ཆོས་སྒྲུབ་འདོད་ན་སྒྲུབ་ཚུལ་འདི་ལྟར་ཡིན་འདུག ༼༥༽
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »ཆོས་སྒྲུབ་འདོད་ན་སྒྲུབ་ཚུལ་འདི་ལྟར་ཡིན་འདུག ༼༥༽
ཆོས་སྒྲུབ་འདོད་ན་སྒྲུབ་ཚུལ་འདི་ལྟར་ཡིན་འདུག ༼༥༽
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2020-09-08ལྟ་ཀློག (2547)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཆོས་སྒྲུབ་འདོད་ན་སྒྲུབ་ཚུལ་འདི་ལྟར་ཡིན་འདུག ༼༥༽

 

བཛྲ་ཚུལ་ཁྲིམས་རྒྱ་མཚོས། 

 

 

   ལྔ་བ་བསམ་གཏན་ནི། སྤྱོད་འཇུག་ལས། 

དེ་ལྟར་བརྩོན་འགྲུས་བསྐྱེད་ནས་ནི།།

ཡིད་ནི་ཏིང་ངེ་འཛིན་ལ་བཞག།

ཅེས་སེམས་རྩེ་གཅིག་པའི་དགེ་བ་བསམ་གཏན་གྱི་ངོ་བོ་དང་། དེ་བསྒོམ་པ་གོང་ནས་གོང་དུ་ཡོངས་སུ་རྫོགས་པ་བསམ་གཏམ་གྱི་ཕར་ཕྱིན། དེ་ལ་བྱེད་ལས་ཀྱི་སྒོ་ནས་དབྱེ་ན། ཚེ་འདི་ལ་ལུས་སེམས་བདེ་བར་གནས་པར་བྱེད་པ་མཐོང་ཆོས་བདེར་གནས་ཀྱི་བསམ་གཏན་དང༌། ཡོན་ཏན་མངོན་པར་བསྒྲུབ་པའི་བསམ་གཏན་དང༌། སེམས་ཅན་དོན་བྱེད་ཀྱི་བསམ་གཏན་དང་གསུམ་ཡོད། དེ་ལ་དང་བ་ནི། གང་ལ་མཉམ་པར་བཞག་ན་ལུས་དང་སེམས་ཤིན་ཏུ་སྦྱངས་པ་བསྐྱེད་པའི་བསམ་གཏན་རྣམས་དང་། གཉིས་པ་ནི། མངོན་ཤེས་དང་རྣམ་ཐར་དང་ཟད་པར་དང་ཟིལ་གནོན་སོགས་ཉན་ཐོས་དང་ཐུན་མོང་བའི་ཡོན་ཏན་བསྒྲུབ་པའི་བསམ་གཏན་རྣམས་དང་། གསུམ་པ་ནི། དོན་བྱ་བ་བཅུ་གཅིག་གི་དོན་རྣམས་བསྒྲུབ་པའི་བསམ་གཏན་རྣམས་ཡིན་པར་གསུངས་སོ།། ཞི་གནས་ནི་ཏིང་ངེ་འཛིན་ནམ་བསམ་གཏན་ཡིན་ཡང་། ཏིང་ངེ་འཛིན་ཡིན་ན་ཞི་གནས་ཡིན་པས་ཁྱབ་པ་ནི་མེད་དེ། ཞི་གནས་ནི་བསྒོམས་བྱུང་ཐོབ་པའི་རྒྱུད་ཀྱི་ཡོན་ཏན་ཞིག་ཡིན་པས་སོ།།

བསམ་གཏན་གྱི་ངོ་བོ་ཞི་གནས་ཉམས་སུ་ལེན་ཚུལ་ལ། མདོ་སྡེ་རྒྱན་ལས། 

བློ་ལྡན་གང་དུ་བསྒྲུབ་པའི་ཡུལ།།

ལེགས་པར་རྙེད་དང་གནས་བཟང་དང༌།།

ས་བཟང་བ་དང་གྲོགས་བཟང་དང༌།།

རྣལ་འབྱོར་བདེ་བའི་ཡོ་བྱད་ལྡན།།

ཞེས་གསུངས་པ་ལྟར་མཐུན་རྐྱེན་རྙེད་སླ་བའི་ལེགས་པར་རྙེད་པ་དང༌། དགྲ་དང་གཅན་གཟན་སོགས་ཀྱིས་འཚེ་བ་མེད་པའི་གནས་བཟང་བ་དང༌། ནད་མི་སྐྱེད་པའི་ས་བཟང་བ་དང༌། ཆོས་ལྡན་གྱི་གྲོགས་བཟང་བ་དང༌། འདུ་འཛི་དང་ཀུ་ཅོའི་སྒྲ་སོགས་མེད་པར་ཏིང་ངེ་འཛིན་སྐྱེ་བ་དང་མཐུན་པའི་རྣལ་འབྱོར་བདེ་བའི་ཡོ་བྱད་དང་ལྡན་པ་སྟེ་ཁྱད་པར་ལྔ་ལྡན་གྱི་གནས་སུ། སྒྲུབ་པ་བོ་ཡང་ཟས་གོས་སོགས་ལ་འདོད་པ་ཆུང་བ། ཟས་གོས་ངན་ངོན་ཙམ་གྱིས་ཆོག་ཤེས་པ། ཚོང་ཁེ་སྤོགས་སོགས་བྱ་བ་མི་མང་བ། ཚུལ་ཁྲིམས་དག་པ། འདོད་པའི་ཉེས་དམིགས་སེམས་པ། ཚེ་འདིར་རིང་དུ་མི་གནས་པར་བསམ་པ་སྟེ་ཆོས་དྲུག་ལྡན་ཞིག་དགོས་ལ། འདིར་ཉམས་སུ་ལེན་པའི་ཚུལ། ཁྱབ་པའི་དམིགས་པ། དཔྱད་པ་རྣམ་སྦྱོང་གི་དམིགས་པ། ཉོན་མོངས་རྣམ་སྦྱོང་གི་དམིགས་པ། མཁས་པའི་དམིགས་པ་སྟེ་བཞི་བོ་གང་རུང་ལ་དམིགས་ནས་བསྒོམ་པའམ། དམིགས་པ་ཁྱད་པར་བ་དེ་བཞིན་གཤེགས་པའི་སྐུ་ལ་དམིགས་པ་གང་རུང་དགོས་པར་གསུངས་པ་ལྟར་རོ།།

    ཞི་གནས་དེ་ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་བསྟེན་ཏེ་བསྒྲུབ་པ་དང༌། སྟོབས་དྲུག་གིས་སེམས་གནས་དགུ། ཡིད་བྱེད་བཞི་དང་བཅས་པའི་སྒོ་ནས་ཇི་ལྟར་བསྒྲུབ་པའི་ཚུལ་ནི་བདག་གིས་སྔར་སེམས་འདུལ་བའི་རིམ་པ་ཞེས་པ་ཞིག་བྲིས་ཡོད་པ་དེར་མདོར་བསྡུས་ཙམ་བཤད་ཟིན་པས་འདིར་མི་བཤད་དོ།།

    ད་དུང་འདིར་ཅིས་ཀྱང་གསལ་བར་ངོས་དགོས་པ་ཞིག་ནི། ཞི་གནས་ལ་བར་དུ་གཅོད་པའི་བྱིང་རྒོད་གཉིས་པོ་དེ་ཡིན་ལ། དེ་ལས་བྱིང་བ་ནི། ངོ་བོ་དགེ་མི་དགེ་ལུང་མ་བསྟན་གང་རུང་ལ་དམིགས་ནས། རྣམ་པ་གསལ་ངར་མེད་པའི་ཤེས་པ་ཞིག་ལ་འཇོག་པར་གསུངས་པས་བྱིང་བ་ལ་དགེ་བ་ཡང་ཡིད་པས་རྨུགས་པ་དང་མི་འདྲ་སྟེ། རྨུགས་པ་ནི། གཏི་མུག་གི་ཆ་ཤས་ལུས་སེམས་ལྕི་ཞིང་ལས་སུ་མི་རུང་བའི་རྣམ་པ་ཅན་གྱི་ཤེས་པ་མི་དགེ་བ་ཞིག་ཡིན་པར་གསུངས་པས་ཕྱིར་རོ།།

    རྒོད་པ་ནི། ཆགས་པའི་ཡུལ་ལ་འཕྲོ་ཞིང་སེམས་ནང་དུ་གནས་པར་མི་བྱེད་པའི་འདོད་ཆགས་ཤིག་ཏུ་འཇོག་དགོས་པར་གསུངས་པས། འཕྲོ་བ་ལ་རྒོད་པས་མ་ཁྱབ་སྟེ། དམིགས་པ་དེ་ལས་གཞན་དུ་དགེ་མི་དགེ་ལུང་བསྟན་གང་ལ་གཡོ་བ་དེ་འཕྲོ་བ་ཡིན་པས། འཕྲོ་བ་ལ་དགེ་མི་དགེ་ལུང་མ་བསྟན་གསུམ་ཀ་ཡོད་པར་གསུངས་ལ། རྒོད་པ་ནི་འདོད་ཆགས་ཀྱི་ཆར་གཏོགས་པ་ཁོ་ནར་གསུངས་པའི་ཕྱིར་རོ།། འོན་ཀྱང་ཏིང་ངེ་འཛིན་སྒོམ་པའི་ཚེ་བྱིང་རྨུགས་འཕྲོ་རྒོད་བཞི་ཀ་འགོག་དགོས་པར་ནི་འདྲའོ།།

