གླང་ཆེན་འགྱིང་རིར་མཇལ་སྐོར་དུ་སོང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 8 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »གླང་ཆེན་འགྱིང་རིར་མཇལ་སྐོར་དུ་སོང་བ།
གླང་ཆེན་འགྱིང་རིར་མཇལ་སྐོར་དུ་སོང་བ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2020-09-08ལྟ་ཀློག (2479)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གླང་ཆེན་འགྱིང་རིར་མཇལ་སྐོར་དུ་སོང་བ།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

དང་བོ།

རྗེ་བཙུན་འཇམ་པའི་དབྱངས་ཀྱི་གནས། རི་བོ་དྭངས་བསིལ་ལམ་རི་བོ་རྩེ་ལྔ། འཕགས་པ་ཀུན་ཏུ་བཟང་བོའི་གནས། རི་བོ་འོད་གསལ་ལམ་གླང་ཆེན་འགྱིང་རི། འཕགས་མཆོག་སྤྱན་རས་གཟིགས་ཀྱི་གནས། རི་བོ་གྲུ་འཛིན་ནམ་པོ་ཏ་ལ། འཕགས་པ་སའི་སྙིང་བོའི་གནས། རི་བོ་པད་འདབ་དགུ་བའམ་དཔལ་རི་རྩེ་དགུ་བཞི་ནི། མ་ཧཱ་ཙི་ནའི་ཡུལ་ཀྱི་ནང་བསྟན་གནས་རི་གྲགས་ཅན་བཞི་ཞེས་སྔོན་ནས་གྲགས་པ་ལྟར་ཡིན་ལ། དད་ལྡན་མང་བོ་མཇལ་སྐོར་དུ་འགྲོ་སའི་གནས་ཀྱང་ཡིན།

ད་ཐེངས་ང་རང་དེ་དག་ལས་སི་ཁྲོན་གཤོང་ས་སྣུམ་པོའ་ིལྷོ་ནུབ་ཏུ་ཀྲོང་ངེར་འགྱིང་བའི་རི་བོ་གླང་ཆེན་ནམ་གླང་ཆེན་འགྱིང་རི་ཞེས་མཚན་སྙན་དབྱར་སྐྱེས་རྔ་གསང་། ཟླུམ་གཟུགས་གོ་ལའི་ཁྱོན་ན་ཆེས་ཆེར་གྲགས་པ་དེར་མཇལ་སྐོར་དུ་འོངས་པས་རི་འདིའི་བརྗིད་ཉམས་མཐོང་ལམ་དུ་གྱུར་བ་དང་བདག་གི་ངག་ནས་འདི་སྐད་དུ། 

