ཆོས་སྒྲུབ་འདོད་ན་སྒྲུབ་ཚུལ་འདི་ལྟར་ཡིན་འདུག ༼༤༽
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »ཆོས་སྒྲུབ་འདོད་ན་སྒྲུབ་ཚུལ་འདི་ལྟར་ཡིན་འདུག ༼༤༽
ཆོས་སྒྲུབ་འདོད་ན་སྒྲུབ་ཚུལ་འདི་ལྟར་ཡིན་འདུག ༼༤༽
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2020-09-08ལྟ་ཀློག (2374)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 ཆོས་སྒྲུབ་འདོད་ན་སྒྲུབ་ཚུལ་འདི་ལྟར་ཡིན་འདུག ༼༤༽

 

བཛྲ་ཚུལ་ཁྲིམས་རྒྱ་མཚོས། 

 

   གསུམ་པ་སྐྱེས་བུ་ཆེན་པོའི་ལམ་ཉམས་སུ་ལེན་དགོས་པར་གདམས་པ། འདི་ལ་གཉིས། སྤྱིར་བཤད་པ་དང་། བྱེ་བྲག་ཏུ་ཚིག་དོན་འགྲེལ་བའོ།།

    དང་བོ་ནི། ཇོ་བོ་ཆེན་པོས་སྤྱོད་བསྡུས་སྒྲོན་མ་ལས།  

གསང་སྔགས་ཕ་རོལ་ཕྱིན་པ་ལ།།

བརྟེན་ནས་བྱང་ཆུབ་བསྒྲུབ་བོ་ཞེས།།

བླ་མ་སངས་རྒྱས་གསུང་བས་ན།།

དེ་དོན་འདིར་ནི་བྲི་བར་བྱ།།

ཞེས་གསུངས་པ་ལྟར། རྣམ་མཁྱེན་སྒྲུབ་པའི་ཐབས་ལ་གསང་སྔགས་ཀྱི་ཐེག་པ་ཆེན་པོ་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་གཉིས་ཡོད་ལ། དེ་གཉིས་ནི་སྐྱེས་བུ་ཆེན་པོའི་ཆོས་སྐོར་དུ་འདུ་སྟེ། སྐྱེས་བུ་ཆེན་པོ་ཞེས་པ་ནི། སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་བས་སེམས་ཅན་གཞན་གྱི་སྡུག་བསྔལ་ཐམས་ཅད་ཟད་པར་བྱ་བའི་ཕྱིར་དུ་སངས་རྒྱས་ཐོབ་བྱར་བྱས་ཏེ། ཕྱིན་དྲུག་དང་རིམ་གཉིས་སོགས་ལ་སློབ་པ་ཞིག་ལ་བྱའོ།། དེས་ན་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་བའི་སྒོ་ནས། སེམས་ཅན་གཞན་རྒྱུད་ལ་སངས་རྒྱས་ཐོབ་ཕྱིར་དུ་རྣམ་མཁྱེན་དོན་དུ་གཉེར་བའི་ཆ་ནས་བཞག་པའི་གང་ཟག་དེ། སྐྱེས་བུ་ཆེན་པོའི་མཚན་ཉིད་ཡིན་ཏེ། 

བྱང་ཆུབ་ལམ་སྒྲོན་ལས།

རང་རྒྱུད་རྟོགས་པའི་སྡུག་བསྔལ་གྱིས།།

གང་ཞིག་གཞན་གྱི་སྡུག་བསྔལ་ཀུན།།

ཡང་དག་ཟད་པར་ཀུན་ནས་འདོད།།

སྐྱེས་བུ་དེ་ནི་མཆོག་ཡིན་ནོ།།

ཞེས་གསུངས་པའི་ཕྱིར། དེ་ཡང་ཚིག་རྐང་དང་བོས་རང་ཉམས་ལ་དཔགས་ཚུལ་དང༌། གཞན་གྱི་ཞེས་པས་གཞན་དོན་དུ་བསྟན་ཅིང༌། སྡུག་བསྔལ་ཀུན་ཞེས་པས་སྡུག་བདེན་ཕྲ་མོའམ་འཁོར་བ་ཕྲ་མོ་ཚུན་ཆད་ཕྲ་རགས་ཀུན་ཡང་དག་ཟད་པས་བག་ཆགས་དང་བཅས་པ་མ་ལུས་པར་ཟད་པ་དང༌། ཀུན་ནས་འདོད་ཅེས་པས་ཐབས་སྣ་ཚོགས་ཀྱིས་འདོད་པར་བསྟན་པ་ཡིན་པར་གོ་དགོས་པར་གསུངས་སོ།། སྐྱེས་བུ་ཆེན་པོའི་ས་མཚམས་ནི། ཐེག་ཆེན་ལམ་མ་ཞུགས་ཀྱི་ལྷག་བསམ་ནས་སངས་རྒྱས་ཀྱི་སའི་བར་འཇོག་དགོས་པར་གསུངས་པས། སྐྱེས་བུ་ཆེན་པོ་ཡིན་ན་ཐེག་ཆེན་གང་ཟག་ཡིན་པས་མ་ཁྱབ་ཚུལ་ཡང་ཤེས་དགོས་སོ།།

