་གསོའི་ལྟ་བ་ལྡན་པ།  བསླབ་ཚན་སོ་སོའི་སློབ་ཁྲིད་ལས་སྒོ་འཕེར་ཞིང་ཚད་ལྡན་ཡིན་པའི་བོད་སྐད་བོད་ཡིག་དགེ་ཐོན་སློབ་གྲྭའི་མཐར་ཕྱིན་སློབ་མ་སྐྱེད་བསྲིང་བྱ་དགོས་པ་དང་།  ཟམ་མི་ཆད་པར་བོད་ཁུལ་རིམ་པ་སོ་སོ་དང་རིགས་སོ་སོའི་ཕ་སྐད་སློབ་གསོའི་སློབ་གྲྭ་ཕུན་སུམ་ཇེ་ཚོགས་སུ་གཏང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། 

སློབ་དེབ་དང་ལྷན་ཐབས་རྒྱུ་ཆའི་ཐད་ནས།  བོད་རིགས་སློབ་མས་རང་གི་སྐད་དང་ཡི་གེ་བཀོལ་ནས་སློབ་གསོ་དང་ལེན་བྱེད་པའི་ཁེ་དབང་ཁག་ཐེག་མངོན་འགྱུར་ཡོང་ཆེད།  སློབ་གྲྭ་དང་དགེ་རྒན་ཐོན་ཁུངས་ཁག་ཐེག་བྱེད་པའི་དུས་མཚུངས་སུ།  ངེས་པར་དུ་བསླབ་ཚན་སོ་སོ་དང་ཆེད་ལས་སོ་སོའི་བོད་ཡིག་སློབ་དེབ་དང་ལྷན་ཐབས་རྒྱུ་ཆ་ཁག་ཐེག་བྱ་དགོས།  ད་ཡོད་བོད་ཡིག་སློབ་དེབ་འཛུགས་སྐྲུན་གྱི་རྨང་གཞིའི་སྟེང་དུ།  ཆེད་ལས་ཀྱི་རིགས་དང་བསླབ་ཚན་གྱི་ཁྱབ་ཁོངས་རྒྱུན་མི་ཆད་པར་རྒྱ་སྐྱེད་དགོས་ཤིང་།  སློབ་དེབ་ལོ་ཙྰ་བསྒྱུར་བ་ནས་རིམ་གྱིས་སློབ་དེབ་རང་གིས་བསྒྲིགས་པར་བར་བརྒལ་བྱས་ཏེ་བོད་ཡིག་གི་བསླབ་ཚན་སོ་སོའི་ཆེད་མཁས་པར་སློབ་དེབ་རང་སྒྲིག་བྱེད་དུ་བཅུག་ནས།  འགྲན་རྩོད་ལེགས་འདེམས་དང་དཔེ་སྐྲུན་བྱས་ཏེ་རིམ་པ་སོ་སོ་རིགས་ཁག་སོ་སོའི་སློབ་གྲྭའི་སྒྲིག་ཆས་བྱ་དགོས།  དུས་མཚུངས་སུ་སློབ་དེབ་དང་ལྷན་ཐབས་རྒྱུ་ཆ་སྟེ་དགེ་རྒན་ལ་དགོས་པའི་སློབ་དེབ་ལྷན་ཐབས་རྒྱུ་ཆ་དང་སློབ་མ་ལ་དགོས་པའི་སློབ་དེབ་ལྷན་ཐབས་རྒྱུ་ཆའི་སྒྱུར་སྒྲིག་དཔེ་སྐྲུན་ལ་མཐོང་ཆེན་བྱ་དགོས་ཤིང་།  མིག་སྔར་གྱི་བོད་ཡིག་སློབ་དེབ་བསླབ་ཚན་ཁྱབ་ཁོངས་གུ་དོག་པ་དང་སློབ་དེབ་དབྱུག་རྐྱང་(光杆教材)ཁོ་ན་ཡིན་པ།  འབྲེལ་ཡོད་ལྷན་ཐབས་དཀོན་པའི་རྣམ་པ་བཅས་བསྒྱུར་དགོས།  