    དེ་དག་གི་དོན་དྲིལ་ནས་ཉམས་སུ་ལེན་ཚུལ་ནི། སྔར་གྱི་གནས་ཁྱད་པར་ལྔ་ལྡན་དེར། སྒྲུབ་པ་བོ་ཁྱད་པར་དྲུག་ལྡན་དང༌། དེས་ཀྱང་བསམ་གཏན་གྱི་སྟེགས་བུ་དང་ལྡན་པའི་འབོལ་བའི་སྟན་སོགས་ལ། ལུས་ཀྱི་སྤྱོད་ལམ་རྐང་བ་སྐྱིལ་ཀྲུང་ངམ། སྐྱིལ་ཀྲུང་ཕྱེད་པ་དང༌། མིག་འབྱེད་འཛུམ་རན་པར་སྣ་རྩེར་ཕབ། ལུས་དྲང་བོར་བསྲངས་ལ་སེམས་ནང་དུ་བཞགལག་པ་མཉམ་བཞགམགོ་དགྱེ་རྒུར་དང་ཡ་ཡོ་ཅན་མ་ཡིན་པར་ཐད་ཀར་སྣ་རྩེ་དང་ལྟེ་བ་དྲང་བོར་་འོང་བར་བྱ། སོ་དང་མཆུ་རང་བབས། ལྕེ་རྩེ་རྐན་ལ་སྦྱར། དབུགས་རྒྱུ་བ་དལ་བུས་བྱ་བ་སྟེ་བརྒྱད་དང་ལྡན་པའི་སྒོ་ནས། རླུང་གི་འགྲོ་འོང་ཉེར་གཅིག་བགྲངས་པ་སོགས་ཀྱིས་རླུང་ཆམས་ལ་ཕབ་ནས། ཉོན་མོངས་ལ་ཧ་ཅང་དྲག་ཞན་ཆེན་པོ་འདུག་ན་དེའི་གཉེན་པོར་གསུངས་པའི་དམིགས་པ་དེ་བསྒོམ་དགོས་ལ། དེ་ལྟར་མིན་ན་སངས་རྒྱས་དྲན་པ་དང༌། སྔགས་ཀྱི་སྣོད་རུང་དུ་འགྱུར་བ་དང༌། ཚོགས་བསོགས་པ་སོགས་ཀྱི་དགོས་པ་མང་བས། ཏིང་འཛིན་རྒྱལ་པོ་ལས། 

གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱིས།།

འཇིག་རྟེན་མགོན་པོ་ཀུན་ཏུ་མཛེས་པ་སྟེ།།

དམིགས་པ་དེ་ལ་གང་གི་སེམས་འཇུག་པ།།

བྱང་ཆུབ་སེམས་དཔའ་དེ་མཉམ་བཞག་ཅེས་བྱ།།

ཞེས་གསུངས་པ་དང༌། སྒོམ་རིམ་ཐ་མ་ལས། དེ་ལ་རྣལ་འབྱོར་བས་ཐོག་མར་དེ་བཞིན་གཤེགས་པའི་སྐུ་གཟུགས་ཇི་ལྟར་མཐོང་བ་དང༌། ཐོས་པ་ལ་སེམས་བཞག་ནས་ཞི་གནས་བསྒྲུབ་པར་བྱ་སྟེ། དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་ཡང་གསེར་བཙོ་མའི་མདོག་བཞིན་དུ་སེར་ལ། མཚན་དང་དཔེ་བྱད་བཟང་བོས་བརྒྱན་པ། འཁོར་གྱི་ནང་དུ་བཞུགས་ཤིང༌། ཐབས་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་མཛད་པར་རྒྱུན་དུ་ཡིད་ལ་བྱེད་པ་དེའི་ཡོན་ཏན་ལ་འདོད་པ་སྐྱེ་ཞིང༌། བྱིང་བ་དང་རྒོད་པ་ཞི་བར་བྱས་ལ། ཇི་སྲིད་དུ་དེ་མདུན་ན་བཞུགས་པ་བཞིན་དུ་གསལ་བར་མཐོང་བར་གྱུར་པ་དེ་སྲིད་དུ་བསམ་གཏན་བྱའོ།། ཞེས་གསུངས་པ་ལྟར། དེ་བཞིན་གཤེགས་པའི་སྐུ་ལ་དམིགས་རྟེན་བྱའོ།། དེ་ལ་ཐོག་མར་རང་རྒྱུད་ལ་བརྟགས་ནས། ཉོན་མོངས་པའི་བསམ་པ་སོགས་ནི་བཟློག ཏིང་ངེ་འཛིན་གྱི་ཡོན་ཏན་དྲན་ཏེ་དད་པ་ཤུགས་དྲག་པོའི་སྒོ་ནས་དེ་བཞིན་གཤེགས་པའི་སྐུ་གཟུགས་བྲིས་འབུར་ལ་ཡང་ཡང་བལྟས་ནས་ཡིད་ལ་བྱས་ནས། རང་གི་སྨིན་མཚམས་ཀྱི་ཐད་དུ་དབུ་ཕྱག་ཞབས་སོགས་ལན་ཁ་ཡར་གསལ་བཏབ་ལ། གསལ་སྣང་བྱུང་བ་ན་དམིགས་རྟེན་རྙེད་པ་ཡིན་པས། དམིགས་ཡུལ་དེ་ཉིད་མ་བརྗེད་པར་དྲན་པའི་སེམས་དམིགས་པ་ལ་ཐུ་རེ་གནས་པའི་གསལ་ཆ་དང༌། གཞན་དུ་མི་འཕྲོ་བའི་གནས་ཆ་བརྟན་པོ་གཉིས་ཀྱི་སྒོ་ནས་བསྒྲིམས་ཏེ་བསྒོམ།  ཧ་ཅང་འདི་ཙམ་བསྒྲིམས་ན་རྒོད་པ་སྐྱེ་བར་འདུག་སྙམ་པ་དེ་ལས་ཅུང་ཟད་གློད། ཧ་ཅང་འདི་ཙམ་གློད་ན་བྱིང་བ་སྐྱེ་བར་འདུག་སྙམ་པ་དེ་ལས་འཛིན་སྟངས་འཕང་བསྟོད་ལ་བསྒྲིམ་པར་བྱ་བའི་གྲིམ་ལྷོད་རན་པ་རང་ཉམས་ལ་སྦྱར་ཏེ། ཐོག་མར་ཆུ་ཚོད་གཅིག་སོགས་ཀྱི་ཡུན་ལ་འཇོག་ཅི་ཐུབ་བྱ། དེ་དག་གི་ཚེ་སེམས་བྱིངས་དམིགས་རྟེན་ལ་བཞག་ལ་སེམས་ཀྱི་ཟུར་ཕྲ་མོ་ཞིག་གིས་བར་བར་དུ་སེམས་དམིགས་པ་ལ་གནས་མི་གནས་བལྟས་པས། དམིགས་པའི་གསལ་ཆ་དང་འཛིན་སྟངས་ཀྱི་ངར་ཆའི་ཤུགས་དམ་སྦྲིང་བ་དེ་ཅུང་ཟད་ཞན་དུ་སོང་ན། བྱིང་བ་ཕྲ་མོ་ཡིན་པས་དམིགས་པ་ལ་གསལ་ངར་འདོན། གསལ་ཆའི་ངར་ཧད་ཀྱིས་ཤོར་ནས་དྭངས་ཆ་ཙམ་ལས་མི་འདུག་ན་བྱིང་བ་རགས་པ་ཡིན་པས་ངོ་ཤེས་པར་བྱས་ལ། དེ་བཞིན་གཤེགས་པའི་ཡོན་ཏན་དྲན་པ་དང༌། ཟླ་ཉིའི་འོད་སོགས་ཀྱི་སྒོ་ནས་བཀག་སྟེ། དམིགས་པ་ལ་གསལ་ངར་དང༌། སེམས་འཕང་བསྟོད་པ་དང་རྒྱ་ཆེ་བ་སོགས་བྱ། ཡུལ་གྱི་རྣམ་པ་འཆར་ལ་ཁད་ཀྱི་ཚེ་འཕྲོ་རྒོད་ཕྲ་མོ་ཡིན་པས་བཟློག་ལ་དམིགས་པ་ལ་གསལ་ངར་དང༌། དྲན་པས་དམ་པར་འཛིན། ཡུལ་གྱི་རྣམ་པ་ཧད་ཀྱིས་ཤོར་བ་འཕྲོ་རྒོད་རགས་པར་ངོ་ཤེས་པར་བྱས་ལ། དེའི་གཉེན་པོར་མི་རྟག་པ་སོགས་བསྒོམ་ནས་སེམས་དམིགས་པ་ལ་ལྷན་གྱིས་འཇོག་དགོས་པ་སོགས་ཀུན་མཁྱེན་རིན་པོ་ཆེས་གསུངས་པ་ལྟར་བཀོད་པའོ།།

སྔོན་གྱི་བླ་མ་རྣམས་ཀྱིས་འདི་ལྟར་མདོ་རྒྱུད་ཀྱི་དགོངས་པ་ཇི་ལྟ་བ་བཞིན་དུ་གསུངས་ཡོད་བཞིན་དུ། རང་ཉིད་ཀྱིས་མ་བལྟས་པར་ད་དུང་བོད་ལ་སྒོམ་རྒྱག་ཚུལ་གསལ་བོ་མེད་ཟེར་བ་དང་། དགེ་ལུགས་པ་ལ་སྒོམ་རྒྱག་ཚུལ་མེད་ཟེར་བ་སོགས་ནི་བཞད་གད་ཀྱི་གནས་ཁོ་ནའོ།།

 

 

    དྲུག་པ་ཤེས་རབ་ནི ཤེས་རབ་བརྒྱ་བ་ལས། 

མཐོང་དང་མ་མཐོང་ཡོན་ཏན་འདི།།

ཀུན་གྱི་རྩ་བ་ཤེས་རབ་ཡིན།།

དེ་ལྟར་གཉིས་ཀ་བསྒྲུབ་པའི་ཕྱིར།།

ཤེས་རབ་ཡོངས་སུ་བཟུང་བར་བྱ།།

ཞེས་ཆོས་རབ་ཏུ་རྣམ་པར་འབྱེད་པའི་སེམས་བྱུང་ནི་ཤེས་རབ་ཀྱི་ངོ་བོ་དང༌། དེ་ལ་དབྱེ་ན། དེ་ཁོ་ན་ཉིད་ཀྱི་དོན་འཇལ་བ་དོན་དམ་རྟོགས་པའི་ཤེས་རབ། རིག་པའི་གནས་ལྔ་ལ་མཁས་པ་ཀུན་རྫོབ་རྟོགས་པའི་ཤེས་རབ། སེམས་ཅན་གྱི་དོན་བསྒྲུབ་ཚུལ་ཤེས་པས་སེམས་ཅན་དོན་བྱེད་ཀྱི་ཤེས་རབ་དང་གསུམ་མོ།། དེ་གསུམ་གོང་ནས་གོང་དུ་ཡོངས་སུ་རྫོགས་པ་ཤེས་རབ་ཀྱི་ཕར་ཕྱིན་དུ་གསུངས་སོ།།