ལྷ་གླིང་ཞེས་པའི་གྲགས་སྙན་འབར་བ་ཙི་ནའི་ཡུལ་གྱི་ལྷོ་ནུབ་ཆར། །

ལྷ་ཡི་གྲོང་ཁྱེར་ས་ལ་འཕོས་འདྲ་ཁྲིན་ཏུ་གྲོང་དང་ཉེ་བ་ན།།

ལྷ་ཡིས་བཞེངས་འདྲ་རབ་མཐོ་བརྗིད་ཆགས་གླང་ཆེན་འགྱིང་རིའི་མཚན་སྙན་རྔ།།

ལྷ་དབང་འཁོར་བཅས་བརྡུང་བའི་སྒྲ་དབྱངས་ཕྱོགས་ཀྱི་བུ་མོའ་ིཐོས་འཛིན་དཔྱིད།།

ཅེས་པའི་སྙན་ཚིག་ཅིག་ཀྱང་དབང་མེད་དུ་ཤོར་སོང་།

དེ་ཡང་བོད་པ་ཚོས་རི་འདིའི་མིང་ལ་གླང་ཆེན་འགྱིང་རི་ཟེར། གནའ་སྔ་མོ་ནས་བཟུང་བོད་པ་ཚོའང་གནས་འདིར་མཇལ་སྐོར་དུ་འོང་རྒྱུར་དགའ་ཞིང་། རིའི་དབྱིབས་གླང་བོ་ཆེ་ཞིག་འགྱིང་བའི་བཟོ་ལྟ་མཆིས་པ་ལེགས་པར་མཐོང་བས་མིང་དེ་ལྟར་བཏགས་པའང་ཡིན་སྲིད་མོད། དེ་ཙམ་ཞིག་མ་ཡིན་པར་ཆོས་གཞུང་རྣམས་སུའང་འདི་འཕགས་པ་ཀུན་ཏུ་བཟང་བོའི་གནས་སུ་གསུངས་ཡོད་པར་མ་ཟད། འཕགས་པ་ཀུན་ཏུ་བཟང་བོ་གླང་ཆེན་ལ་བཅིབས་ནས་འགྲོ་དོན་མཛད་ཚུལ་ཡང་གཞུང་ན་ཡོད་པས་ཁུངས་ཡོད་པར་མངོན་ལ། བཤད་ཚུལ་འདི་ཡུལ་འདིའི་མི་རྣམས་ཀྱི་བཤད་རྒྱུན་དང་ཡང་ཤིན་ཏུ་མཐུན་པར་སྣང་སྟེ། ངག་རྒྱུན་དུ། རི་ནི་སྐུ་ཞིག་སྟེ། སྐུ་ཡང་རི་ཞིག་གོ་ཞེས་གྲགས་པ་ལྟར་གླང་ཆེན་འགྱིང་རི་འདི། འཕགས་པ་ཀུན་ཏུ་བཟང་བོའི་གནས་སུ་གྲགས་ཤིང་། རིའི་དབྱིབས་ཀྱང་གླང་ཆེན་གྱི་སྟེང་ན་འཕགས་པ་ཀུན་ཏུ་བཟང་བོ་ལེགས་པར་བཞུགས་ནས། མཐའ་ཡས་པའི་འགྲོ་བ་རྣམས་ལ་ཆོས་སྦྱིན་གནང་བཞིན་པའི་བཟོ་ཞིག་ཡོད་ཟེར་ཞིང་། རིའི་སྤོ་སྟེ། གསེར་མདོག་འཕྲོ་བའི་རྩེ་(金顶)རུ་གྲགས་པ་དེ་སྐུའི་དབུའི་དོད་དང་། དད་ལྡན་མང་བོའི་གནས་མཇལ་བྱེད་སའི་དཀྱིལ་སྙིང་དུ་བཤད། ཁྲི་ལོ་དགོན་(万年寺)ནི་སྐུའི་ཐུགས་ཀར་འཁེལ་ཞིང་། དགེ་སྦྱོང་དག་གི་ཉམས་ལེན་གནང་སའི་དཀྱིལ་སྙིང་དུ་བཤད། སྐུ་ཆེན་བསམ་གཏན་གླིང་(大佛禅院)དང་རྒྱལ་ཁབ་དྲིན་བཟོ་དགོན་(报国寺)གཉིས་ནི་སྐུའི་ཞབས་ཟུང་གི་དོད་དུ་འབབ་ཅིང་། ནང་ཆོས་རིག་གནས་སློབ་གསོའི་དཀྱིལ་སྙིང་ཡིན་ཞེས་བཤད་ཚུལ་ཡོད་པས་སོ་སྙམ་མོ།། འོན་ཀྱང་རིའི་ཆ་གསུམ་དཀྱིལ་སྙིང་གསུམ་དུ་ཕྱེ་བ་ལ་ཁུངས་དག་པོ་ཡོད་མེད་ཁོ་བོས་གསལ་བོ་མ་མཐོང་ངོ་།། མེན་རྒྱལ་རབས་ཀྱི་སྙན་ངག་པ་ཀྲུའུ་ཧོན་མུའུ་周洪谟 )ཡི་ཨུ་གསུམ ་  )(གླང་ཆེན་འགྱིང་རི་འདིར། རི་གསུམ་འཕྲེང་བརྒྱུད་དུ་ཡོད་པ་ལ་སོ་སོར་ཨུ་ཆེན། ཨུ་འབྲིང་། ཨུ་ཆུང་གསུམ་དུ་འབོད་སྲོལ་ཡོད་པ་དང་བསྟུན་པའི་མིང་ངོ། །) ཞེས་པའི་བསྟོད་ཚིག་ལས།