དེར་བརྟེན་དགེ་རྒན་གྱི་སློབ་ཁྲིད་གྲ་སྒྲིག་དང་སློབ་མའི་སློབ་སྦྱོང་བསྐྱར་སྦྱོང་ལ་སློབ་དེབ་སྤུས་ལེགས་དང་རྒྱུ་ཆ་འཛོམ་པོ་ཡོད་དུ་འཇུག་དགོས་ཤིང་།  སློབ་མས་ཕ་སྐད་ཀྱིས་སློབ་གསོ་དང་ལེན་བྱེད་པའི་ཁེ་དབང་ཁག་ཐེག་ཡོང་བར་སྤུས་ལེགས་སློབ་གསོར་བརྟེན་ནས་སློབ་མ་ལ་ཏན་ཏིག་གི་བསླབ་ཚན་ཤེས་བྱ་དང་ཅུང་བཟང་བའི་ལས་ཞུགས་འགྲན་རྩོད་ནུས་ཤུགས་མཁོ་འདོན་བྱ་དགོས། 

དཔེ་མཛོད་དང་དཔྱད་ཆས་ཐད་ནས།  བོད་རིགས་སློབ་མས་རང་གི་སྐད་དང་ཡི་གེ་བཀོལ་ནས་སློབ་གསོ་དང་ལེན་བྱེད་པའི་ཁེ་དབང་ཁག་ཐེག་བྱ་ཆེད།  བོད་ཡིག་གི་རིམ་པ་སོ་སོ་དང་རིགས་ཁག་སོ་སོའི་སློབ་གྲྭར་དཔེ་མཛོད་དང་ཚོད་ལྟའི་དཔྱད་ཆས་སྒྲིག་བཀོད་བསྒྲིག་དགོས།  དཔེ་མཛོད་འཛུགས་སྐྲུན་ཁྲོད་དུ།  བོད་རིགས་སྲོལ་རྒྱུན་ཕུལ་བྱུང་བསྟན་བཅོས་བསྒྲིག་པའི་དུས་མཚུངས་སུ།  དེང་རབས་ཚན་རིག་ལག་རྩལ་དང་དེང་རབས་ལས་སྒོ་སོ་སོའི་བསླབ་ཚན་གྱི་རྒྱུན་ཤེས་རང་བཞིན་ཅན་གྱི་ཀློག་དེབ་གཙོ་བོར་བཟུང་ནས་བསྒྲིག་དགོས།  རྨང་གཞི་སློབ་གསོའི་སློབ་གྲྭས་ནི་དེང་རབས་ཚན་རིག་ལག་རྩལ་དང་དེང་རབས་ལས་སྒོ་སོ་སོའི་བསླབ་ཚན་གྱི་རྒྱུན་ཤེས་རང་བཞིན་ཅན་གྱི་ཀློག་དེབ་གཙོ་བོར་བཟུང་ནས་བསྒྲིག་དགོས་ལ།  འབྲིང་གྲས་མཐོ་གྲས་ཀྱི་སློབ་གྲྭ་དང་སློབ་གླིང་གིས་དེང་རབས་ཚན་རིག་ལག་རྩལ་དང་ལས་སྒོ་སོ་སོའི་བསླབ་ཚན་སྐོར་གྱི་རིག་གཞུང་བརྩམས་ཆོས་དང་མདུན་གྲས་འགུལ་རྣམ་གསང་འཕྲིན་རང་བཞིན་(前沿动态情报性)རྒྱུ་ཆ་གཙོ་བོར་བཟུང་ནས་བསྒྲིག་དགོས།  འདིས་ནི་གོང་གསལ་དཔེ་མཛོད་རྒྱུ་ཆ་དེ་དག་གི་ལོ་ཙྰ་དཔེ་སྐྲུན་བྱ་བར་ཤུགས་སྣོན་དང་མཐོང་ཆེན་བྱ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།  