    འདིའི་སྐབས་སུ་ལམ་རིམ་ཆེན་མོ་ལས། སྤྱིར་ཤེས་རབ་ནི། བརྟགས་པའི་དངོས་པོ་ལ་ཆོས་རབ་ཏུ་རྣམ་པར་འབྱེད་པར་བྱེད་པ་ཡིན་ལ། སྐབས་འདིར་ནི་རིག་པའི་གནས་ལྔ་ལ་མཁས་པ་ལ་སོགས་པའི་ཤེས་རབ་སྟེ། བྱང་ས་ལས། ཤེས་བྱ་ཐམས་ཅད་ལ་འཇུག་པ་དང་ཤེས་བྱ་ཐམས་ཅད་ལ་ཞུགས་པ་ཆོས་རབ་ཏུ་རྣམ་པར་འབྱེད་པ་གང་ཡིན་པ་རིག་པའི་གནས་ལྔ་བོ་ནང་གི་རིག་པ་དང༌། གཏན་ཚིགས་ཀྱི་རིག་པ་དང་གསོ་བའི་རིག་པ་དང་སྒྲའི་རིག་པ་དང་བཟོ་དང་ལས་ཀྱི་གནས་ཀྱི་རིག་པ་ལ་དམིགས་ནས་འཇུག་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ།། ཞེས་གསུངས་སོ།། དེ་ལ་འཇུག་པའི་ཤེས་རབ་ནི་ས་མ་ཐོབ་པའི་གོང་གི་ཡིན་ལ་ཞུགས་པ་ནི་ས་ཐོབ་ནས་ཡིན་ནོ།། ཞེས་གསུངས་སོ།།

    གལ་ཏེ་ལ་ལ་ཞིག་སེམས་བཟང་བོ་ཡོད་ན་དེས་འཐུས་ཀྱི། ཤེས་རབ་བསྐྱེད་པས་ཅིར་ཕན། ཤེས་རབ་མེད་ན་ཉེས་པ་ཅི་ཡོད་སྙམ་ན། འདིའི་ལན་ནི་ལམ་རིམ་ཆེན་མོ་ལས་ཤིན་ཏུ་གསལ་བར་གསུངས་འདུག་པས་འདིར་དྲངས་ནས་བཤད་ན། དེ་ཉིད་ལས། ཤེས་རབ་མེད་ན་སྦྱིན་སོགས་རྣམས་མིག་དང་བྲལ་བ་ལྟར་འགྱུར་བ་ནི། སྡུད་པ་ལས། 

དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས།།

ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར།།

ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི།།

དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན།།

ཞེས་སོ།། དེའི་ཕྱིར་སྦྱིན་སོགས་རྣམས་དག་པར་མི་འགྱུར་ཞིང་ཡང་དག་པའི་ལྟ་བ་ཡང་མི་རྙེད་དེ། 

ཤེས་རབ་མེད་ན་འབྲས་བུ་དོན་གཉེར་ལ།།

སྦྱིན་པ་བདག་ཉིད་རྣམ་པར་དག་མི་འགྱུར།།

གཞན་དོན་བཏང་བ་སྦྱིན་པའི་མཆོག་ཅེས་གསུངས།།

ལྷག་མ་ནོར་སྤེལ་དོན་གྱི་སྦྱོར་བ་ཡིན།།

ཞེས་དང༌། 

ཤེས་རབ་སྣང་བས་མུན་པ་མ་བསལ་ན།།

ཚུལ་ཁྲིམས་དག་དང་ལྡན་པར་དེ་མི་འགྱུར།།

ཕལ་ཆེར་ཤེས་རབ་མེད་པས་ཚུལ་ཁྲིམས་དག།

ཤེས་པའི་སྐྱོན་གྱིས་ཉོན་མོངས་རྙོག་བཅས་འགྱུར།།

ཞེས་དང༌། 

ཤེས་རབ་ལོག་པའི་སྐྱོན་གྱིས་སེམས་བརྙོགས་ན།།

བཟོད་པའི་ཡོན་ཏན་དེ་ལ་གནས་མི་མོས།།

ལེགས་ཉེས་རྟོག་ལ་མི་དགའི་ཚུལ་འཆང་ཞིང༌།།

ཡོན་ཏན་མེད་པའི་རྒྱལ་ལ་གྲགས་པ་བཞིན།།

ཞེས་དང༌། 

མཁས་པ་རྣམས་ལ་ཕུལ་དུ་བསྔགས་གྱུར་ཅིང༌།།

དེ་ལས་ཕྲ་ཞིང་ཟབ་པ་གཞན་མེད་པ།།

འདོད་པའི་སྐྱོན་གྱིས་ཡོངས་སུ་མ་བསྒྲིབས་པའི།།

ཡིད་ལམ་དྲང་བོར་ཤེས་རབ་མེད་མི་འགྲོ།།

ཞེས་དང༌། 

ཤེས་རབ་ཚུལ་ལ་བརྩོན་མེད་བློ་འཆང་ན།།

དེ་ཡི་ལྟ་བ་ཡོངས་སུ་དག་མི་འགྱུར།།

ཞེས་སོ།། དེ་ལ་རྒྱལ་ལ་གྲགས་པ་ནི། ཡོན་ཏན་མེད་པའི་རྒྱལ་བོ་ལ་གྲགས་པ་ལན་ཅིག་བྱུང་ཡང་ཉམས་ནས་འགྲོ་བའོ།། དེ་ལྟར་ན་གཏི་མུག་རྨོངས་པའི་མུན་པ་ནི་ཤེས་རབ་ཀྱི་འོད་ཆེན་མ་ཤར་བར་དུ་མི་ལྡོག་ལ། དེ་ནམ་ཤར་བ་ན་ལྡོག་པས་ཤེས་རབ་བསྐྱེད་པ་ལ་ནུས་པ་དང་མཐུ་ཅི་ཡོད་ཀྱིས་འབད་དགོས་ཏེ། 

ཉི་མ་འོད་ཆེན་ཤར་བར་གྱུར་བཞིན་དུ།།

འགྲོ་བའི་རྒྱུད་རྣམས་མུན་ནག་གང་འགེབས་པ།།

ཤེས་རབ་འོད་ཀྱི་མཐུ་ཆེན་འབྱུང་བས་ན།།

ཐམས་ཅད་བསལ་འགྱུར་མིང་ཙམ་འབའ་ཞིག་ལུས།།

ཞེས་དང༌། 

དེ་བས་རང་གི་མཐུ་རྣམས་ཀུན་གཏུགས་ཏེ།།

དེ་འདྲའི་ཤེས་རབ་ཚུལ་ལ་བརྩོན་པར་བྱ།།

ཞེས་སོ།། ཞེས་གསུངས་པ་ལྟར་རོ།།

    འོ་ན་ཤེས་རབ་བསྐྱེད་ན་ཕན་ཡོན་ཅི་ཡོད་སྙམ་ན། ཤེས་རབ་དེ་ཚེ་འདི་དང་ཕྱི་མའི་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཡིན་ཚུལ་གོང་དུ་མགོན་པོ་ཀླུ་སྒྲུབ་ཀྱི་ལུང་དྲངས་པ་དེའི་དོན་ལྟར་དང་། ཡང་ཤེས་རབ་ནི་སྦྱིན་སོགས་ལྔའི་མིག་དང་འདྲ་བ་ནི། སྡུད་པ་ལས། 

གང་ཚེ་ཤེས་རབ་ཀྱིས་ནི་ཡོངས་སུ་ཟིན་གྱུར་པ།།

དེ་ཚེ་མིག་རྙེད་གྱུར་ཅིང་འདི་ཡི་མིང་འཐོབ་བོ།།

དཔེར་ན་རི་མོའི་ལས་ནི་ཡོངས་ཟིན་མིག་མེད་པ།།

ཇི་སྲིད་མིག་མ་བྲིས་པར་རྔན་པ་མི་འཐོབ་བཞིན།།

ཞེས་གསུངས་པ་ལྟར་དང་། ཡང་ཡོན་ཏན་གཞན་ལ་དགོས་ཚུལ་ནི། དཔེར་ན་གསེར་བཟང་བོ་ལས་བསྒྲུབས་པའི་རྒྱན་ཁྱད་པར་དུ་འཕགས་པ་ལ་རིན་པོ་ཆེ་ཨིནྡྲ་ནི་ལ་ལ་སོགས་པའི་འཕྲས་སྤྲས་ན་སྔོན་ལས་ཀྱང་ཆེས་ཤིན་ཏུ་ཡིད་འཕྲོག་པ་བཞིན་དུ། སྦྱིན་པ་ནས་བསམ་གཏན་གྱི་བར་ལྔ་བོའི་གསེར་གྱི་རྒྱན་ཡང་རིགས་པ་དང་མི་རིགས་པ་རྣམ་པར་འབྱེད་ནུས་པའི་ཤེས་རབ་ཀྱི་འཕྲ་དང་འབྲེལ་ན་ཤིན་ཏུ་རྨད་དུ་བྱུང་བར་འགྱུར་ཏེ། འདིས་སྦྱིན་སོགས་ལྔ་བོ་ཆེས་རྣམ་པར་དག་པར་སྒྲུབ་པར་བྱེད་པའི་ཕྱིར་ཏེ། མིག་ལ་སོགས་པའི་དབང་བོ་ལྔའི་ཡུལ་ལ་ཡིད་ཀྱི་ཤེས་པས་སྐྱོན་ཡོན་སོ་སོར་ཕྱེ་ནས་འཇུག་ལྡོག་བྱེད་པ་དང་འདྲའོ།། དེ་ཡང་དཔལ་ལྡན་དཔའ་བོས། 

སྦྱིན་ལ་སོགས་པའི་བསོད་ནམས་འདི་དག་ནི།།

ཤེས་རབ་མགོན་བཅས་ལྷག་པར་མཐུ་ལྡན་འགྱུར།།

གསེར་གྱི་རྒྱན་བཟང་རྣམ་པ་སྣ་ཚོགས་ལ།།

རིན་ཆེན་འཕྲ་བཀོད་འོད་ཀྱིས་གསལ་བ་བཞིན།།

སོ་སོའི་དོན་ལ་དེ་དག་ཡོན་ཏན་མཐུ།།

ཤེས་རབ་འདི་ནི་རྒྱ་ཆེན་སྒྲུབ་པར་བྱེད།།

དབང་བོ་རང་རང་ཡུལ་གྱི་བྱེ་བྲག་ལ།།

མཐུ་གཞན་ཡིད་ཀྱིས་གསལ་བར་བསྟན་པ་བཞིན།།

ཞེས་སོ།།

    དེ་བཞིན་དུ་དད་སོགས་ཀྱི་དབང་བོ་གཞན་རྣམས་ལའང་ཤེས་རབ་ཉིད་གཙོ་བོ་ཡིན་ལ། ཤེས་རབ་ཀྱི་མགོན་ཡོད་ན་སྦྱིན་པ་དང་དད་པ་ལ་སོགས་པ་རྣམས་ཀྱི་སེར་སྣ་ལ་སོགས་པའི་སྐྱོན་དང་ཡོན་ཏན་ལེགས་པར་ཤེས་ནས་ཉོན་མོངས་ཟད་པ་དང་ཡོན་ཏན་འཕེལ་བའི་ཐབས་ལ་མཁས་པར་འགྱུར་ཏེ། 