    འོ་ན་ཅིའི་ཕྱིར་སྐྱེས་བུ་ཆེན་པོའི་ལམ་ལ་བློ་སྦྱོང་དགོས་པ་ཡིན་ཞེ་ན། སྐྱེས་བུ་ཆུང་ངུ་ཁྱད་པར་ཅན་གྱི་ལམ་དེས་རེ་ཞིག་བདེ་འགྲོའི་གོ་འཕང་ཙམ་ཐོབ་པར་བྱེད་ནུས་ཀྱང་འཁོར་བ་ལས་གྲོལ་མི་ནུས། འབྲིང་གི་ལམ་ཉམས་སུ་བླངས་ན་ཐར་བ་ཙམ་ཐོབ་མོད་ཀྱང༌། ད་དུང་རང་དོན་ཡང་མ་རྫོགས་ལ། གཞན་དོན་ཡང་ཕྲ་མོ་ལས་མི་འོང་ཞིང༌། མཐར་སངས་རྒྱས་ཀྱིས་བསྐུལ་ནས་ཐེག་ཆེན་ལ་ངེས་པར་འཇུག་དགོས། དེས་ན་ཐོག་མ་ཉིད་ནས་གཞན་དོན་གཙོ་བོར་བྱས་པས། རང་དོན་མཐར་ཐུག་ཞར་ལ་འགྲུབ་པའི་ཐེག་པ་ཆེན་པོ་ལ་འཇུག་པར་རིགས་ཏེ། ཕར་ཕྱིན་བསྡུས་པ་ལས། 

འཇིག་རྟེན་དོན་སྒྲུབ་ཚུལ་ལ་མཐུ་མེད་པའི།།

ཐེག་པ་གཉིས་པོ་གཏན་ཏུ་སྤང་བྱ་ཞིང༌།།

ཐུབ་རྒྱལ་ཐེག་པ་སྙིང་རྗེའི་བསྟན་པ་ལ།།

གཞན་ཕན་རོ་གཅིག་རང་བཞིན་དེ་དག་འཇུག།

ཅེས་གསུངས་པ་ལྟར་ཡིན་པས་སོ།།

    དེ་ཡང་ལམ་རིམ་ཆེན་མོ་ལས་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱང་ཚུལ་བཤད་པ་ན། ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་ཁོ་ནར་བསྟན་པ། སེམས་དེ་ཇི་ལྟར་བསྐྱེད་པའི་ཚུལ། བསྐྱེད་ནས་སྤྱོད་པ་ལ་སློབ་པའི་ཚུལ་ལོ་ཞེས་ས་བཅད་གསུམ་དུ་མཛད་ནས་གསུངས། དེའི་གཉིས་པ་སེམས་དེ་ཇི་ལྟར་བསྐྱེད་པའི་ཚུལ་དེ་ལ། རྒྱུ་གང་ལ་བརྟེན་ནས་ཇི་ལྟར་སྐྱེ་བ། བྱང་ཆུབ་ཀྱི་སེམས་སྦྱང་བའི་རིམ་པ། སྐྱེས་པའི་ཚད། ཚོགས་བཟུང་བའི་ཚུལ་ལོ་ཞེས་ས་བཅད་བཞིའི་སྒོ་ནས་གསུངས། དང་བོ་རྒྱུ་གང་ལ་བརྟེན་ནས་ཇི་ལྟར་སྐྱེ་བ་དེ་ལ་ཡང་། རྐྱེན་བཞི་ལས་སྐྱེས་ཚུལ་དང་། རྒྱུ་བཞི་ལས་སྐྱེས་ཚུལ་དང་། སྟོབས་བཞི་ལས་སྐྱེས་ཚུལ་གསུམ་དུ་བྱས་ནས་རྒྱས་པར་གསུངས་མོད། འདིར་ནི་དེ་དག་ཐམས་ཅད་བཤད་དུ་མི་བཏུབ་པོ།།

 

 

    གཉིས་པ་ཚིག་དོན་བྱེ་བྲག་ཏུ་འགྲེལ་བ། དེ་ཡང་བསླབ་བྱ་ལས།

དྲིན་ལན་འཁོར་མེད་ཀྱི་མ་རྣམས་དོན་དུ།།

སེམས་བསྐྱེད་ཅེས་པས་སྐྱེས་བུ་ཆེན་པོའི་ལམ་ལ་སློབ་པ་དང་། ཁྱད་པར་དུ་ཐེག་པ་ཆེན་པིའི་ལམ་ལ་སློབ་ན། དེའི་རྟེན་ཐེག་ཆེན་སེམས་བསྐྱེད་ལ་ཅིས་ཀྱང་སློབ་དགོས་པར་གདམས་པ་ཡིན་ནོ།།