དུས་མཚུངས་སུ་བོད་ཡིག་སློབ་ཁྲིད་གཞི་རྩ་ཡིན་པའི་སློབ་གྲྭ་དང་སློབ་གླིང་གི་ཚོད་ལྟའི་དཔྱད་ཆས་སྒྲིག་བཀོད་འཛུགས་སྐྲུན་བཀོད་སྒྲིག་བྱེད་ཕྱོགས་དང་ཚོད་ལྟ་ཁང་གི་འཛུགས་སྐྲུན་དེ་ངེས་པར་དུ་བབ་མཚུངས་ཀྱི་སློབ་གྲྭའི་ཚད་གཞི་དང་མཐུན་པའི་སྒོ་ནས་འཛུགས་སྐྲུན་བྱ་དགོས་ལ།  དེར་བརྟེན་བོད་ཡིག་བསླབ་ཚན་སོ་སོའི་སློབ་མའི་ལག་འགུལ་བཀོལ་སྤྱོད་དང་ཚན་རིག་ཚོད་ལྟའི་ནུས་པ་མཐོར་འདེགས་གཏང་ཐུབ་པ་བྱ་དགོས། 

གྲོན་དངུལ་གྱི་ཐད་ནས།  བོད་རིགས་སློབ་མས་རང་གི་སྐད་དང་ཡི་གེ་བཀོལ་ནས་སློབ་གསོ་དང་ལེན་བྱེད་པའི་ཁེ་དབང་མངོན་འགྱུར་གང་ལེགས་བྱེད་ཆེད།  ངེས་པར་དུ་ཁྲིམས་ལྟར་གོང་སྨོས་སྲིད་ཇུས་དང་།  སློབ་གྲྭདགེ་རྒན་ཐོན་ཁུངས།  སློབ་དེབ་ལྷན་ཐབས་རྒྱུ་ཆ།  དཔེ་མཛོད།  དཔྱད་ཆས་སོགས་ཀྱི་འགན་སྲུང་ཁག་ཐེག་བྱ་དགོས་པ་མ་ཟད།  ཆ་རྐྱེན་འདི་དག་གསར་འཛུགས་བྱེད་པར་གྲོན་དངུལ་ཡོད་པར་བྱ་དགོས།  དེའི་ཕྱིར་ཕ་སྐད་ཀྱིས་སློབ་གསོ་དང་ལེན་བྱེད་པའི་ཁེ་དབང་གི་ཁ་གཏད་ས་དེས་ངེས་པར་དུ་ཁྲིམས་ལུགས་དང་སྲིད་ཇུས་གཞི་འཛིན་པ་དང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གསོའི་གྲོན་དངུལ་ནི་རྒྱལ་དམངས་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་འཕར་བའི་བསྡུར་ཚད་ལྟར་འཕར་སྣོན་དགོས་པའི་གཏན་འཁེལ་བཞིན་དུས་ལྟར་འདང་དུ་འཇུག་དགོས།  དུས་མཚུངས་སུ་བོད་ཀྱི་གཏམ་དཔེ་ལས་བཤད་པའི་རྩམ་པ་རང་གིས་ཟོས་ནས་རྩམ་ཁུག་གཞན་མགོར་བསྐོན་པའིགནས་ཚུལ་བཟློག་ཆེད་དུ།  བོད་ཁུལ་གྱི་བོད་ཡིག་ཕ་སྐད་ཡིན་པའི་སློབ་ཁྲིད་ཅན་གྱི་སློབ་གྲྭའི་གྲོན་དངུལ་དང་རྒྱ་ཡིག་ཕ་སྐད་ཡིན་པའི་སློབ་ཁྲིད་ཅན་གྱི་སློབ་གྲྭའི་གྲོན་དངུལ་ནི་རིགས་དབྱེ་ཆེད་ལམ་(分类专线)དང་ཆེད་དངུལ་ཆེད་གཏོང་བྱས་ནས།  