དད་ལ་སོགས་པའི་དབང་བོའི་རྣམ་པ་ཡང་།།

དབང་བོ་གཞན་ལ་བློ་བཞིན་ཤེས་རབ་གཙོ།།

དེ་ཡི་མགོན་ལྡན་ཡོན་ཏན་སྐྱོན་ཤེས་པས།།

ཉོན་མོངས་ཟད་པའི་ཚུལ་ལ་མཁས་པར་འགྱུར།།

ཞེས་སོ།། བྱང་ཆུབ་སེམས་དཔས་སློང་བ་བོ་ལ་ཤ་བྱིན་ཀྱང་སྨན་གྱི་སྡོང་བོ་ལས་བླངས་པ་ལྟར་ང་རྒྱལ་དང་ཞུམ་པ་ལ་སོགས་པའི་རྣམ་རྟོག་གིས་མི་འགྱུར་བ་ནི། ཤེས་རབ་ཀྱིས་དེ་ཁོ་ན་ཉིད་མངོན་དུ་གྱུར་པ་ལས་ཡིན་ལ། སྲིད་ཞིའི་རྒུད་པ་མཐོང་བའི་ཤེས་རབ་ཀྱིས་ཚུལ་ཁྲིམས་གཞན་གྱི་དོན་དུ་བསྒྲུབས་པས་ཚུལ་ཁྲིམས་རྣམ་པར་དག་པར་བྱེད་པ་དང༌། མི་བཟོད་པ་དང་བཟོད་པའི་སྐྱོན་ཡོན་ཤེས་རབ་ཀྱིས་རྟོགས་ནས་སེམས་བཏུལ་བས་ལོག་སྒྲུབ་དང་སྡུག་བསྔལ་གྱིས་མི་འཕྲོག་པ་དང༌། ཤེས་རབ་ཀྱིས་གང་ལ་བརྩོན་འགྲུས་རྩོམ་པའི་གཞི་ལེགས་པར་ཤེས་ནས་དེ་ལ་བརྩོན་པས་ལམ་གྱི་ཆོད་ཆེ་བ་དང༌། དེ་ཁོ༌ན་ཉིད་ཀྱི་དོན་ལ་གནས་པའི་བསམ་གཏན་གྱི་དགའ་བདེ་མཆོག་ནི་རིགས་པའི་ཚུལ་ལ་བརྟེན་པའི་ཤེས་རབ་ཀྱིས་སྒྲུབ་པར་བྱེད་པས་སྦྱིན་སོགས་ལྔ་བོ་ཡོངས་སུ་དག་པར་བྱེད་པ་ནི་ཤེས་རབ་ལ་རག་ལས་ཏེ་ཞེས་ཤེས་རབ་ཀྱི་ཕན་ཡོན་དང་ཤེས་རབ་གལ་ཆེ་ཚུལ་སོགས་ལམ་རིམ་ཆེན་མོ་ལས་རྒྱས་པར་གསུངས་པ་ལ་མཇལ་དགོས་སོ།།

    གལ་ཏེ་སྙིང་ནས་ཆོས་ཉམས་ལེན་བྱེད་འདོད་པ་ཞིག་ཡིན་ན། ལམ་གྱི་རིམ་པ་ཞེས་པ་ལ་ཅིས་ཀྱང་ངེས་པ་ཨེ་རྙེད་བལྟ་དགོས་ཏེ། རིམ་པ་འཆོལ་ན་འདོད་དོན་མི་འགྲུབ་པའི་ཕྱིར། དེས་ན་ཐོག་མར་དལ་འབྱོར་རྙེད་དཀའ་དོན་ཆེའི་ཚུལ་ལ་ངེས་པ་རྙེད་པར་བྱ་དགོས། དེ་མ་བྱས་ན་དེ་ལ་གཅེས་སྤྲས་བྱེད་པའི་བློ་མི་འབྱུང་བས་དེ་ཆུད་ཟོས་སུ་འགྲོ། དེ་ནས་དེ་མི་རྟག་པར་མ་ངེས་ན་ཕྱི་བཤོལ་གྱིས་བསླུ། མི་རྟག་པར་ཤེས་ཀྱང་ངན་འགྲོའི་སྡུག་བསྔལ་མ་ཤེས་ན་ཕྱི་མའི་དོན་དུ་མི་འབད། དེ་ཤེས་ཀྱང་སྐྱབས་ངོས་མ་ཟིན་ན་དཀོན་མཆོག་གསུམ་ལ་སྐྱབས་སུ་མི་འགྲོ། དེ་སྐྱབས་གནས་ཡང་དག་ཏུ་ཤེས་ཀྱང་དེའི་བསླབ་བྱ་ལ་མ་འབད་ན་དེས་ཀྱང་སྐྱོབ་ཚུལ་མེད། དེ་ལ་འབད་པ་རྣལ་མ་ཞིག་བྱེད་ཐུབ་མིན་ཡང་ལས་འབྲས་ལ་ངེས་པ་རྙེད་མི་རྙེད་ལ་ཐུག དེ་ལ་ངེས་པ་བརྟན་པོ་མ་རྙེད་ན་སྡོམ་པ་ལེན་པ་ལ་དཔའ་བ་ཙམ་ལས་སྲུང་སྡོམ་ཞིབ་མོ་འོང་བ་དཀའ། དེའི་ཕྱིར་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་རིམ་པར་སློབ་པ་ཤིན་ཏུ་གལ་ཆེའོ།།

    དེ་ནས་འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་ལེགས་པར་མ་ཤེས་ན་དེ་ལ་ཞེན་ལོག་རྣལ་མ་མི་སྐྱེ་ཞིང་། དེ་མ་སྐྱེས་ན་ཐར་བ་དོན་གཉེར་གོ་བ་ཙམ་དུ་འགྲོ། ཐར་བ་དོན་གཉེར་མཚན་ཉིད་ཚང་བ་ཞིག་སྐྱེས་ཀྱང་ཐར་ལམ་ལེགས་པར་ངོས་ཟིན་ན་མྱང་འདས་མི་འཐོབ་པ་ལམ་བསླབ་པ་གསུམ་ལ་སློབ་པ་སོགས་ཀྱིས་མཚོན་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་རིམ་བཞིན་སློབ་པ་ཧ་ཅང་གལ་ཆེའོ།།

    དེ་ནས་དམན་པའི་མྱང་འདས་ཙམ་ཐོབ་ཀྱང་རང་གཞན་གྱི་དོན་ཡོངས་སུ་མ་རྫོགས་པའི་ཚུལ་དང་། སེམས་ཅན་ཐམས་ཅད་རང་གི་དྲིན་ཅན་གྱི་མར་གྱུར་ཚུལ་དང་། སྡུག་བསྔལ་གྱིས་མནར་ཚུལ་ལ་བསམ་བློ་ཞིབ་མོ་མ་བཏང་ན། བྱམས་པ་དང་སྙིང་རྗེའི་རྩ་བ་ཅན་གྱི་སྨོན་སེམས་བཅོས་མིན་མི་སྐྱེ་བས། སྐྱེས་བུ་ཆེན་པོ་དང་ཐེག་པ་ཆེན་པོ་བ་ཞེས་མིང་ཇི་འདྲའི་རྫིག་པོ་ཞིག་བཏགས་ཀྱང་མིང་ཙམ་དུ་འགྲོ་བས། སེམས་བསྐྱེད་ལ་ཅིས་ཀྱང་ངེས་པ་ཡང་དག་འདྲོང་དགོས། དེ་ནས་སེམས་ཙམ་བསྐྱེད་ཀྱང་བྱང་སེམས་ཀྱི་སྤྱོད་པ་སྤྱི་ལ་སློབ་འདོད་དྲག་པོ་མེད་ན་འཇུག་སྡོམ་རྣལ་མ་མི་སྐྱེ་ལ། ཞི་གནས་དང་ལྷག་མཐོང་སྤྱིའི་གོ་བ་རྣམ་དག་ནི་དེ་ཙམ་མི་འཆགས་པས། ཏིང་ངེ་འཛིན་ཕྲ་མོ་ལ་ཡང་འཁྲུལ་ཞིང་། བདག་མེད་ཀྱི་ལྟ་བ་ལ་ངེས་པ་མི་སྐྱེ་བས། དེ་རྣམས་སུ་སོང་བ་འདོད་ན་ཐེག་ཆེན་གཉིས་ཀྱི་སྤྱིའི་ལམ་ལ་ནན་གྱིས་སྦྱང་དགོས་པར་གསུངས་སོ།།

    དེ་ལའང་ཤིན་ཏུ་མང་ཡང་བསླབ་པ་རྣམས་བསྡུས་ན་ཕྱིན་དྲུག་ཏུ་འདུ་ཚུལ་དང་། ཐབས་ཤེས་རེ་རེ་ལ་བསླབས་པས་སངས་རྒྱས་མི་འགྲུབ་པའི་ཚུལ་དང་། ཕྱིན་དྲུག་ཏུ་ངེས་ཚུལ་དང་གོ་རིམ་དེ་ལྟར་ངེས་པའི་རྒྱུ་མཚན་ཡང་། མངོན་མཐོ་ལ་བལྟོས་པའི་གྲངས་ངེས་དང་། དོན་གཉིས་བསྒྲུབ་པ་ལ་བལྟོས་པའི་གྲངས་ངེས་དང་། གཞན་དོན་རྣམ་པ་ཐམས་ཅད་རྫོགས་པར་བསྒྲུབ་པ་ལ་བལྟོས་པའི་གྲངས་ངེས་དང་། ཐེག་ཆེན་ཐམས་ཅད་སྡུད་པ་ལ་བལྟོས་པའི་གྲངས་ངེས་དང་།  ལམ་མམ་ཐབས་ཀྱི་རྣམ་པ་ཐམས་ཅད་པའི་དབང་དུ་མཛད་པའི་གྲངས་ངེས་དང་། བསླབ་པ་གསུམ་ལ་བལྟོས་པའི་གྲངས་ངེས་སོགས་ཀྱི་སྒོ་ནས་བསམ་ཚུལ་ལམ་རིམ་ལས་མདོ་སྡེ་རྒྱན་དྲངས་ནས་གསུངས་ཡོད་པ་རྣམས་ལ་ཞིབ་ཏུ་སྦྱངས་ན་ཤིན་ཏུ་ཡ་མཚན་པ་ཡིན་ཚུལ་ཡང་ཤེས་དགོས་པས། ཆོས་ཡང་དག་པ་ཞིག་བསྒྲུབ་འདོད་ན་ཅིས་ཀྱང་གཞུང་ལ་ཐོས་བསམ་རྣམ་དག་ཅིག་བྱེད་དགོས་པ་ཡིན་ནོ།།

སྨྲས་པ།

  ཐོག་མེད་འཁོར་བར་ཇི་ཙམ་སེར་སྣའི་མདུད།།

  དམ་པོར་སོང་བ་དེ་ཙམ་ནང་གི་སེམས།།

  དབུལ་བའི་སྡུག་ལས་མ་གྲོལ་ད་དུང་ཡང་།།

 འདི་ལྟར་བསྡད་ན་ནམ་ཞིག་འཆིང་བ་ལྷོད།།

 

དེ་ཕྱིར་ད་ནས་ལུས་དང་ལོངས་སྤྱོད་དགེ །

ཡོངས་སུ་གཏོང་བ་སྦྱིན་པའི་ཕར་ཕྱིན་ལ།།

བསླབ་སྟེ་སེར་སྣའི་མདུད་པ་ཀུན་ཞིག་ཅིང་།།

མ་ལུས་འགྲོ་བའི་རེ་བ་སྐོང་ནུས་ཤོག །



སྔོན་ཚེ་སྒོ་གསུམ་མ་བསྡམས་བག་མེད་པས།།

སྡུག་བསྔལ་བརྒྱུད་མར་མྱོང་ཞིང་སྟེས་དབང་གིས།།

བདེ་འགྲོ་ཐོབ་ཀྱང་ཚུལ་ཁྲིམས་མ་བླངས་ཤིང་།།

བླངས་ཀྱང་བསྲུང་བ་ལྷོད་པས་འདི་ལྟར་གྱུར།།

 

ད་ནི་སྡོམ་གསུམ་ཇི་ལྟར་ཁས་བླངས་བཞིན།།

བསྲུང་ཞིང་ཁྱད་པར་རང་དོན་ཡིད་བྱེད་ཀྱིས།།

མ་གོས་ཉེས་སྤྱོད་དྲི་མ་ཀུན་དག་པའི།།

ཚུལ་ཁྲིམས་ཕ་རོལ་ཕྱིན་ལ་སློབ་ནུས་ཤོག །

 

 ཚིག་ལ་ཚིག་ལན་མ་བཏབ་ལྐུགས་པ་དང་།།

གནོད་ལ་གནོད་ལན་མ་བྱས་ཝ་མོ་རུ།།

ལྟ་བའི་བློ་དེས་ཐོག་མེད་འཁོར་བ་ནས།།

འཐབ་ཅིང་རྩོད་པའི་སྡུག་ལས་ཐར་མ་གྱུར།།

 

ད་ནི་ཚིག་རྩུབ་མཚོན་གྱིས་མི་ཆོད་གོ། །

ཞེ་སྡང་སྦྲུལ་གདུག་གནོན་པའི་ནམ་མཁའ་ལྡིང་།།

ཉོན་མོངས་དཔུང་གིས་མི་ཐུབ་སྟོབས་ཀྱི་ཕུལ།།

བཟོད་པའི་ཕར་ཕྱིན་སློབ་ལ་དགའ་བར་ཤོག །

 

བྱ་བ་ངན་ཞེན་སྒྱུད་ལུག་བདག་ཉིད་བརྙས།།

ལ་སོགས་ལེ་ལོ་གཡོ་ཅན་དེས་བསླུས་པས།།

དོན་ལྡན་ལས་ལ་མ་ཞུགས་ཞུགས་ན་ཡང་།།

གཅིག་ཀྱང་མ་འགྲུབ་བརྩོན་འགྲུས་མེད་པས་ལན།།

 

ད་ནི་ལུང་རྟོགས་ཡོན་ཏན་ཀུན་འཕེལ་ཞིང་།།

སྤྱོད་ལམ་ཐམས་ཅད་དོན་དང་ལྡན་འགྱུར་ལ།།

གང་བརྩམས་ལས་ཀྱི་མཐའ་རྣམས་ཡིད་བཞིན་དུ།།

འགྲུབ་བྱེད་བརྩོན་འགྲུས་ཕར་ཕྱིན་སློབ་ནུས་ཤོག །

 

རྟག་ཏུ་བྱིང་རྨུགས་རྒོད་པའི་དབང་གྱུར་ཅིང་།།

ཉེས་པ་ལྔ་ཡིས་གཙེ་བས་རང་གི་སེམས།།

རང་ལ་མ་དབང་ཉོན་མོངས་བྲན་གྱུར་བས།།

ལུས་སེམས་མ་ཞི་སྡུག་བསྔལ་གཤོང་ན་མནར།།

 

ད་ནི་རང་སེམས་འདུལ་བའི་མཆོག་གྱུར་ཅིང་།།

བཞག་ན་གཡོ་མེད་བཏང་ན་དགེ་བ་ཡི།།

དམིགས་པ་ཀུན་ལ་འཇུག་ཅིང་ལུས་དང་སེམས།།

བདེ་བྱེད་བསམ་གཏན་ཕར་ཕྱིན་སློབ་ནུས་ཤོག །

 

ཚུལ་དང་ཚུལ་མིན་བླང་དང་དོར་བྱ་དང་།།

ཁྱད་པར་ཆོས་ཀྱི་གནས་ལུགས་ལ་རྨོངས་པའི།།

མ་རིག་དབང་གིས་ཐོག་མེད་འཁོར་བ་རུ།།

སྡུག་བསྔལ་གསུམ་གྱིས་མནར་བ་འདི་ལགས་པས།།

 

སྲིད་རྩ་དྲུངས་ནས་འབྱིན་བྱེད་གསུང་རབ་ལས།།

བསྔགས་པའི་ཡོན་ཏན་གཏེར་གྱུར་གཏི་མུག་མུན།།

སེལ་བྱེད་ངོ་མཚར་འཕྲུལ་གྱི་སྒྲོན་མེ་མཆོག །

ཤེས་རབ་ཕར་ཕྱིན་ཉམས་སུ་ལེན་ནུས་ཤོག །

ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པ་ཡིན་ལ། ཐེག་པ་ཆེན་པོའི་སྤྱོད་པ་སྤྱི་ལ་བསླབ་ཚུལ་གྱི་བསླབ་བྱའི་དོན་བཤད་ཟིན་ཏོ།།

 

 

    ཁྱད་པར་དུ་མཐའ་བྲལ་དབུ་མའི་ལྟ་བ་ལ་སློབ་དགོས་པར་གདམས་པ་ནི། བསླབ་བ་བྱ་ལས། 

ཁྱད་པར་མཐའ་བྲལ་གྱི་ལྟ་བས་རྒྱས་བཏབ།།

ཅེས་དེ་ལྟར་སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་བའི་ལམ་རིམ་པར་སྦྱངས་ཤིང་། ཆེན་པོའི་ལམ་སེམས་བསྐྱེད་དང་ཕྱིན་དྲུག་གི་སྤྱོད་པ་ལ་སྦྱོང་དགོས་ལ། ཁྱད་པར་དུ་དེ་དག་ཐམས་ཅད་ལ་མཐའ་བྲལ་དབུ་མའི་ལྟ་བའི་ཕྱག་རྒྱས་བཏབ་སྟེ་སྦྱོང་བ་ཤིན་ཏུ་གལ་ཆེ་བར་གདམས་པའོ།།

    དེ་ཡང་ཐེག་ཆེན་པ་བྱེད་པར་འདོད་ན་ཐོག་མར་ཡིད་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པ་ཞིག་དང༌། དེ་ནས་དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་མཚན་ཉིད་ཚང་བ་ཞིག་སྙིང་ཐག་པ་ནས་བསྐྱེད་པ་དང༌། སེམས་བསྐྱེད་པས་ནི་གདོན་མི་ཟ་བར་བྱང་སེམས་ཀྱི་སྤྱོད་པ་སྤྱི་དང༌། ཁྱད་པར་དུ་ཟབ་མོའི་ལྟ་བ་ཕུ་ཐག་གཅོད་དགོས་པར་འདུག་སྙམ་ནས་དེ་དག་ལ་སློབ་པ་ཞིག་དགོས་པར་བསྟན་པ་ལ་ངེས་པ་བརྟན་པོ་རྙེད་དགོས་སོ་ཞེས་གསུངས་པ་ལྟར་མཐའ་བྲལ་དབུ་མའི་ལྟ་བ་ཅིས་ཀྱང་སློབ་དགོས་སོ།།

    མཐའ་བྲལ་ཞེས་པའི་དོན་ནི་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བ་ལ་བྱེད་ཅིང་། མཐའ་གཉིས་སྤང་ཚུལ་ནི། ཀུན་མཁྱེན་འཇིགས་མེད་དབང་བོས་གྲུབ་མཐའ་རིན་ཆེན་འཕྲེང་བ་ལས། དེ་ཡང་གྲུབ་མཐའ་སྨྲ་བ་བཞི་ལ་རྟག་ཆད་ཀྱི་མཐའ་སྤོང་ཚུལ་མི་འདྲ་བ་རེ་ཡོད་དེ། བྱེ་བྲག་སྨྲ་བ་རྣམས་འབྲས་བུ་སྐྱེ་བའི་ཚེ་རྒྱུ་འགག་པས་རྟག་པའི་མཐའ་སྤོང་ལ། རྒྱུའི་མཇུག་ཐོགས་སུ་འབྲས་བུ་འབྱུང་བས་ཆད་པའི་མཐའ་སྤོང་ངོ་ཞེས་ཟེར་རོ།། མདོ་སྡེ་པ་དག་འདུས་བྱས་རྣམས་རྒྱུན་མ་ཆད་པར་འཇུག་པས་ཆད་པའི་མཐའ་སྤོང་ཞིང༌། སྐད་ཅིག་གིས་འཇིག་པས་རྟག་པའི་མཐའ་ལས་གྲོལ་ཞེས་འདོད་དོ།། སེམས་ཙམ་པ་རྣམས་ཀུན་བཏགས་བདེན་པར་མ་གྲུབ་པས་རྟག་པའི་མཐའ་སྤོང་ལ། གཞན་དབང་བདེན་པར་གྲུབ་པས་ཆད་པའི་མཐའ་སྤོང་ངོ་ཞེས་སྨྲའོ།། དབུ་མ་བ་རྣམས་ཆོས་ཐམས་ཅད་ཐ་སྙད་དུ་ཡོད་པས་ཆད་པའི་མཐའ་ལས་གྲོལ་ཞིང༌། དོན་དམ་དུ་མེད་པས་རྟག་པའི་མཐའ་ལས་གྲོལ་ཞེས་བཞེད་དོ།།