ཨུ་གསུམ་ཛེས་སྡུག་གནམ་འོག་འགྲན་ཟླ་བྲལ།།

མཚོ་འཇིངས་བརྒལ་ནས་ཕིན་ལེ་ཅི་ཕྱིར་འཚོལ།།

三峨之秀甲天下,何必涉海觅蓬莱? )ཞེས་བསྔགས་པ་ལྟ་བུ་དང་། ། (མཆན།ཕིན་ལེ་(蓬莱)ཞེས་པ་ནི་རྒྱའི་ལྷ་སྒྲུང་དུ་བཤད་པའི་རྒྱ་མཚོའི་གླིང་ན་ཡོད་ཅིང་།ལྷ་དང་དྲང་སྲོང་མང་བོ་ཏིང་འཛིན་གྱི་དགའ་བདེར་རོལ་བའི་ལྷ་རི་ཞིག་གི་མིང་དུ་མངོན་ནོ།།)

གཉིས་པ།

    ཡང་ཆིན་རྒྱལ་རབས་ཀྱི་མཁས་པ་ཤེའེ་བིན་མེན་   )ཞེས་པས་ཀྱང་ཁྲི་ལོ་དགོན་པའི་མདུན་གྱི་རྡོ་རིང་ངོས་སུ།

གླང་ཆེན་འགྱིང་རིའི་མཛེས་སྡུག་ཀུན་ལས་འཕགས།།

(峨嵋天下秀。ཞེས་པའི་བསྟོད་ཚིག་བྲིས་ཡོད་པ་སོགས་ཀྱིས་མཚོན། སྔོན་བྱོན་མཁས་པ་མང་བོས་མཛེས་སྡུག་ནི་རི་འདིའི་འཕགས་ཆོས་ཀྱི་གཙོ་བོར་འཇོག་པ་ཐུན་མོང་བར་མངོན་མོད། འོན་ཀྱང་ཞིབ་ཏུ་བལྟས་ན་གནས་འདིའི་འཕགས་ཆོས་ལ་མཛེས་སྡུག་ཙམ་བཞག་པ་ནི་བློ་ཤིན་ཏུ་རྩིང་བར་མངོན་ཏེ། འདིའི་ཁྱད་ཆོས་མདོར་དྲིལ་ན། གནས་རི་གཞན་པའི་ཡོན་ཏན་དུ་བཤད་པའི་བརྗིད། མཛེས། མཚར། གཟར། དབེན་སོགས་ཀྱི་ཡོན་ཏན་ཡང་ཚང་བར་འཛོམས་པར་བཤད་པའི་ཕྱིར་རོ། ། དེའི་ཕྱིར་ཐང་རྒྱལ་རབས་ཀྱི་སྙན་ངག་པ་ཆེན་པོ་ལི་པེ་ཡིས། ལྷ་རི་ཞེས་བཏགས་པའང་ཐལ་བར་མི་སེམས་སོ། ། རྒྱ་གར་གྱི་བཙུན་པ་ཞིག་ཀྱང་གནས་འདིར་ཕེབས་ཏེ་གནས་འདིའི་ཡོན་ཏན་གྱིས་ཡིད་དབང་འཕྲོག་སྟེ། ཙི་ནའི་རི་བརྒྱའི་ཡང་རྩེ་(震旦第一山)ཞེས་བསྔགས་པའི་ཡིག་འབྲུ་རྣམས་རི་བཤོལ་དུ་རྡོ་ངོས་སུ་བརྐོས་ཡོད་པ་མཇལ་སྐོར་བ་ཀུན་གྱིས་བལྟར་ཡོད་པ་ལྟར་རོ། ། གོང་དུ་བཤད་པ་འདི་དག་ནི་གཙོ་བོ་གནས་འདིའི་ཕྱིའི་ཁོར་ཡུག་གི་མཛེས་ཉམས་ཙམ་བརྗོད་པ་ཡིན་ལ། དེང་དུས་ཀྱི་ལྟ་སྐོར་བ་ཕལ་མོ་ཆེ་ནི་དེ་ཙམ་གྱིས་ཡིད་མྱོས་པར་མངོན་ནོ།། འོན་ཀྱང་གནས་འདིའི་ཡོན་ཏན་ནི་དེ་ཙམ་གྱིས་ག་ལ་ཚད་དེ། རིག་གནས་དངོས་རྫས་ཀྱི་ཆ་ནས་བཤད་ནའང་འཛམ་གླིང་རང་བྱུང་དང་རིག་གནས་ཤུལ་བཞག་གི་གནས་ཀྱི་གྲས་སུ་བགྲང་ཡོད་ལ། བགྲང་ཆོག་ཆོག་ཀྱང་ཡིན་ཏེ། སྤྱིར་ཤིན་ཏུ་མང་ཡང་། འདིར་མཚོན་པ་ཙམ་ཞིག་བཤད་ན། འཕགས་བརྩེགས་དགོན་པའི་མཚན་ཅོང་(圣积晚钟)ནི། མེན་རྒྱལ་རབས་ཀྱི་ཅཱ་ཅིན་སྲིད་ལོ་ཞེ་གསུམ་པ་(嘉靖)སྟེ། སྤྱི་ལོ་༼༡༥༦༤༽ལོར་ཧུའུ་ཀོང་ནས་ཕེབས་པའི་ སྒོམ་ཆེན་གཞན་བརྒྱུད་(别传禅师)ཅེས་པ་འཕགས་བརྩེགས་དགོན་པའི་ཁྲི་ལས་ཐོག་པར་བཞུགས་སྐབས་བཞེངས་པ་ཡིན་ལ། གནས་རི་ཡོངས་ཀྱི་ཆེས་ཆེ་ བ་ཡིན་པར་མ་ཟད། རྒྱལ་ཡོངས་སུ་ཆེས་ཆེ་བའི་པེ་ཅིན་ཅོང་ཆེན་དགོན་北京大钟寺)གྱི་ཟངས་ཅོང་ཆེན་པོ་ལས་ཅུང་ཆུང་ཙམ་ཡིན་པས། པཱ་ཧྲུ་ཅོང་རྒྱལ་(巴蜀钟王)དུ་གྲགས་པ་བྱུང་། དེ་ཡང་ལོ་ངོ་བཞི་བརྒྱ་སུམ་ཅུ་ལྷག་འདས་པའི་ཡར་སྔོན་དུ། སྒོམ་ཆེན་གཞན་བརྒྱུད་དེ་ཉིད། ཡུན་ནན་དང་ཀུའུ་ཀྲུའུ་སི་ཁྲོན་གསུམ་གྱི་རི་ཆུ་འབུམ་ཕྲག་བརྒལ་ཏེ། ཞི་དྲག་གི་དཔོན་ཆེན་སྟོང་ཕྲག་ལས་བརྒལ་བའི་སྒོ་གླེགས་བརྡུང་ནས། དད་ལྡན་དགུ་སྟོང་ལྷག་གི་ཞལ་འདེབས་བསྡུས་ཏེ། ཟངས་རྒྱ་མ་གཉིས་ཁྲི་ལྔ་སྟོང་ཉོས་ཤིང་མཐོ་ཚད་ཁྲེ་ཙེ་དྲུག་དང་ཚུན་དྲུག་ཅན་གྱི་ཟངས་ཅོང་ཆེན་པོ་འདི་བརྡུང་བ་ཡིན། སྤྱིར་ནངས་དགོང་གང་གི་དུས་སུའང་བརྡུང་མི་རུང་བ་མེད་མོད། མཚན་མོར་བརྡུང་ན་ལྷག་པར་སྒྲ་དྭངས་ཤིང་དཔག་ཚད་དུ་མར་ཁྱབ་འགྲོ་བས། ནུས་པ་ལྷག་པར་མཐོང་ཐུབ་པས་མཚན་མོར་བརྡུང་རྒྱུའི་སྲོལ་དར་བས་མཚན་ཅོང་དུ་གྲགས། ཅོང་ལ་བརྐོས་པའི་ཡི་གེར་ཡང་།

ནངས་པར་བརྡུང་ན་དེ་ཉིད་མཐོང་། །

སྲོད་ལ་བརྡུང་ན་བདུད་དཔུང་གཏོར། །

(朝扣见真如,暮扣群魔散。)ཞེས་བཤད་པའི་ཕྱིར་རོ། ། ད་དུང་ཅོང་འདི་བླུག་ཚུལ་ཡང་། ཅོང་ལ་བརྐོས་པའི་བསྟོད་ཚིག་ལས།