བོད་ཡིག་སློབ་གསོའི་སློབ་གྲྭའི་གྲོན་དངུལ་དག་དུས་ལྟར་འདང་ངེས་ཀྱི་སྒོ་ནས་ཆེད་དངུལ་དོན་ཐོག་ཏུ་དབབ་རྒྱུ་ཁག་ཐེག་བྱ་དགོས།  དེར་བརྟེན་བོད་ཡིག་སློབ་གྲྭ་ནི་མ་ཡར་གྱིས་གསོ་བའི་སློབ་གྲྭ(后娘养的学校)ཞིག་ཏུ་མི་འགྱུར་བ་བྱེད་དགོས། 

2.སློབ་གསོ་འཐོབ་པའི་ཁེ་དབང་གི་ཁ་གཏད་ས་རིམ་པ་སོ་སོའི་སྲིད་གཞུང་གིས་ངེས་པར་དུ་ཁྲིམས་དང་གཏན་འབེབས་ལྟར།  ཁེ་དབང་གཙོ་བོ་ཕྱོགས་བོད་མི་རིགས་ལ།  ཕ་སྐད་སློབ་གསོའི་མཐར་ཕྱིན་སློབ་མར་ལས་ཞུགས་གོ་སྐབས་གང་ལེགས་གསར་གཏོད་དང་མཁོ་འདོན་བྱ་དགོས།  དེ་ནི་ཚོང་ར་དང་།  ལས་གནས།  ལས་རིགས་དབྱེ་སྟངས།  ཚོང་རར་གཞུག་ཆོག།  ཁེ་ཕན་འཐོབ་ཚུལ་སོགས་ཀྱི་གོ་སྐབས་གང་ལེགས་མཁོ་འདོན་བྱ་དགོས་པ་རེད། 

ཁེ་དབང་གོ་དོན་གྱི་རྒྱུ་རྐྱེན་གཙོ་བོ་ལས་བརྟགས་ན།  ཁེ་དབང་གི་བྱེད་པོས་ཁེ་དབང་སྤྱད་ན་ཁེ་དབང་གི་བྱེད་པོར་ཁེ་ཕན་སྤྲོད་ཐུབ།  སློབ་གསོའི་ཁེ་དབང་འཐོབ་པ་པོས་ཁེ་དབང་སྤྱད་དེ་སློབ་གསོ་འཐོབ་པ་པོ་རང་ལ་ཁེ་དབང་ཁྱེར་ཡོང་སྲིད།  དེ་ཡང་ཇེ་གསལ་དུ་བཏང་ནས་བཤད་ན་སློབ་གསོ་འཐོབ་པ་པོ་ཡིས་སློབ་གསོ་འཐོབ་པ་བརྒྱུད་ནས་ལས་ཞུགས་བྱ་ཐུབ་པ་དང་འཚོ་གནས་ཀྱི་ཆ་རྐྱེན་འཐོབ་ཐུབ་པ་རེད་ཟེར་བ་ཡིན།  བོད་རིགས་སློབ་མས་རང་གི་སྐད་དང་ཡི་གེ་བཀོལ་ནས་སློབ་གསོ་དང་ལེན་བྱེད་པའི་ཁེ་དབང་ལག་བསྟར་བརྒྱུད་དེ།  ཕ་སྐད་སློབ་གསོ་དང་ལེན་བྱས་རྗེས་ལས་ཞུགས་ཐུབ་པ་དང་།  མཐར་ཕྱིན་སློབ་མ་ལ་བྱ་བ་དང་སྤྱི་ཚོགས་ཞབས་ཕྱི་བསྒྲུབ་པའི་གོ་སྐབས་མཁོ་འདོན་བྱ་ཐུབ།  དེར་བརྟེན་རང་ཉིད་ལ་བབ་མཚུངས་ཀྱི་ཁེ་ཕན་ཕོགས་སྐལ་འཐོབ་ཐུབ།  དེས་ན་དེ་ལ་བོད་ཡིག་འཇོན་མི་མཁོ་བའི་ལས་ཞུགས་ཚོང་ར་དགོས་པ་དང་།  