གྲུབ་མཐའ་གོང་མ་གོང་མ་རྣམས་ཀྱིས་འོག་མ་འོག་མའི་གྲུབ་མཐའ་ཐུན་མོང་མ་ཡིན་པ་རྣམས་འགོག་པར་བྱེད་ཀྱང༌། འོག་མ་འོག་མའི་ལྟ་བ་གོ་བ་དེ། གོང་མ་གོང་མའི་ལྟ་བ་གོ་བའི་ཐབས་དམ་པར་སྣང་བས། གྲུབ་མཐའ་གོང་མ་ལ་མཆོག་ཏུ་བཟུང་ནས་འོག་མ་ལ་སྡང་བར་མི་བྱའོ།། ཞེས་གསུངས་པ་ལྟར་ཤེས་དགོས་ལ། ཁྱད་པར་དུ་ཐལ་འགྱུར་བའི་ལུགས་ལ་ནི་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པས་རྟག་མཐའ་ལས་གྲོལ་ལ། རྟེན་འབྲེལ་ཙམ་དུ་གྲུབ་པས་ཆད་མཐའ་ལས་གྲོལ་བར་འཇོག་པས་འཇོག་ཚུལ་ལ་ཕྲ་རགས་ཤིན་ཏུ་ཆེའོ།།



    འོ་ན་དབུ་མ་ཐལ་འགྱུར་བས་རང་བཞིན་གྱིས་གྲུབ་པའི་ཆོས་རྡུལ་ཙམ་ཡང་མེད་པར་བཞེད་པ་ན། ལ་ལས་རང་ཉིད་ཀྱང་དབུ་མ་ཐལ་འགྱུར་བའི་ལྟ་བ་ཁས་ལེན་པར་རློམ་ནས་དཀར་བོ་དང་ནག་པོ། དགེ་བ་དང་སྡིག་པ། ཚུལ་དང་ཚུལ་མིན། བཟང་བོ་དང་ངན་པ་ལ་སོགས་པ་ཐམས་ཅད་འཁྲུལ་ངོ་ཙམ་མ་གཏོགས་གཏན་ནས་མེད་ཟེར་བ་འགྲིག་གམ་ཞེ་ན། གཏན་མི་འགྲིག་སྟེ། ཐལ་འགྱུར་བས་དེ་དག་མེད་པར་ནི་གཏན་མི་བཞེད་པའི་ཕྱིར་ཏེ། རང་བཞིན་གྱིས་མེད་པ་དང་མེད་པ་གཉིས་གཏན་མི་འདྲ་བའི་ཕྱིར། གལ་ཏེ་རང་བཞིན་གྱིས་མེད་པ་དང་མེད་པ་གཉིས་ལ་ཁྱད་པར་མེད་ན། དཔལ་ལྔན་ཟླ་བས། ཀྱེ་མ་ཀྱི་ཧུད་རྣ་བ་དང་སྙིང་མེད་པས་ཀྱང་བརྒལ་བར་འགྱུར་བ་འདི་ནི་ཁོ་བོ་ཅག་ལ་དཀའ་བ་ཞིག་བབ་བོ།། གང་གི་ཚེ་ཁོ་བོ་ཅག་གིས་གང་བརྟེན་ནས་སྐྱེ་བ་དེ་གཟུགས་བརྙན་བཞིན་དུ་རང་བཞིན་གྱིས་མ་སྐྱེས་སོ་ཞེས་སྨྲས་པ་དེའི་ཚེ་རྒོལ་བའི་གོ་སྐབས་ག་ལ་ཡོད། ཅེས་གསུངས་པ་ཇི་ལྟར་འགྲེལ། 

    འོ་ན་དབུ་མའི་ལྟ་བ་དེ་དེ་འདྲའི་རྟོགས་དཀའ་བ་ཞིག་ཡིན་ན། མ་བཙལ་བས་ཆོག་མོད། དེ་འདྲའི་དཀའ་སྤྱད་བྱེད་དགོས་དོན་ཅི་ཡོད་ཅེ་ན། འཁོར་བའི་སྡུག་བསྔལ་ལས་ཡོངས་སུ་གྲོལ་ནས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་དགོས་ན་ངེས་པར་ལྟ་བ་འཚོལ་དགོས་ཏེ། འཁོར་བའི་རྩ་བ་ནི་བདག་འཛིན་ཡིན་ལ། བདག་འཛིན་དྲུངས་ནས་སུན་འབྱིན་བྱེད་ནི་གནས་ལུགས་རྟོགས་པའི་ཤེས་རབ་ཉིད་ཡིན་པའི་ཕྱིར་ཏེ། དྲང་ངེས་ལེགས་བཤད་སྙིང་བོ་ལས། ཇི་སྐད་དུ་འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ་ལས། 

སྟོང་བ་ཞི་བ་སྐྱེ་བ་མེད་པའི་ཚུལ།།

མི་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་བ།།

དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་དང༌།།

རིགས་པ་བརྒྱ་བ་དག་གིས་ནི་འཛུད་པར་མཛད།།

ཅེས་ཆོས་རྣམས་ཀྱི་དེ་བཞིན་ཉིད་ནི་ཤིན་ཏུ་རྟོགས་པར་དཀའ་བ་དང༌། མ་རྟོགས་ན་འཁོར་བ་ལས་མི་གྲོལ་བར་གཟིགས་ནས་ཐུགས་རྗེ་ཅན་གྱི་སྟོན་པས་ཐབས་ཀྱི་ཚུལ་དང་རིགས་པའི་སྒོ་དུ་མ་ཞིག་གིས་དེ་ཁོང་དུ་ཆུད་པ་ལ་འཛུད་པར་གསུངས་སོ་ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར།

    འདི་དེ་ལྟར་གལ་ཆེ་ལ་ཤིན་ཏུ་རྟོགས་དཀའ་བའི་ཕྱིར་སྔོན་རྗེ་རིན་པོ་ཆེས་ཀྱང་བླ་མ་དབུ་མ་བས་ལོཙྪ་བཅོལ་ནས་རྗེ་བཙུན་འཇམ་པའི་དབྱངས་ལ་དྲི་བ་མང་བོ་མཛད་ནས། ཁྱད་པར་དུ་དབུ་མའི་ལྟ་བ་འདི་མ་བཙལ་ན་ལམ་གྱི་སྲོག་མི་རྙེད་བཙལ་ཀྱང་ཤིན་ཏུ་རྙེད་དཀའ་ཞིང༌། ཕྱིན་ཅི་ལོག་ཏུ་བཟུང་ན་གོལ་ས་དང་ཉེས་དམིགས་གཞན་ལས་ཀྱང་ཆེ་བར་འཕགས་པ་ཡབ་སྲས་ཀྱིས་གསུངས་འདུག་པས། འདི་ཉིད་འབའ་ཞིག་ཡིད་ལ་བཅགས་པའི་ཐུགས་ཀྱི་བཞེད་པ་རྟག་ཏུ་རྒྱུན་ཆགས་པས། དེ་ཁོ་ན་ཉིད་ཚོལ་བ་ལ་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་དང་འདྲ་བར་ཡོད་པས། དེའི་ཚེའང་རྗེ་བཙུན་ལ་ལྟ་བའི་དྲི་བ་རང་ཤས་ཆེར་མཛད། དེ་དུས་རྗེ་རིན་པོ་ཆེའི་ཐུགས་ལ་ཡང་ཁས་ལེན་ཅི་ཡང་མེད་ཅིང༌། གང་དུའང་བཟུང་མི་ཉན་པར་ལྟ་བ་དེ་ཐུགས་ལ་བདེ་བ་ཙམ་ཡོད་པའི་ཚུལ་གནང་ནས། རྗེ་བཙུན་ལ་ངེད་ཀྱི་ལྟ་བ་འདི་ཐལ་རང་གང་ཡིན་ཞུས་པས། རྗེ་བཙུན་གྱིས་གང་ཡང་མིན་གསུངས། དེ་ནས་ལྟ་བའི་སྐོར་ལ་དྲི་བ་དང༌། བརྒལ་བརྟག་མང་དུ་མཛད་པས། རྗེ་བཙུན་འཇམ་པའི་དབྱངས་ཀྱི་གསུང་ནས། སྣང་ཕྱོགས་དང་སྟོང་ཕྱོགས་ལ་ཉེ་རིང་གཏན་ནས་བྱེད་མི་ཉན། ཁྱད་པར་སྣང་བ་ལ་གཙིགས་སུ་བྱེད་དགོས་ཞེས་ཡང་ཡང་གསུངས། ཕྱིས་དགའ་བ་གདོང་དུ་བཞུགས་དུས་ཀྱང་དེ་འདྲ་བ་མང་དུ་བྱུང་སྟེ། མདོར་ན་ཐ་སྙད་ཚད་མས་གྲུབ་པ་བཞག་ས་མེད་པར་འཁྲུལ་ངོ་ཙམ་ལ་བསྙད་ནས་གཞན་ངོར་འཇོག་པ་མ་གཏོགས། རང་ལུགས་ལ་གང་ཡང་བཞག་ས་མེད་པར་ལས་འབྲས་ལ་སྐུར་འདེབས་ཀྱི་ཆད་ལྟ་ཆེན་པོ་ལ་དབུ་མའི་ལྟ་བ་མཆོག་ཏུ་འཛིན་པ་དེ་ཉིད་འགོག་པའི་ཆེད་དུ། རྗེ་བཙུན་གྱིས་ནན་ཏུར་ཆེ་བར་མཛད་པར་གསུངས་ཡོད་པའི་ཚུལ་ལ་ངེས་པ་ཐོན་པ་ཧ་ཅང་གལ་ཆེའོ།། 