གནམ་ས་གཉིས་ཀྱི་བཞུ་ཐབ་བྱས། །

དངོས་རྒུ་ཡོད་ཚད་ ཟངས་སུ་བྱས། །

འབྱུང་བ་ཕོ་མོ་སྲོལ་བར་བྱས། །

ལེགས་བྱས་གཡང་གི་བཟོ་བས་བསྐྲུན། །

(天地为炉,万物为铜。阴阳为炭,造化为工。)ཞེས་སོགས་མང་ལ། ཆིན་གྱི་དུས་མཇུག་ཙམ་ལ་བྱུང་བའི་མཁས་པ་ཐན་ཀྲུང་ཡེའུ་( 谭钟岳 )ཞེས་པས་ཀྱང་།

མཚན་ཅོང་དལ་བུར་བརྡུང་བའི་སྒྲ་རེས་ཀྱང་།།

གནའ་དགོན་འཕགས་བརྩེགས་མཚན་གྱི་དབྱངས་ལྟ་གྱེར།།

ཆེས་ཆེར་རྨོངས་པས་འཐོམས་པའི་སོར་སྐྱེའི་རྣར།།

སོན་པ་ཡིས་ཀྱང་སེམས་ཀྱི་དྭངས་གསལ་རྙེད།།

(晚钟轻撞一声声,古寺犹传圣积名。纵令凡情蔽塞极,也应入耳觉心清。)ཅེས་སོགས་མང་ལ། ཅོང་འདི་དང་འབྲེལ་བའི་ལོ་རྒྱུས་དང་གནའ་གཏམ་ཡང་ཤིན་ཏུ་མང་མོད། རེ་ཞིག་དེ་ཙམ་གྱིས་ཆོག་པར་བྱའོ། །

གསུམ་པ།

ཡང་ཁྲི་ལོ་དགོན་དུ་བཞུགས་པའི་འཕགས་པ་ཀུན་ཏུ་བཟང་བོའི་སྐུ་ཟངས་ལས་གྲུབ་པ་ནི། སུང་རྒྱལ་རབས་ཞི་བདེ་རྒྱལ་དར(宋太平兴国)་གྱི་སྲིད་ལོའི་སྐབས་སུ། ཆུ་དཀར་ཀུན་བཟང་དགོན་(白水普贤寺)པའི་ཁྲི་ལས་ཐོག་པ་སློབ་དཔོན་བདེན་འཕེལ་(茂真)གྱིས་གོང་མ་སུང་ཐེ་ཙུང་གི་བཀའ་ལྟར་བཞེངས་པར་འདུག་སྟེ། དེ་ཡང་ལོ་རྒྱུས་ཡིག་ཆ་རྣམས་སུ་བཤད་པ་ལྟར་ན། ཅིན་ལོན་ཨན་(晋隆安 )སྲིད་ལོ་གསུམ་པ་སྟེ། སྤྱི་ལོ་༣༩༩ལོར། ཅང་ཞིས་ལུའུ་ཧྲན་རི་བོའི་བཙུན་མཆོག་ཡེ་ཤེས་རྒྱང་རིང་(庐山高僧慧远)གི་གཅུང་བཙུན་པ་ཡེ་ཤེས་འཛིན་(慧持)གནས་འདིར་ཕེབས་ཏེ་རྒྱལ་བསྟན་སྤེལ་ཞིང་འཕགས་པ་ཀུན་ཏུ་བཟང་བོའི་ལྷ་ཁང་ཐོག་མར་བཞེངས་ཏེ་དགོན་པའི་མཚན་ལའང་ཀུན་བཟང་དགོན་(普贤寺)དུ་བཏགས། དེ་རྗེས་སྤྱི་ལོ་༨༧༦ལོར་ཧུའུ་པེའི་ཅང་ལིན་གྱི་སྒོམ་ཆེན་བློ་གྲོལ་དགོན་(江陵慧通禅师)འདིའི་ཁྲི་ལས་ཐོག་པའི་སྐབས་སུ། དགོན་པ་སྔར་ལས་རྒྱ་བསྐྱེད་དེ། མཚན་ཡང་ཆུ་དཀར་ཀུན་བཟང་དགོན་(白水普贤寺)དུ་བསྒྱུར། དེ་ནས་སུང་ཐེ་ཙུང་གི་དུས་སུ་གྲགས་སྙན་འབར་བའི་བཙུན་པ་བདེན་འཕེལ་(茂真)གྱིས་སླར་ཡང་རྒྱ་བསྐྱེད་ཅིང་ཞིག་གསོ་མཛད། གོང་མའི་བཀའ་ལྟར་ཕོ་བྲང་དུ་བྱོན། ཐེ་ཙུང་གིས་སྙན་ཚིག་གིས་ལེགས་པར་གཟེངས་བསྟད། ཆོས་ཀྱི་གླེགས་བམ་མང་བོ་དང་ན་བཟའ་ཆ་ཚང་། ནོར་བུ་ཆ་བདུན་གྱིས་སྤྲས་པའི་གཡང་འཁོར་གཅིག་བཅས་སྐྱེས་སུ་བསྩལ། ནོར་བུ་ཆ་བདུན་གྱི་སྟེང་དུ་ཡི་གེ་སོ་གཉིས་དྲུབ་གཟུགས་སུ་ཡོད་པ་འདི་ལྟར།