ཚོང་ར་དེ་ཡང་ལས་གནས་ཀྱིས་ཐག་བཅད་པ་ཡིན་པས་ལས་གནས་ཡོད་ཚེ་ཚོང་ར་ཡང་ཡོད་པ་ཡིན།  དེའི་ཕྱིར་བོད་རིགས་སློབ་མས་ཕ་སྐད་བཀོལ་ནས་སློབ་གསོ་དང་ལེན་བྱེད་པའི་ཁེ་དབང་མངོན་འགྱུར་ཡོང་བ་ཁག་ཐེག་བྱ་ཆེད།  ཁེ་དབང་ཁ་གཏད་ཕྱོགས་རིམ་པ་སོ་སོའི་སྲིད་གཞུང་གིས་བོད་ཀྱི་ཕ་སྐད་སློབ་གསོའི་མཐར་ཕྱིན་སློབ་མ་ལས་ཞུགས་གང་ལེགས་ཡོང་བར་ཚོང་ར་མཁོ་འདོན་བྱེད་དགོས་ལ།  ལས་གནས་གསར་འཛུགས་ཀྱང་བྱེད་དགོས།  རྒྱུན་ལྡན་གྱི་གནས་ལུགས་ལྟར་ན།  བོད་ཁུལ་ནི་མ་གཞི་ནས་བོད་ཡིག་འཇོན་མི་རྒྱ་ཆེར་ཁྱབ་པའི་ཚོང་ར་ཞིག་ཡིན་འོས་ལ།  གོང་ནས་བཤད་པའི་བོད་ཡིག་དེང་རབས་བསླབ་ཚན་སོ་སོ་དང་ཆེད་ལས་སོ་སོའི་སློབ་གསོའི་འཕེལ་རྒྱས་བརྒྱུད་དེ་བོད་ཀྱི་ཕ་སྐད་སློབ་གསོའི་ལས་སྒོ་སོ་སོའི་ཆེད་ལས་ཀྱི་འཇོན་མི་རྒྱུན་ཆད་མེད་པར་འབྱུང་ངེས་པ་ཞིག་ཡིན་དགོས།  དེ་མཚུངས་སུ་རིམ་པ་སོ་སོའི་སྲིད་གཞུང་གིས་ངེས་པར་དུ་ཕྱོགས་གཅིག་ནས་བོད་ཡིག་དེང་རབས་བསླབ་ཚན་སོ་སོ་དང་ཆེད་ལས་སོ་སོའི་སློབ་གསོའི་འཕེལ་རྒྱས་ཁག་ཐེག་བྱ་དགོས་ཤིང་།  ཕྱོགས་གཞན་ཞིག་ནས་བོད་ཡིག་གི་བསླབ་ཚན་སོ་སོ་དང་ཆེད་ལས་སོ་སོའི་འཇོན་མི་ལས་ཞུགས་ཀྱི་ཚོང་ར་གསར་འཛུགས་དང་།  ལས་གནས་མཁོ་འདོན།  ཚོང་རར་གཞུག་ཆོག་པའི་ཆ་རྐྱེན་བསྐྲུན་ནས་དེ་ཚོར་བོད་ཁུལ་སྤྱི་ཚོགས་ཁྲོད་དུ་དཔའ་རྩལ་འདོན་ཡུལ་ཡོད་པར་བྱས་ནས་དེ་དག་ལ་ཁེ་ཕན་འཐོབ་པའི་གོ་སྐབས་མཁོ་འདོན་དང་།  དེ་དག་གིས་ཕ་སྐད་བཀོལ་ནས་སློབ་གསོ་དང་ལེན་བྱས་པའི་གྲུབ་འབྲས་ལོན་པར་སྤྱི་ཚོགས་ཀྱི་ཁས་ལེན་འཐོབ་པར་ཁག་ཐེག་བྱ་དགོས་ཤིང་།  དེར་བརྟེན་སློབ་གསོ་འཐོབ་པའི་ཁེ་དབང་འདྲ་མཉམ་གྱི་བླང་བྱ་མངོན་འགྱུར་བྱ་དགོས།  དེས་མི་ཚད་འདི་དག་ཐམས་ཅད་རྒྱུན་སྲོལ་ཅན་དང་མུ་མཐུད་ཅན་དུ་བསྒྱུར་དགོས་པ་སྟེ།  