    ཡང་དེ་ལྟར་དྲི་བ་དང་བརྒལ་བརྟགས་མང་དུ་མཛད་པའི་སྐབས་སུ་རྗེ་བཙུན་གྱིས་ཐལ་རང་གི་ཁྱད་པར། ལྷན་སྐྱེས་དང་ཀུན་བཏགས་ཀྱི་བདག་འཛིན་གཉིས་ཀྱིས་ཇི་ལྟར་བཟུང་བ་ལྟར་གྱི་བདག་དང༌། རྟགས་ཀྱི་དགག་བྱའི་ཚད་ཕྲ་རགས། ལྟ་བ་རྟོགས་པའི་ཚད། ཐལ་འགྱུར་བའི་ལྟ་བ་འདིའི་ལུགས་ཀྱིས་ཀུན་རྫོབ་རྣམ་པར་འཇོག་པའི་ཚུལ་ལ་སོགས་པ་རྣམས་ཀྱི་དཔྱད་པ་ཞིབ་ཏུ་མཛད་པའི་ས་བོན་ཤིན་ཏུ་འདྲིལ་བ་རེ་དང༌། སྔགས་མཚན་ཉིད་ཀྱི་ལམ་ཐུན་མོང་དང༌། ཐུན་མོང་མ་ཡིན་པའི་ཁྱད་པར་དཔལ་གསང་བ་འདུས་པའི་རིམ་པ་ལྔའི་ངོ་བོ་དང༌། གོ་རིམ་གྲངས་ངེས་ལ་སོགས་པ་རྣམས་ཀྱི་གནད་ཐུན་མོང་མིན་པ་ཤིན་ཏུ་འདྲིལ་བ་རེ་གསུངས་པས། རྗེ་རིན་པོ་ཆེས། མི་གོ་བ་འདུག་ལགས་ཞུས་པས། འདི་རྣམས་མ་བརྗེད་པར་གྱིས་ལ་ཟིན་བྲིས་སུ་བྲིས། བླ་མ་དང་ཡི་དམ་ཐ་མི་དད་དུ་བྱས་པ་ལ་གསོལ་བ་འདེབས་ཤིང་བསྙེན་བསྒྲུབ་བྱེད་པ་དང༌། བསག་སྦྱང་གཉིས་ལ་ལེགས་པར་འབད་པ་དང༌། གཞུང་ལུགས་ཀྱི་དོན་ལ་རིགས་པས་རྣམ་པར་དཔྱོད་ཅིང་ཞིབ་ཏུ་སེམས་པ་རྣམས་སུམ་སྒྲིལ་དུ་ཉམས་སུ་ལོངས་ལ་ཚིམ་མ་སླ་བར། རྒྱུན་བསྲིངས་ལ་ལེགས་པར་དཔྱོད་ཅིག་དང༌། སྐབས་སུ་བབས་པ་ན། ངས་ད་ལྟ་ས་བོན་བཏབ་པ་འདི་རྣམས་ཀྱིས་ཀྱང་རྐྱེན་བྱས་ནས་ལེགས་པར་གོ་བ་ཞིག་མྱུར་དུ་འོང་བར་འདུག་ཅེས་གསུངས་པར་རྣམ་ཐར་སོགས་སུ་གསུངས་པ་ལྟར་ཡིན་པས། རང་ཅག་སོ་སོ་སྐྱེས་པོ་ཕལ་བ་དད་པ་དང་དག་སྣང་ཧ་ཅང་ཞན་པ། གཞུང་ལུགས་ལ་ལྟ་རྒྱ་མཐོང་རྒྱ་ཤིན་ཏུ་ཆུང་བ། རྣམ་པར་དཔྱོད་པའི་བློ་གྲོས་ཀྱི་མིག་ཆེས་ཆེར་ལོང་བར་གྱུར་ཀྱང་། ད་དུང་དབུ་མའི་ལྟ་བ་ནི་རྙེད་སླ་བ་ཞིག་རེད་སྙམ་པའི་བསམ་པ་སྐྱེས་ན་ནི་རང་ཉིད་ཤིན་ཏུ་བླུན་པོ་ཡིན་པར་ཤེས་པར་བྱའོ།།

    དེ་ཡང་སྤྱིར་སྟོང་བས་ཡོད་མཐའ་དང༌། སྣང་བས་མེད་མཐའ་སེལ་བ་འདི། རྒྱང་ཕན་གྱི་བར་ལ་ཐུན་མོང་བ་ཡིན་པས། ཐལ་འགྱུར་བའི་ཁྱད་ཆོས་ལ་སྣང་བས་ཡོད་མཐའ་དང༌། སྟོང་བས་མེད་མཐའ་སེལ་ཞིང༌། སྟོང་ཉིད་རྒྱུ་འབྲས་སུ་འགྲོ་ཚུལ་ཤེས་དགོས་ལ། འཁོར་འདས་ཀྱི་ཆོས་རྣམས་ཀྱིས་རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་ཞིང༌། མི་སླུ་བའི་ཚུལ་རང་རྒྱུད་དུ་ཁས་ལེན་ལ། དེ་ཉིད་ཀྱིས་མཐའ་ཐམས་ཅད་སྤོང་བའི་སྟོང་ཉིད་འགྱུར་ཚུལ་སོགས་དཔག་ཏུ་མེད་པའམ་ཞིབ་ཆ་དང༌། མདོར་ན་མ་དཔྱད་པ་ཞེའམ། གཞན་ངོར་ཞེའམ། ཐ་སྙད་དུ་རྒྱུ་འབྲས་མི་སླུ་བ་དང༌། དཔྱད་ན་ཞེའམ། རང་ལུགས་ལ་ཞེའམ། གནས་ལུགས་ལ་བསླུ་བ་དང་མི་སླུ་བའི་རྣམ་གཞག་གང་ཡང་མེད་ཟེར་བ་ལྟ་བུ་མིན། མ་དཔྱད་བའི་ངོ་ན་བསྐུ་བར་མཐོང་ཞིང༌། དཔྱད་ན་འདི་ཡིན་མ་རྙེད་ནས། ད་གཟོད་རྒྱུ་འབྲས་མཐོང་ནས། དེ་གཉིས་གཞི་གཅིག་གི་སྟེང་དུ་སྦྱོར་བ་ལ་བསམས་ནས། རྟེན་འབྲེལ་དང་སྟོང་བ་དབྱེར་མེད་དུ་བྱེད་པའང་མིན་པར་རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་བ་མི་སླུ་བར་མཐོང་བའི་བློ་དེ་ཉིད་ཀྱིས་བློ་གཞན་ལ་ལྟོས་མེད་དུ་དམིགས་གཏད་ཞིག་པའི་སྟོང་བའང་འོང་བའི་ཚུལ་དང༌། རྒྱུ་འབྲས་མི་སླུ་བའི་གཏན་ཚིགས་དེ་ཉིད་ཀྱིས་རྟགས་གཞན་ལ་ལྟོས་མེད་དུ་ཡོད་མཐའ་སོགས་དང་བྲལ་བའི་སྟོང་བར་འགྲུབ་པའི་ཚུལ་ལས་རྒྱུ་འབྲས་མི་སླུ་བ་ལ་གཏིང་ནས་ངེས་ཤེས་འདྲོངས་ཤིང༌། དེ་ཁ་ནས་དམིགས་གཏད་ཐམས་ཅད་ཞིག་པའི་ཞེན་མེད་ཀྱང་འོང་བ་ཞིག་གདའ། སྔར་དུས་ཀྱང་དེ་འདྲའི་ཚིག་འགྲིག་ཕྱིས་དང༌ཁྱད་མེད་པ་བྱུང་འདུག་སྟེ། ངེས་ཤེས་ཡེ་མ་འདྲོངས་གདའ། དེང་རང་གི་བསམ་པ་ལ་ངེད་ཀྱིས་མ་གོ་ན། ངེད་དང་སློབ་དཔོན་ཁྱད་མེད་པས་སློབ་དཔོན་པས་ཀྱང་མ་དགོངས་སྙམ་ནས་ཞུས་པས་རང་རེས་དགོངས་ཡོད། འོན་ཀྱང་ཞིབ་ཆ་འགའ་ཡར་ནི་མི་ཤེས་གསུང༌། དེས་ན་ལྟ་བའི་གནད་མཐར་ཐུག་པ་དེ་ལྟ་བུ་དང༌། སྤྱོད་པའི་གནད་ཕྲ་ཞིབ་རྣམས་དང༌། ཉམས་ལེན་བྱེད་པའི་ལམ་དུ་འགྲོ་མི་འགྲོ་དང༌། སྔགས་མཚན་ཉིད་ཀྱི་གནད་ཆེས་དཀའ་བ་སོགས་ལ། དེ་གོང་དུ་ཐེ་ཚོམ་དུ་ཡོད་ཅིང༌། དཔྱད་པ་མ་རྙེད་པ་རྣམས་ལེགས་པར་རིགས་སྟོབས་ཀྱིས་བསྒྲུབ་ལུགས་ལ་བལྟས་པས་གཏིང་ནས་ཐེ་ཚོམ་ཀྱི་དྲི་མ་ཡང་མེད་པར་ཡིད་ཆེས་སྐྱེ་བར་གདའ། འདི་བའི་ལུགས་ཀྱིས་ད་ལྟའི་བཤད་ཉན་དང་སྒོམ་སྒྲུབ་གཉིས་བཤད་ཉན་ལ་རྩིས་མཛད་ཅིང༌། སྤྱིར་ཆོས་ཀྱི་རྣམ་གྲངས་མང་ཡང༌། ཐར་བའི་རྒྱུར་འགྲོ་བ་ནི་གསུམ་སྟེ། ངེས་འབྱུང༌། བྱང་ཆུབ་ཀྱི་སེམས། ལྟ་བ་རྣམ་དག་གོ། ད་ལྟ་འདི་གསུམ་ལ་མྱོང་བ་ཐོན་པ་ལྟ་ཞོག འདི་གསུམ་གྱི་གོ་བ་རྣམ་དག་ཡོད་པའང་དཀོན། དེ་ལ་དང་བོ་གཉིས་ཀྱི་གོ་བས་ནི་ཐར་པའི་ས་བོན་འཇོག་མི་ནུས་ལ། ཕྱི་མ་སྟོབས་ཆེ་བས་འཇོག་ནུས། དང་བོ་གཉིས་གོ་བ་ཙམ་ལ་མ་ལུས་པའི་ཡིད་ཁྱུར་འགྱུར་བའི་མྱོང་བ་ཐོན་པས་ཐར་པའི་ས་བོན་འཇོག དེ་ཡང་འབད་པ་དྲག་པོས་དམིགས་རྣམ་ཡིད་ལ་བྱས་པ་ན་གོམས་པའི་མཐུས་ཡིད་འགྱུར་བ་ན་རྩོལ་བཅས་ཀྱི་མྱོང་བ་ཐོན་པས། དེས་ཐར་བའི་ས་བོན་འཇོག་ནུས་ཀྱང་ལམ་གྱི་སྣར་མ་སླེབ། སྲིད་པའི་བདེ་བྱོར་དང་སེམས་ཅན་དྲན་པ་ཙམ་གྱིས་ངེས་འབྱུང་དང༌། བྱང་ཆུབ་ཀྱི་སེམས་རྒྱུན་ལྡན་དུ་འཇུག་པའི་མྱོང་བ་ཐོན་ན་ཚོགས་ལམ་ཆུང་ངུར་འཇོག་པར་གདའ།