རྒྱལ་བསྟན་རིང་དུ་འཕེལ་བ་དང་། །

ཆོས་ཀྱི་འཁོར་ལོ་རྟག་བསྐོར་ཤོག

རྒྱལ་ཁབ་དར་ཞིང་འབངས་རྣམས་བདེ། །

འཐོར་རླུང་ཞི་ཞིང་ཆར་ཆུ་སྙོམ། །

གཡུལ་འཁྲུགས་དུས་ཀུན་ཞི་བ་དང་། །

བུ་རབས་ཚ་བརྒྱུད་དར་བར་ཤོག།

འགྲོ་རྣམས་ཀུན་ཀྱང་སྲིད་མཚོ་ཡི། །

མཉམ་པར་སྒྲོལ་བར་བྱེད་གྱུར་ཅིག།

ཅེས་ཡོད་པར་མ་ཟད། སུང་ཞི་བདེ་རྒྱལ་དར་སྲིད་ལོ་ལྔ་བ་སྟེ། སྤྱི་ལོ་༩༨༠ལོར། ཐེ་ཙུང་གིས་ཞི་བློན་ཀྲང་རིན་ཙན་(大夫张仁瓒)གསེར་སྲང་སུམ་སྟོང་དང་བཅས་ཆེད་དུ་གནས་དེར་མངགས་ཏེ། ཁྲིན་ཏུ་གྲོང་ཁྱེར་ནས་ཟངས་མང་བོ་ཉོས་ནས་འཕགས་པ་ཀུན་ཏུ་བཟང་བོའི་སྐུ་ཟངས་ལས་གྲུབ་པ་གླང་ཆེན་གྱི་སྟེང་ན་བཞུགས་པ། མཐོ་ཚད་སྨིད་༧༤ཡོད་པ། ལྗིད་ཚད་ཏུན་དྲུག་བཅུ་རེ་གཉིས་ཡོད་པ་ཅན་ཞིག་བཞེངས་ནས་ཆུ་དཀར་དགོན་དུ་བཞུགས་ཤིང་། སྐུ་འདི་ནི་ད་ལྟ་རྒྱལ་ནང་གི་རིག་དངོས་ཆེས་དཀོན་ཞིང་རྩ་ཆེ་བའི་གྲས་སུ་བགྲང་ཡོད་པར་མ་ཟད། རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་བྱེད་རྒྱུའི་སྡེར་ཡང་བཞག་ཡོད་དོ། ། དེ་ནས་མེན་རྒྱལ་རབས་ཝན་ལི་སྲིད་ལོ་ཉེར་བརྒྱད་པ། སྤྱི་ལོ་༡༦༠༠ལོར་དགོན་འདིའི་ཁྲི་ལས་ཐོག་པ་བཙུན་པ་བསོད་ནམས་ཡར་སྨིན་(福登)གྱིས་གོང་མའི་བཀའ་བཞིན་འདུ་ཁང་བསྐྱར་བཞེངས་མཛད། གོང་མས་ཀྱང་། ཚེ་མཆོག་ཁྲི་ལོ་དགོན་(圣寿万年寺)ཞེས་པའི་མཚན་བྱང་བསྩལ་བ་ནས་བཟུང་། ཆུ་དཀར་ཀུན་བཟང་དགོན་ཞེས་པའི་མཚན་དེ་ཁྲི་ལོ་དགོན་ཞེས་སུ་བསྒྱུར་བར་བཤད་དོ།།