    འོ་ན་སེམས་བསྐྱེད་ཅེས་པ་ཇི་འདྲ་ཞིག་ཡིན་ཞེ་ན། ཕར་ཕྱིན་མཐའ་དཔྱོད་ལས། རང་གི་རྒྱུར་གྱུར་བའི་གཞན་དོན་དོན་གཉེར་གྱི་འདུན་པ་ལས་བྱུང་ཞིང་རང་གི་གྲོགས་བྱང་ཆུབ་ལ་དམིགས་པའི་འདོད་པ་དང་མཚུངས་ལྡན་གྱི་ཐེག་ཆེན་ལམ་གྱི་གཞུང་ཤིང་དུ་བསྟན་པའི་ཆ་ནས་བཞག་པའི་ཡིད་ཀྱི་རྣམ་རིག་ཁྱད་པར་ཅན་དེ། ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད། ཁྱད་པར་ཅན་གྱི་དོན་ཡང་ལམ་གྱི་གཞུང་ཤིང་དང་ས་བོན་དང་སྡོམས་སོགས་སུ་བཤད་པའི་ཁྱད་པར་ལ་བྱ་ཞིང༌། ཐབས་ཁྱད་པར་ཅན་དུ་བྱས་ན་སློབ་ལམ་ལ་རུང་ཡང་སེམས་བསྐྱེད་གཉིས་ཀྱི་གཞི་མཐུན་འདོད་ན་མི་རུང་བས་སྔར་བཤད་པ་ཀུན་ལ་ལེགས་ཞེས་གསུངས་པ་ལམ་རིམ་ཆེན་མོའི་གནད་བསྡུས་པའི་སྡོམ་ལྟ་བུར་དགེ་བའི་བཤེས་རྣམས་གསུངས་སོ།།

    སེམས་བསྐྱེད་ལ། ངོ་བོའི་སྒོ་ནས་དབྱེ་ན་སྨོན་འཇུག་གི་སེམས་བསྐྱེད་གཉིས། ཕྱིན་དྲུག་གི་ཉམས་ལེན་གྱི་བྱ་བ་ལ་ལྟོས་མི་དགོས་པའི་རིགས་ཅན་གྱི་སེམས་བསྐྱེད་དེ་སྨོན་སེམས་ཀྱི་མཚན་ཉིད། དེ་ལ་དབྱེ་ན་སྐྱེ་འཕགས་ཀྱི་རྒྱུད་ཀྱི་དེ་གཉིས་དང༌། ས་མཚམས་ཐེག་ཆེན་ཚོགས་ལམ་ཆུང་ངུ་ནས་ས་བདུན་པའི་བར་དུ་ཡོད། ཕྱིན་དྲུག་གི་བྱ་བས་དངོས་སུ་ཟིན་དགོས་པའི་སེམས་བསྐྱེད་དེ་འཇུག་སེམས་ཀྱི་མཚན་ཉིད། སྨོན་འཇུག་གི་དོན་འཐད་དེ། སྤྱོད་འཇུག་ལས། 

འགྲོ་བར་འདོད་དང་འགྲོ་བ་ཡི།།

བྱེ་བྲག་ཇི་ལྟར་ཤེས་པ་ལྟར།།

དེ་བཞིན་མཁས་པས་འདི་གཉིས་ཀྱི།།

བྱེ་བྲག་རིམ་བཞིན་ཤེས་པར་བྱ།།

ཞེས་གསུངས་པའི་ཕྱིར། ཕྱིན་དྲུག་གི་ཉམས་ལེན་གྱིས་ཟིན་པའི་ཚད་ཡོད་དེ། ཕྱིན་དྲུག་གི་བྱ་བ་དང་སེམས་བསྐྱེད་ཀྱི་ཤུགས་དངོས་སུ་ཅིག་ཆར་འཇུག་པ་དེ་དེ་ཡིན་པའི་ཕྱིར། དེར་ཐལ། དེ་དུས་སེམས་བསྐྱེད་དངོས་སུ་མེད་ན་ཡང་དེའི་ཤུགས་སུ་དེ་ལ་འཇུག་ན་དེ་དེས་དངོས་སུ་ཟིན་པའི་ཕྱིར་ཏེ། རྣམ་བཤད་ལས། སེམས་བསྐྱེད་ཀྱིས་ཀུན་ནས་བསླང་པ་ཙམ་དུ་མ་ཟད་གཏོང་བའི་སེམས་པ་སྤེལ་བའི་རྣམ་པ་ཤར་བའི་དུས་ཉིད་ན་རྣམ་མཁྱེན་དོན་གཉེར་གྱི་དྲན་འདུན་དུ་རེ་བ་དངོས་སུ་ཡོད་པ་ནི་སྤྱོད་པ་ཉམས་ལེན་གྱི་བྱ་བས་དངོས་སུ་ཟིན་པའི་དོན་ཡིན་ལ། དེ་ལྟ་བུ་མེད་པའི་དུས་ན་དངོས་སུ་མ་ཟིན་པའོ།། ཞེས་གསུངས་པའི་ཕྱིར་ཞེས་ཕར་ཕྱིན་མཐའ་དཔྱོད་ལས་གསུངས་པ་ལྟར་ཡིན་པའི་ཕྱིར། ཡང་སེམས་བསྐྱེད་ལ་དབྱེ་ན་རང་ཡིན་གྱི་སེམས་བསྐྱེད་ཉེར་གཉིས་ཡོད་ལ། སེམས་བསྐྱེད་ཉེར་གཉིས་ནི། མངོན་རྟོགས་རྒྱན་ལས།