བོད་ཁུལ་ཕ་སྐད་སློབ་གསོ་གོང་སྤེལ་རྒྱུན་སྲོལ་ཅན་དང་མུ་མཐུད་ཅན།  བོད་ཡིག་སློབ་མ་མཐར་ཕྱིན་ལས་ཞུགས་རྒྱུན་སྲོལ་ཅན་དང་མུ་མཐུད་ཅན།  བོད་ཡིག་བསླབ་ཚན་སོ་སོ་དང་ཆེད་ལས་སོ་སོའི་འཇོན་མིའི་ཚོང་རའི་ལས་གནས་དང་ཚོང་རར་གཞུག་ཆོག་པའི་ཆ་རྐྱེན་རྒྱུན་སྲོལ་ཅན་(常规化)དང་མུ་མཐུད་ཅན།  བོད་ཀྱི་ཕ་སྐད་སློབ་གསོའི་མཐར་ཕྱིན་སློབ་མར་ཁེ་ཕན་འཐོབ་པའི་གོ་སྐབས་རྒྱུན་སྲོལ་ཅན་དང་མུ་མཐུད་ཅན་དུ་བསྒྱུར་དགོས་ཤིང་།  དེས་མི་ཚད་འདི་དག་ཐམས་ཅད་ནི་བོད་ཁུལ་གྱི་གཞུང་དོན་སྒྲུབ་པ་དང་།  དཔལ་འབྱོར་འཛུགས་སྐྲུན།  ཚན་རིག་ཞིབ་འཇུག།  སྐྱེ་ཁམས་སྲུང་སྐྱོབ།  སློབ་གསོ་གསོ་རིག།  རིག་གནས་ལས་ཁུངས་སོགས་སྤྱི་ཚོགས་རྒྱུན་སྲོལ་ལས་རིགས་དང་།  ཁེ་ལས།  སྲིད་གཞུང་འགན་ནུས་སྡེ་ཁག་སོགས་བརྒྱུད་ནས་ལས་རིགས་དབྱེ་སྟངས་སོ་སོའི་ཕྱོགས་ཡོངས་ཀྱི་དགོས་མཁོའི་ཁྲོད་དུ་མུ་མཐུད་དུ་རྒྱུན་སྲོལ་ལས་ཞུགས་ལམ་ལུགས་ནང་རྐྱེན་འཐོབ་དགོས་ཡིན་པ་ལ།  དུས་བབ་གང་ཞིག་གི་བྲེལ་བས་བདའ་བའི་གནས་ཚུལ་འོག་བབ་བསྟུན་སྐད་གཉིས་འཇོན་མིདགོས་པའི་བླང་བྱ་འདོན་སྟངས་ཤིག་མཁོ་བ་ནི་མ་ཡིན་ནོ། །

གོང་སྨོས་ཀྱི་ཕྱོགས་ཆེན་པོ་གཉིས་ནས་འབད་བརྩོན་བརྒྱུད་པས་ན།  ཕ་སྐད་ཀྱིས་སློབ་གསོ་དང་ལེན་བྱེད་པའི་ཁེ་དབང་འདྲ་མཉམ་དོན་དངོས་ཅན་དུ་འགྱུར་བ་དང་།  ཕ་སྐད་བཀོལ་ནས་སློབ་གསོ་དང་ལེན་བྱེད་པའི་གོ་སྐབས་འདྲ་མཚུངས་མངོན་སུམ་ཅན་དུ་འགྱུར་བ་དང་།  ཕ་སྐད་བཀོལ་ནས་སློབ་གསོ་འཐོབ་པའི་ཁེ་དབང་གི་ཐོན་ཁུངས་ཞིབ་ཕྲ་ཅན་དུ་འགྱུར་བ།  ཕ་སྐད་བཀོལ་ནས་སློབ་གསོ་འཐོབ་པའི་གྲུབ་འབྲས་ཁེ་ཕན་དུ་འགྱུར་ཐུབ་པ་རེད།  འདི་ལྟར་བསྒྲུབས་ན་ནི་སློབ་གསོ་འཐོབ་པའི་ཁེ་དབང་འདྲ་མཉམ་དེ་ད་གཟོད་ལྐོག་ན་གནས་པའི་ཁྲིམས་ལུགས་དོན་ཚན་གྱི་ཡིག་ཐོག་ལས་ཕྱིར་བུད་དེ།  