    འཁོར་བའི་སྣང་ཤས་དང༌། ཐར་པའི་ཕན་ཡོན་མཐོང་བའི་དྲན་ཤེས་ནར་མར་བསྟེན་ནས། སྣང་ཤས་ལ་བློ་འགྲོར་མི་སྟེར་བར་བྱེད་པའི་འཚང་བཅར་ཞིང༌། ཐར་བའི་ཕན་ཡོན་ལ་སེམས་འཛིན་པའི་དམིགས་རྣམ་གོམས་ནས་ངེས་འབྱུང་ལ་མྱོང་བ་མ་བཏོན་བར། སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན་གྱི་དགེ་རྩ་གོམས་ཀྱང་ཐར་བའི་རྒྱུར་གཏན་ནས་མི་འགྲོ་བས། ཐར་འདོད་ཀྱིས་ཐོག་མར་གདམས་ངག་གང་ཟབ་ཟེར་བ་ཐམས་ཅད་བཞག་ནས། ངེས་འབྱུང་ལ་རྟོག་སྒོམ་བྱ་དགོས། ཐེག་ཆེན་སྒྲུབ་པ་བོས་རང་དོན་ཡིད་བྱེད་ཀྱི་སྐྱོན་དང་གཞན་དོན་གྱི་ཕན་ཡོན་ལ་དྲན་ཤེས་ཐུར་རེ་བསྟེན་ནས། སེམས་བསྐྱེད་ལ་མྱོང་བ་འདོན་པའི་དམིགས་རྣམ་གོམས་པར་མ་བྱས་ན། གཞན་གང་བྱས་ཀྱང་ལམ་དུ་མི་འགྱུར་ཏེ། གཞན་དུ་ན་དགེ་རྩ་རྣམས་རང་དོན་ཡིན་བྱེད་ཀྱི་དབང་དུ་བྱས་ནས་དམན་པའི་བྱང་ཆུབ་ཀྱི་རྒྱུ་འབའ་ཞིག་ཏུ་འགྱུར་བའི་ཕྱིར་ཏེ། དཔེར་ན། ངེས་འབྱུང་ལ་དྲན་ཤེས་བསྟེན་པའི་དམིགས་རྣམས་གོམས་པར་མ་བྱས་ན། དགེ་བ་ཐམས་ཅད་སྣང་ཤས་ཀྱི་དབང་དུ་བྱས་ནས་འཁོར་བ་འབའ་ཞིག་གི་རྒྱུ་བྱེད་པ་བཞིན་ནོ།། དེས་ན་སྔགས་ལ་སོགས་པའི་གདམས་ངག་གང་ཟབ་ཟེར་བ་རྣམས་བཞག་ནས། ཐོག་མར་ངེས་འབྱུང་དང༌། བྱང་སེམས་ལ་མྱོང་བ་འཐོན་པ་རེ་བྱ་དགོས། དེ་སྐྱེས་པ་དང༌། དེ་ནས་དགེ་བ་ཐམས་ཅད་ཐར་བ་དང་ཐམས་ཅད་མཁྱེན་པའི་རྒྱུར་དབང་མེད་དུ་འགྲོ་བས་དེས་ན་འདི་སྒོམ་རིན་མི་ཆོག་བར་བྱེད་པ་ནི་ལམ་གྱི་གནད་གཏན་ནས་མ་ཤེས་པ་ཡིན་གསུང༌། དེ་ལྟར་དེ་གཉིས་ཀྱིས་ཐོག་མར་རྒྱུད་སྨིན་པར་བྱས་ནས་གྲོལ་བར་བྱེད་པ་ནི། ཐོག་མར་ཅིར་ཡང་མི་རྟོག་པ་ལ་དྲན་ཤེས་ནར་རེ་བསྟེན་ནས། གནས་པ་བརྟན་པོ་འོང་བའི་ཞི་གནས་འགྲོ་འཆག་ནལ་འདུག་གི་སྤྱོད་ལམ་དང་བསྲེ་ཐུབ་པའི་གནས་ཆ་ཞིག་བཙལ་ལོ།། དེ་ནས་ལྷག་མཐོང་སྒོམ་དགོས་ཏེ། དེ་ཡང་སེམས་ཀྱི་གནས་ཆ་ཞིག་མ་རྙེད་པའི་གོང་དུ་ལྷག་མཐོང་བསྒོམས་ཀྱང་འཕྲོ་དགོས་པས་མྱོང་བ་མི་ཐོན་གནས་ཆ་རྙེད་ཀྱང་ཐོས་པ་རྣམ་དག་གི་སྟོབས་ཀྱིས་བདག་མེད་ལ་ངེས་ཤེས་འདྲོངས་ཡགས་ཤིག་མེད་ན། ལྷག་མཐོང་གི་མྱོང་བ་རྣམ་དག་སྐྱེ་བའི་སྐབས་མེད། དེས་ན་གནས་ཆ་ནམ་རྙེད་པ་དང༌། དེ་ནས་ལྷག་མཐོང་ལ་མྱོང་བ་གདོན་ཏེ། དེ་ཡང་འདི་ལྟར། ཡུལ་སྣང་གཞན་ལའང་རང་བཞིན་མེད་པར་གཏན་ལ་ཕབ་ནས་བསྒོམས་ནའང་མྱོང་བ་འཐོན་པ་འོང་མོད། འོན་ཀྱང་གནད་དུ་ཆེ་བ་ནི། དང་བོར་གང་ཟག་གི་བདག་མེད་རྣམ་པ་བདུན་གྱིས་བཙལ་ནས་བདག་མེད་པ་ལྟ་བུ་དེ་ལ་ལེགས་པར་རིགས་པས་གཏན་ལ་ཕབ་ནས་མ་རྙེད་པ་དང༌། དེ་ཁའི་ངང་ལ་དྲན་ཤེས་བསྟེན་ནས་མཉམ་པར་བཞག ནམ་འཕྲོ་བ་དང་སྔར་བཞིན་རིགས་པས་དཔྱད་ན་མ་རྙེད་པ་དང་དེ་ཁའི་ངང་ལ་བཞག་སྟེ། འདི་ཉིད་རེ་ལ་ལན་བཅུ་གཉིས་རེ་ཙམ་ལས་མངས་ན། འཕྲོ་ཤས་ཆེར་སོང་ནས་མྱོང་བ་མི་ཐོན། དེས་ན་ད་ལྟའི་གདམས་ངག་པ་རྣམས་འདོད་པ་ལྟར། སེམས་ཅིར་ཡང་མི་རྟོག་པར་བཞག་ནས། དེ་ནས་ད་ལྟ་བས་གནས་ལུགས་ཅིར་ཡང་ཐ་སྙད་བཏགས་པ་མེད་པར་གཏན་ལ་ཕབ་པ་དང་གཉིས་གཅིག་ཏུ་བསྲེས་ནས་སྐྱོང་ལུགས་ཅི་ཡང་ཡིད་ལ་མི་བྱེད་པར་འཇོག་པ་འདིས། ཞི་གནས་ཙམ་མ་གཏོགས་པ་ལྷག་མཐོང་ལ་མྱོང་བ་འཐོན་པ་མི་སྲིད་གསུངས་པས། གནས་པ་རྙེད་ནས་མཚན་ཉིད་ཐེག་པ་ནས་བཤད་པའི་དཔྱད་སྒོམ་མ་བྱས་ན། ལྟ་བ་ལ་མྱོང་བ་མི་ཐོན་པས་དཔྱད་སྒོམ་བྱ་དགོས། དཔྱད་སྒོམ་ཡང་སྔར་ལྟར་ཡིན་གྱི། འགའ་ཞིག་གི་ལྟར་རྒྱུན་པར་བསམ་བློ་གཏོང་བའང་མིན། གནས་ཆ་མ་བཙལ་བར་ལྟ་བ་སྐྱོང་བའང་མིན། དེ་ལྟར་ན་ད་ལྟར་གྱི་སྐྱོང་ལུགས་ཀྱི་གནས་པ་འདི་གཏན་ནས་ལམ་གྱི་ངོ་བོ་མིན་གསུང༌། འདི་རྣམས་རང་རེ་དང་མཐུན་ཤས་ཆེ་བས་ཟུར་ཙམ་སྨོས་པ་དང་ངེས་ཤེས་རྔམས་ཅན་འདྲོངས་མཆི། ངེད་ཀྱི་ཡིད་ལ་ཐལ་འགྱུར་བའི་ལུགས་ཀྱི་ཅི་ཡང་ཡིད་ལ་མི་བྱེད་པར་བསྒོམ་པ་དང་ལྟ་བ་ཁྱད་མི་སྣང་བས་རུང་ལ། རང་རྒྱུད་ཕྱིན་ལ་སྒོམ་ལུགས་འདི་ལམ་ངོ་བོའི་སྒོམ་ལུགས་སུ་འོང་ས་ཡེ་མི་འདུག་སྙམ་ནས་ཞུས་པས། ཕྱི་མ་དེ་ཁར་འདུག ཐལ་འགྱུར་བའི་ལུགས་ཀྱིས་ཀྱང་དེ་ལྟར་བྱས་ན་ཞི་གནས་སྒོམ་པར་འགྱུར་གྱི། ལྷག་མཐོང་སྒོམ་པ་ལ་ནི་ངེས་པར་དཔྱད་སྒོམ་བྱ་དགོས་གསུང༌ཞེས་རྗེ་རིན་པོ་ཆེ་ཉིད་ཀྱིས་གསུངས་པ་ལྟར་ཟབ་མོའི་ལམ་བསྒོམ་པ་ལ་འབད་དགོས་པར་འདུག་གོ 

         ད་དུང་འདིའི་སྐོར་ལ་བཤད་བྱ་མང་ཡང་ཤིན་ཏུ་གོ་དཀའ་བས་རང་འགའ་བ་རྣམས་ཀྱི་ནང་ན་ལྟ་མཁན་དང་ཉན་མཁན་ཡང་ཉུང་ལ། གཞུང་ཆེན་མོ་རྣམས་ལ་ཞིབ་ཏུ་སྦྱངས་ཡོད་པ་རྣམས་ལབཤད་མི་དགོས་པས་རེ་ཞིག་དེ་ཙམ་བྱའོ།།


ཡོངས་སུ་རྫོགས་སོ།།

མཁོ་སྤྲོད་པ།  བྱམས་པ་དོན་འགྲུབ།   གསར་འགོད་པ།   སྨྲ་ཁམས་མཁའ་འགྲོ་རྒྱལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། he6k བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23532287
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།