དེ་ཡང་ས་གསེར་ཟླ་བ་མེ།།

གཏེར་དང་རིན་ཆེན་འབྱུང་གནས་མཚོ།།

རྡོ་རྗེ་རི་སྨན་བཤེས་གཉེན་དང་།།

ཡིད་བཞིན་ནོར་བུ་ཉི་མ་གླུ།།

རྒྱལ་བོ་མཛོད་དང་ལམ་པོ་ཆེ།།

བཞོན་པ་བཀོད་མའི་ཆུ་དང་ནི།།

སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས།།

རྣམ་པ་ཉི་ཤུ་རྩ་གཉིས་སོ།།

ཞེས་གསུངས་པ་ལྟར་རོ།།

    སེམས་བསྐྱེད་འདི་ཤིན་ཏུ་གལ་ཆེ་སྟེ། གང་ཟག་དེ་ཐེག་ཆེན་པ་ཡིན་མིན་སེམས་བསྐྱེད་ཁོ་ནས་འཇོག་དགོས་པའི་ཕྱིར་ཏེ།ལམ་རིམ་ཆེན་མོ་ལས། ཐེག་པ་ཆེན་པོའི་རྩ་བ་ཚུགས་མི་ཚུགས་དང་ཐེག་ཆེན་པའི་གསེབ་ཏུ་བཅོས་མ་མིན་པར་ཚུད་མི་ཚུད་ཐམས་ཅད་འདི་ལ་ཐུག་འདུག་པས། དུས་ཐམས་ཅད་དུ་འདི་ལ་བློ་སྐྱེད་ཅི་བྱུང་བལྟས་ལ་སྐྱེས་ན་ནི་ལེགས། མ་སྐྱེས་ནའང་དེ་ལྟར་མི་བསྡད་པར་དེ་ལྟ་བུ་སྟོན་པའི་དགེ་བཤེས་ལ་རྟག་ཏུ་བརྟེན། དེ་ལྟར་བློ་སྦྱོང་བའི་གྲོགས་དང་རྟག་ཏུ་འགྲོགས། དེ་ལྟ་བུ་སྟོན་པའི་གསུང་རབ་དང་དགོངས་འགྲེལ་ལ་བལྟ། དེའི་རྒྱུར་ཚོགས་གསོག། དེའི་གེགས་ཀྱི་སྒྲིབ་པ་སྦྱོང༌། རང་ཡང་དེ་ལྟར་དུ་བློ་སྦྱངས་ན་ས་བོན་ཚང་བར་ཐེབས་ངེས་པས་ལས་དོན་མི་ཆུང་ཞིང་དགའ་བར་རིགས་ཏེ། ཇོ་བོ་ཆེན་པོས། 