བཞི་བ།

ང་ཚོས་གསལ་བར་ཤེས་དགོས་པ་ཞིག་ནི། གླང་ཆེན་འགྱིང་རིའི་ཡུལ་ལྗོངས་ཇི་ལྟར་མཛེས་ཀྱང་རུང་། གླིང་འདིའི་རིག་དངོས་ཇི་འདྲའི་མཚར་ཡང་ཆོག བོད་པ་ཚོ་གནས་འདིར་མཇལ་སྐོར་དུ་འགྲོ་བ་ནི། ཁམས་བསང་ལྗོངས་རྒྱུ་དང་། རིག་དངོས་ཞིབ་མཇུག་གི་ཆེད་དུ་མིན་ཏེ། གཞུང་རྣམས་སུ་སྒོམ་ལམ་པ་བཞུགས་པའི་ས་ཕྱོགས་མཆོད་རྟེན་དུ་འགྱུར་བར་གསུངས་པ་བཞིན། གནས་འདིའང་གཙོ་བོར་འཕགས་པ་ཀུན་ཏུ་བཟང་བོས་དངོས་སུ་བྱིན་གྱིས་བརླབས་པའི་གནས་ཡིན་པར་བཤད་པས་ཡིད་ཆེས་ཀྱི་དད་པ་དང་། ད་དུང་སྔོན་བྱོན་དམ་པ་མང་བོས་གནས་འདི་ནས་ཆོས་ཀྱི་དོན་ཉམས་སུ་བླངས་པས་ཞི་བ་བདུད་རྩི་བརྙེས་སའི་གནས་སུ་ངེས་པས་རང་ཉིད་ཀྱང་དེ་དག་རྣམ་ཐར་ལ་མངོན་འདོད་ཀྱི་དད་པ་དང་།

རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །

ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ།།

ཞེས་གསུངས་པ་ལྟར་དམ་པ་དག་གི་རྣམ་ཐར་མཛད་བཟང་ལ་རྗེས་དྲན་བྱ་བའི་ཕྱིར་སྐུ་ཚེགས་དང་རྒྱུ་ཚེགས་ལ་མི་འཛེམ་པའི་ཡ་རབས་རིས་མེད་ཞི་བདེ་ལ་དགའ་བའི་མི་རིགས་ཤིག་གི་སྙིང་སྟོབས་ཀྱི་རང་མདངས་མངོན་དུ་གྱུར་བའི་རྟགས་མཚན་ཡིན་ནོ། །