སྐད་ཆ་ཆེན་པོ་ཤོད་པའི་སྟོང་གཏམ་གྱི་ཆབ་སྲིད་རྩ་དོན་ལས་མར་བབས་ནས།  དངོས་ཡོད་སྤྱི་ཚོགས་ནང་དུ་ཞུགས་ནས་མི་རྣམས་ཀྱིས་དངོས་སུ་ཚོར་ཐུབ་པ་དང་ཤེས་ཐུབ་པའི་གསོན་པོ་དྲོན་པོ་ཡིན་པའི་བདེན་པའི་ནང་དོན་དུ་འགྱུར་ཐུབ་པ་རེད། 

མདོར་ན།  སློབ་གསོ་ནི་ཚན་རིག་གི་གནད་དོན་ཅིག་ཡིན་པས་རང་གི་ཆོས་ཉིད་དང་ལྡན་པ་ཞིག་ཡིན།  ཚན་རིག་གི་རྣམ་འགྱུར་གྱིས་སློབ་གསོའི་ཆོས་ཉིད་ལ་བརྩི་སྲུང་དང་མི་ཡི་ཤེས་རྟོགས་ཆོས་ཉིད་ལ་བརྩི་འཇོག་བྱས་ཏེ་སློབ་གསོའི་བྱ་བ་བསྒྲུབས་ན།  གྲངས་ཉུང་མི་རིགས་ཀྱིས་རང་མི་རིགས་ཀྱི་སྐད་བརྡ་དང་ཡི་གེ་བཀོལ་སྤྱོད་བྱས་ཏེ་སློབ་གསོ་དང་ལེན་བྱེད་པའི་ཁེ་དབང་ལ་བརྩི་འཇོག་དང་ཁག་ཐེགངེས་པར་བྱེད་ཐུབ་པ་རེད།  དེ་ལས་ད་དུང་ཇེ་གསལ་དུ་བཏང་ནས་བཤད་ན་ནི།  དོན་གྱིས་གྲངས་ཉུང་མི་རིགས་ཀྱིས་རང་མི་རིགས་ཀྱི་སྐད་བརྡ་དང་ཡི་གེ་བཀོལ་སྤྱོད་བྱས་ཏེ་སློབ་གསོ་དང་ལེན་བྱེད་པའི་ཁེ་དབང་ལ་བརྩི་འཇོག་དང་ཁག་ཐེག་བྱེད་དགོསན་ངེས་པར་དུ་གྲངས་ཉུང་མི་རིགས་ས་ཁུལ་དུ་སློབ་གསོའི་ཆོས་ཉིད་དང་མིའི་ཤེས་རྟོགས་ཆོས་ཉིད་ལ་བརྩི་འཇོག་བྱེད་དགོས་པ་རེད།  དེ་ལྟར་བྱས་ན་ད་གཟོད་སློབ་གསོ་འཐོབ་པའི་ཁེ་དབང་འདྲ་མཉམ་མངོན་འགྱུར་ཡོང་བར་ཆེས་གཞི་རྩའི་རྨང་གཞི་མཁོ་འདོན་བྱེད་ཐུབ་པ་རེད།

གསར་འགོད་པ།   སྨྲ་ཁམས་མཁའ་འགྲོ་རྒྱལ།

རྩོམ་ཡིག་འདི་རྒྱ་ཡིག་གི་ལམ་ནས་གཟིགས་འདོད་ན་འདིར་ཕེབས་ཤོག

汉文版


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། bjbp བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23540466
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།