ཐེག་ཆེན་ཆོས་སྒོར་འཇུག་འདོད་པས།།

མུན་སེལ་གདུང་བ་ཞི་བྱེད་པ།།

ཉི་ཟླ་ལྟ་བུའི་བྱང་ཆུབ་སེམས།།

བསྐལ་པར་འབད་པས་སྐྱེ་ཡང་རུང༌།།

ཞེས་གསུངས་པ་ལྟར་རོ་ཞེས་གསུངས་པའི་ཕྱིར།



    འོ་ན་དྲིན་ལན་འཁོར་མེད་ཀྱི་མ་རྣམས་དོན་དུ་ཞེས་མ་རྣམས་ཀྱི་དོན་དུ་སེམས་བསྐྱེད་དགོས་པར་གདམས་པ་དང་། མ་རྣམས་དྲིན་འཁོར་མེད་ཡིན་ཚུལ་ཇི་ལྟར་ཡིན་ཞེ་ན། འདིས་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྦྱོང་ཚུལ་བསྡུས་པ་ཡིན་ཏེ། སྤྱིར་བྱང་ཆུབ་ཀྱི་སེམས་སྦྱོང་བའི་ཚུལ་ལ། མཉམ་མེད་ཇོ་བོ་ཆེན་པོའི་གཞུང་ལ་བརྟེན་ནས་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སྦྱོང་ཚུལ་དང༌། རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་གཞུང་ལ་བརྟེན་ནས་བདག་གཞན་བརྗེ་བའི་སྒོ་ནས་སྦྱོང་ཚུལ་གཉིས་ཡོད་པ་ལས་དང་བོའི་སྦྱོང་ཚུལ་དེ་བསྡུས་པ་ཡིན་པའི་ཕྱིར། དེ་ཡང་སེམས་ཅན་ཐམས་ཅད་མར་ཤེས་པ། དྲིན་དྲན་པ། དྲིན་དུ་གཟོ་བ། ཡིད་འོང་གི་བྱམས་པ། ལྔ་བ་སྙིང་རྗེ། དྲུག་པ་ལྷག་བསམ་ལ་བརྟེན་ནས་བདུན་པ་སེམས་བསྐྱེད་སྐྱེས་པ་ཡིན་པའི་ཕྱིར། དེ་ཡང་སེམས་ཅན་ཐམས་ཅན་གྱི་དོན་ཡོངས་སུ་རྫོགས་པ་ཞིག་སྒྲུབ་འདོད་ན། ངེས་པར་སངས་རྒྱས་དགོས་ལ། རྫོགས་པའི་སངས་རྒྱས་དེ་རང་རྒྱུ་བྱང་ཆུབ་ཀྱི་སེམས་ལས་བྱུང་། སེམས་དེ་ལྷག་བསམ་ལས་བྱུང་། ལྷག་བསམ་དེ་སྙིང་རྗེ་ལས་བྱུང༌། སྙིང་རྗེ་བྱམས་པ་ལས་བྱུང་། བྱམས་པ་དྲིན་གཟོ་ལས་བྱུང་། དྲིན་གཟོ་དྲིན་དྲན་པ་ལས་བྱུང་ལ། དྲིན་དྲན་པ་ནི་མར་ཤེས་པ་ལས་བྱུང་བའི་ཕྱིར།

    མའི་དྲིན་ལན་འཁོར་མེད་ཡིན་ཚུལ་དེ་བསྒོམ་ཚུལ་ཇི་འདྲ་ཡིན་ཞེ་ན། ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེས། མ་འདིས་བདག་ཟླ་བ་བཅུའི་བར་དུ་མངལ་དུ་བཟུང༌། རང་གི་བདེ་བ་དང་ལྟོག་སྐོམ་སོགས་ཁྱད་དུ་བསད་དེ། ཕན་གནོད་ཀྱི་སྤྱོད་ལམ་ཐམས་ཅད་བུ་ལ་གནོད་ཀྱི་དོགས་ནས་བུའི་ཆེད་དུ་བྱས་ནས་དལ་འབྱོར་གྱི་ལུས་འདི་བྱིན་པས་དང་བོར་དྲིན་ཆེ། བཙའ་བ་ན་མ་རང་གི་ཤ་རུས་འཇིག་པ་ལྟ་བུའི་སྡུག་བསྔལ་མྱོང་བཞིན་པར་བཙས་ལ། བཙས་ནས་ཀྱང་འཇམ་པའི་སྟན་ལ་བཞག བརྩེ་བའི་སེམས་ཀྱིས་བསྐྱངས། བྱམས་པའི་མིག་གིས་བལྟས། དགའ་བའི་འཛུམ་གྱིས་བསུས། སྙན་པའི་མིང་ནས་བོས། མངར་བའི་ནུ་ཞོ་བླུད། ཟས་ལྕེས་བསྙོད། སྣབས་ཁས་ཕྱིས། མི་གཙང་བ་ལག་པས་ཕྱིས། ཤའི་དྲོད་ལ་བཅར། མེ་ཆུ་གཡང་སའི་འཇིགས་པ་ལས་བསྐྱབས། བུ་ན་བ་ལས་རང་ན་བ་དང༌། བུ་ཤི་བ་ལས་རང་ཤི་བ་སྙིང་ནས་འདེམ་པ་སོགས་ཀྱི་སྒོ་ནས་བསྐྱངས་པས་བར་དུ་དྲིན་ཆེ། ནར་སོན་ནས་ཡོན་ཏན་རྣམས་རང་གིས་སློབ་པ་དང༌། གཞན་ལ་ཡང་སློབ་ཏུ་འཇུག སྡིག་སྡུག་གཏམ་ངན་ཐམས་ཅད་ཁྱད་དུ་བསད་དེ་ཤ་ཐང་ཐང་དུ་འབད་པས་བཙལ་བའི་ས་ཁང་ནོར་རྫས་རང་གིས་སྤྱད་མི་ཕོད་པ་མཐའ་དག་བྱིན་ནས། རང་ཉིད་སྒྲེན་མོ་ལག་པ་སྟོང་བ་ལྟར་གྱུར་ཀྱང༌། བདག་གིས་ཐམས་ཅད་བུ་ལ་འཕྲོད་དོ་ཞེས་སླར་དགའ་དགའ་བྱེད་པས། ཐ་མར་དྲིན་ཆེ་བར་འདུག་སྙམ་དུ་མིག་ནས་མཆི་མ་དང་ལུས་ཀྱི་བ་སྤུ་ལོང་ལོང་བ། སེམས་རྩེད་ཡམ་ཡམ། བློང་བློང་མ་བྱུང་བར་དུ་བསྒོམ་གསུངས། དེ་ནས་ཕ་སོགས་རིགས་དྲུག་གི་བར་སྔར་ལྟར་བསྒོམ་ལ། ཕ་སོགས་ཀྱང་མིར་གྱུར་དུས་མ་ལན་གྲངས་དུ་མར་བྱས་ཚུལ་བསམ་ནས་བསྒོམ་པའོ།། ཞེས་གསུངས་པ་ལྟར་དྲན་ཞིང་བསྒོམ་པར་བྱའོ།།