འོ་ན་གླང་ཆེན་འགྱིང་རི་ཞེས་པའི་མིང་འདི། རྒྱ་སྐད་ཀྱི་ཨུ་མེས་ཧྲན་ཞེས་པ་ཐད་བསྒྱུར་བྱས་པ་ཡིན་ནམ་ཞེ་ན། དེ་མིན་པར་སེམས་སོ།། རྒྱ་སྐད་ཀྱི་ཨུ་མེས་ཧྲན་(峨眉山)ཞེས་པའི་མིང་འདི་ཐོགས་ཚུལ་ལ་བཤད་སྲོལ་མི་འདྲ་བ་གཉིས་ཡོད་དེ། བཤད་ཚུལ་གཅིག་ལ། ཨུ་ཞེས་པ་མཐོ་བའི་དོན་དང(山高谓之峨)་། མེས་(山秀谓之眉)ཞེས་པ་མཛེས་ཤིང་བཀྲ་བའི་དོན་ཡིན་པས། རྒྱ་སྐད་ཀྱི་མིང་དེ་ཐད་ཀར་བོད་སྐད་དུ་བསྒྱུར་ན། མཐོ་ཞིང་མཛེས་པའི་རི་བོ་ཞེས་པར་འགྱུར་ལ། ཡང་བཤད་སྲོལ་གཅིག་ནི། ཨུ་ཆེན་དང་ཨུ་ཆུང་ཞེས་པའི་རི་བོ་གཉིས་ཁ་གཏད་དུ་ཡོད་པ་རྒྱང་ནས་བལྟས་ན་སྨིན་ལེགས་བཀྲ་བ་བཞིན་མཆིས་པས་ཨུ་མེས་ཧྲན་ཏེ། སྨིན་ལེགས་བཀྲ་འདྲའི་རི་བོ་ཞེས་པའི་དོན་ནམ། ཡང་ན་གསེར་མདོག་འཕྲོ་ བའི་རྩེ(金顶)། ཁྲི་སྐུ་རྩེ(万佛顶)། སྡོང་རྒྱན་རྩེ་(华严顶)སྟེ། རི་གསུམ་གཤིབ་ནས་འདུག་པ་གྱེན་དུ་བལྟས་པས་དཔྲལ་བར་སྨིན་མ་ལེགས་པར་བཀྲ་བ་འདྲ་བས་ན། རྒྱ་སྐད་དུ་ཆིན་ཧྲུའུ་ཨུ་མེས་(螓首蛾眉)ཏེ། དཔྲལ་བའི་སྨིན་ལེགས་རི་བོ་ཞེས་པ་ལྟ་བུར་འགྱུར་རམ་སྙམ་མོ། །

ལྔ་བ།

འདིར་འཕགས་པ་ཀུན་ཏུ་བཟང་བོའི་སྐུ་དངོས་སུ་བཞེངས་ནས་ཐུན་མོང་བའི་སྣང་ངོར་ཡང་དངོས་སུ་ནང་བའི་གནས་སུ་གྱུར་བ་ནས་བཟུང་ཆིན་རྒྱལ་རབས་བར་དུ། དགོན་པ་ཆེ་ཆུང་བསྡོམས་པས་བརྒྱ་དང་བདུན་ཅུ་ལྷག་བཏབ་པར་གྲགས་མོད། མིན་གོ་ལ་སླེབས་ཚེ་ཁྱོན་ཡོངས་ནས་དགོན་པ་བདུན་ཅུ་དོན་གསུམ་ཙམ་ལས་མ་ལྷག་ལ། དེ་ནས་རིག་གནས་གསར་བརྗེ་ཆེན་པོའི་འཐོར་རླུང་དྲག་པོའི་གཡུལ་འཁྲུགས་སྐབས་ཕལ་མོ་ཆེ་འབྱུང་བཞིར་ཐིམ། སྤྱི་ལོ་༡༩༨༠ནས་འགའ་ཞིག་ཕྱིར་སླར་གསོ་བྱས་པ་སོགས་བསྡོམས་པས་ད་ལྟ་གནས་རི་ཡོངས་ལ་དགོན་པ་ཉེར་དྲུག་ཙམ་ཡོད་པར་བཤད་དོ། །

སྨྲས་པ།

ཐུབ་དབང་སྨྲ་བའི་ཉི་མ་རིས་མེད་དུ། །

བརྩེ་བའི་ཐུགས་གསང་ངོ་མཚར་འཕྲུལ་གྱི་རླབས།།

སྲིད་གསུམ་ཁྱོན་ལས་བརྒལ་བའི་གཏམ་གྱི་བྱིན།།

ཕལ་བའི་ཡིད་ཀྱི་སྙིམ་པར་ཤོང་དཀའ་ཡང་།།

སྔོན་བྱོན་དམ་པ་མང་བོའི་མཁྱེན་བརྩེའི་མདངས། །

སྟོན་པ་མཆོག་གི་བྱིན་རླབས་ལ་འཁྱུད་པའི།།

དམ་ཆོས་བདུད་རྩིའི་དཔལ་གྱིས་ཕྱོགས་འདི་ཡང་།།

བརླན་པའི་ལོ་རྒྱུས་རི་མོ་སུ་ཡིས་བསུབ།།

རྩོམ་ཡིག་མཁོ་སྤྲོད་པ།  བྱམས་པ་དོན་འགྲུབ།    

གསར་འགོད་པ།   སྨྲ་ཁམས་མཁའ་འགྲོ་རྒྱལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། urky བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23591470
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།