    དེ་ལྟར་དྲིན་ལན་འཁོར་མེད་ཡིན་ཚུལ་དྲན་པ་ན། དྲིན་ལན་གཟོ་འདོད་སྐྱེ་ལ། དྲིན་བཟོ་ཚུལ་ཡང་། ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེས། མ་རྒན་སེམས་ཅན་རྣམས་ཉོན་མོངས་པའི་གདོན་གྱིས་རྒྱུད་དཀྲུགས་ནས་སྨྱོ། བླང་དོར་འབྱེད་པའི་བློ་གྲོས་ཀྱི་མིག་ནི་ལོང༌། དམ་པའི་ཆོས་ཀྱི་འཁར་བ་དང་བྲལ། དགེ་བའི་བཤེས་གཉེན་གྱི་དམིགས་བུས་བོར། ཉི་མ་རེ་རེ་བཞིན་སྡུག་བསྔལ་གསུམ་གྱིས་མནར་ཞིང༌། ངན་སོང་གསུམ་གྱི་གཡང་ཁ་ལ་འགྲོ་བ་འདི་སྐྱེ་འཆི་འཕོས་པས་ངོ་མ་ཤེས་པ་མ་གཏོགས་དྲིན་ཆེ་བ་ཤ་སྟག་ཡིན་པས། མ་དེ་དག་ཀྱང་སྡུག་བསྔལ་དེ་དག་ལས་གྲོལ་བར་བུ་བདག་ལ་མི་རེ་ན་སུ་ལ་རེ། བུ་བདག་ལ་མ་དེ་རྣམས་སྐྱོབ་པའི་ཁུར་མ་བབ་ན་གཞན་སུ་ལ་བབས། དེས་ན་ཕན་གདགས་པར་བྱ་དགོས། དེ་ཡང་འཇིག་རྟེན་གྱི་ཕུན་ཚོགས་ནི་ཇི་སྙེད་ཅིག་སྔར་ཡང་ཁོང་རྣམས་ཀྱིས་ཐོབ་ཀྱང་མ་ཕན་པའི་ཁར་སྡུག་བསྔལ་དུ་སོང༌། དེས་ན་དམ་པའི་ཆོས་ཀྱིས་ཕན་གདགས་པར་བྱའོ་སྙམ་དུ་བསམ་ཞེས་གསུངས་པ་ལྟར་མ་རྣམས་བདག་ལ་དྲིན་ཤིན་ཏུ་ཆེ་བས་དྲིན་ལན་མ་འཇལ་ན་བདག་ཁྲེལ་མེད་ཡིན་ཚུལ་དང་། དྲིན་ལན་འཇལ་བ་ཡང་དེ་དག་སྡུག་བསྔལ་ལས་གྲོལ་བར་བྱ་བ་ལས་ལྷག་པ་ཞིག་གཏན་མེད། དེ་ཡང་སངས་མ་རྒྱས་ན་མི་ནུས་པས། 

སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།།

ཡང་དག་རྫོགས་པའི་བྱང་ཆུབ་འདོད།།

ཅེས་གསུངས་པ་ལྟར་བདག་གིས་ཅིས་ཀྱང་མ་ནམ་མཁའ་དང་མཉམ་པའི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་དུ་སེམས་བསྐྱེད་དགོས་པར་གསུངས། དེས་ན་སེམས་བསྐྱེད་ལ་ངེས་པར་གཞན་དོན་དོན་གཉེར་དང་བྱང་ཆུབ་དོན་གཉེར་གཉིས་ཀ་ཚང་དགོས་པ་ཡིན་ནོ།།

    མ་རྣམས་ལ་སྡུག་བསྔལ་ཡོད་ཚུལ་དྲན་ནས་སེམས་བསྐྱེད་ཚུལ་ལམ་གཙོ་ལས་ཀྱང་།

ཤུགས་དྲག་ཆུ་བོ་བཞི་ཡི་རྒྱུན་གྱིས་ཁྱེར།།

བཟློག་དཀའ་ལས་ཀྱི་འཆིང་བ་དམ་པོས་བསྡམས།།

བདག་འཛིན་ལྕགས་ཀྱི་དྲ་བའི་སྦུབས་སུ་ཚུད།།

མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས།།

མུ་མེད་སྲིད་པར་སྐྱེ་ཞིང་སྐྱེ་བ་རུ།།

སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར།།

གནས་སྐབས་འདི་འདྲར་གྱུར་པའི་མ་རྣམས་ཀྱི།།

ངང་ཚུལ་བསམས་ནས་སེམས་མཆོག་བསྐྱེད་པར་མཛོད།།

ཅེས་གསུངས་པ་ལྟར་རོ།། སེམས་བསྐྱེད་ཀྱི་སྐོར་ད་དུང་བཤད་དགོས་སྙམ་པ་ཧ་ཅང་མང་ཡང་རེ་ཞིག་དེ་ཙམ་བྱའོ།།

སྨྲས་པ།

གང་ཞིག་ཐོབ་ན་ཡོན་ཏན་གཞན་མེད་ཀྱང་།།

རྒྱལ་བ་ཀུན་གྱི་གདུང་འཚོབ་སྲས་འགྱུར་ཞིང༌།།

སྲིད་པ་གསུམ་ན་ཆེར་རློམ་དྲེགས་རྒུ་དང་།།

ཉན་རང་དགྲ་བཅོམ་སོགས་ཀྱང་ཟིལ་གྱིས་གནོན།།

 

རྒྱལ་དང་རྒྱལ་སྲས་དཀར་ཕྱོགས་སྐྱོང་བ་ཀུན།།

དགྱེས་ནས་སྲུང་བ་ཀུན་གྱི་མཆོག་གྱུར་བ།།

བྱང་ཆུབ་སེམས་མཆོག་ལྟ་བུའི་རིན་པོ་ཆེ།།

སྲིད་ཞིའི་ཁམས་ན་གཞན་མེད་གུས་ཕྱག་འཚལ།།

 

ལྷ་དབང་བརྒྱ་བྱིན་གཙུག་གི་ནོར་བུ་དང༌། །

འཁོར་ལོས་བསྒྱུར་བའི་རྒྱལ་བོའི་འཁོར་ལོ་མཆོག།

ཆུ་གཏེར་ཆེན་པོའི་གཏིང་གི་རིན་ཆེན་ཀྱང།།

བྱང་ཆུབ་སེམས་ཀྱི་ཕྱོགས་རེའི་དཔེ་རུ་གསུངས།།

 

ཇི་ལྟར་ལུས་ལ་སྲོག་གི་དབང་བོ་བཞིན།།

ཐེག་ཆེན་ལམ་གྱི་གཞུང་ཤིང་ཉིད་གྱུར་ཅིང་།།

གང་ཞིག་འཇུག་ལྡོག་ཉིད་ལས་ཐེག་ཆེན་པར།།

འགྱུར་དང་མི་འགྱུར་བྱང་ཆུབ་སེམས་ལ་རག།

 

དེས་ན་རྫོགས་སངས་རྒྱས་ཀྱི་ས་བོན་དང་།།

ཐེག་ཆེན་ཡོན་ཏན་མ་ལུས་བསྐྱེད་ཅིང་འཕེལ།།

དུས་མཐའི་མེ་བཞིན་སྡིག་ཆེན་ཀུན་ཀྱང་བསྲེག །

བྱང་ཆུབ་སེམས་ལས་ངོ་མཚར་ཅི་ཞིག་ཡོད།།

ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

      

    སྤྱོད་པ་ལ་སློབ་པར་གདམས་པ། དེ་ལྟར་སྤྱོད་པའི་རྟེན་སེམས་བསྐྱེད་དགོས་པར་གདམས་ནས་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་དགོས་པར་གདམས་པ་ནི།  

ཕྱིན་དྲུག་གི་སྤྱོད་ལ་སློབ་དགོས།།

ཞེས་གསུངས་ཏེ། གང་ལ་བསླབ་པའི་གཞི་ཐེག་ཆེན་གྱི་སྤྱོད་པ་དེ་ལ་གསལ་བའི་དབྱེ་བ་མཐའ་ཡས་ཀྱང་རིགས་བསྡུ་ན་ཕྱིན་དྲུག་ཏུ་དེའི་བསླབ་བྱ་ཐམས་ཅད་འདུ་བས། ཕྱིན་དྲུག་ནི་བྱང་སེམས་ཀྱི་ལམ་གྱི་གནད་མཐའ་དག་བསྡུས་པའི་སྡོམ་ཆེན་པོར་ལམ་རིམ་ལས་གསུངས་པ་ལྟར་འདིར་ཡང་རང་རྒྱུད་སྨིན་བྱེད་ཕར་ཕྱིན་དྲུག་ལ་བསླབ་དགོས་པར་དངོས་སུ་གདམས་པ་ཡིན་ལ། ཕར་ཕྱིན་དྲུག་ནི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས། བསམ་གཏན་དང་། ཤེས་རབ་ཀྱི་ཕར་ཕྱིན་ཏེ་དྲུག་གོ།།

    དེ་དྲུག་ལ་བསླབ་ཚུལ་ལམ་རིམ་ཆེན་མོ་ལས་ནི་ཤིན་ཏུ་རྒྱས་པར་གསུངས་ཏེ། དཔེར་ན་སྦྱིན་པའི་ཕར་ཕྱིན་ལ་བསླབ་ཚུལ་ལྟ་བུར་མཚོན་ན། སྦྱིན་པའི་ངོ་བོ། དེ་བསྐྱེད་པ་ལ་འཇུག་པའི་ཐབས། སྦྱིན་པའི་རབ་དབྱེ། དེ་དག་གི་དོན་བསྡུ་བ་བཞིར་བྱས་ནས་འཆད་ཅིང་། སྦྱིན་པའི་རབ་དབྱེ་ཡང་རྟེན་ཐམས་ཅད་ཀྱིས་ཇི་ལྟར་བྱ་བ་དང་། རྟེན་སོ་སོ་ལ་བལྟོས་པའི་རབ་དབྱེ་དང་། སྦྱིན་པ་རང་གི་ངོ་བོའི་རབ་དབྱེ་གསུམ་དུ་བྱས་པ་དང་། དང་བོ་ལ་ཡང་དམ་པ་དྲུག་ལྡན་དུ་བྱ་བ་དང་། ཕར་ཕྱིན་དྲུག་ལྡན་དུ་བྱ་ཚུལ་སོགས་ཀྱིས་མཚོན་ཤིན་ཏུ་ཞིབ་པར་གསུངས་ཤིང་། ཕར་ཕྱིན་ལྷག་མ་རྣམས་ཀྱང་དེ་ལྟར་རྒྱས་པར་གསུངས་པས་སྙིང་ནས་ཤེས་འདོད་པ་དང་ཉམས་ལེན་བྱེད་འདོད་པ་རྣམས་ཀྱིས་ངེས་པར་ལམ་རིམ་ལ་མཇལ་དགོས་སོ།།

    འདིར་ནི་མདོར་བསྡུས་ཙམ་ཞིག་བཤད་ན། དང་བོ་ནི། སྤྱོད་འཇུག་ལས། 

གལ་ཏེ་འགྲོ་བ་དབུལ་བོར་བ།།

སྦྱིན་པའི་ཕ་རོལ་ཕྱིན་ཡིན་ན།།

ད་དུང་འགྲོ་བཀྲེན་ཡོད་ན་སྔོན།།

སྐྱོབ་པ་ཇི་ལྟར་ཕ་རོལ་ཕྱིན།།

ཞེས་གཏོང་བའི་སེམས་པ་སྦྱིན་པའི་ངོ་བོ་དང་། སྤྱིན་པ་ལ་སྦྱིན་པའི་ཕར་ཕྱིན་གྱིས་མ་ཁྱབ། བྱང་ཆུབ་སེམས་དཔའི་མ་ཆགས་པ་དང་ལྷན་ཅིག་པའི་གཏོང་བའི་སེམས་པ་དང༌། དེས་ཀུན་ནས་བསླང་བའི་ལུས་ངག་གི་གཏོང་བའི་སེམས་པ་ནི་བྱང་སེམས་ཀྱི་སྦྱིན་པའི་ངོ་བོ་དང་། གཏོང་བའི་སེམས་པ་གོང་ནས་གོང་དུ་ཡོངས་སུ་རྫོགས་པ་དེ་སྦྱིན་པའི་ཕར་ཕྱིན་ཏུ་གསུངས་སོ།།

    དེ་ལ་དབྱེ་ན། ཆོས་དང༌། མི་འཇིགས་པ་དང༌། ཟང་ཟིང་གི་སྦྱིན་པ་གསུམ་ཡོད། དེ་ཉམས་སུ་ལེན་ཚུལ་ནི། སྤྱོད་འཇུག་ལས། 

བདོག་པ་ཐམས་ཅད་འབྲས་བཅས་ཏེ།།

སྐྱེ་བོ་ཀུན་ལ་བཏང་སེམས་ཀྱིས།།

སྦྱིན་པའི་ཕ་རོལ་ཕྱིན་གསུངས་ཏེ།།

དེ་ལྟས་དེ་ནི་སེམས་ཉིད་དོ།།

ཞེས་གསུངས་པ་ལྟར། ལོག་པར་ལྟ་བ་དང༌། ཁེངས་པ་དང༌། སྙན་གྲགས་འོང་དུ་རེ་བ་དང༌། འགྲན་འདོད་དང༌། དེ་ཙམ་མི་ནུས་སྙམ་པའི་ཞུམ་པ་དང༌། འགྱོད་སེམས་དང༌། ཕྱོགས་རིས་དང༌། གཏང་རག་དང༌། ཕྱི་མར་མངོན་མཐོའི་འབྲས་བུ་ལ་རེ་བ་རྣམས་མེད་པར། ཕར་ཕྱིན་བསྡུས་པ་ལས། 

སློང་བ་མངོན་དུ་འོངས་ན་རྒྱལ་སྲས་དེས།།

རྫོགས་པའི་བྱང་ཆུབ་ཚོགས་ནི་སྤེལ་བའི་ཕྱིར།།

དེས་གཞན་འདུ་ཤེས་བདག་ལ་བཞག་བྱས་ཤིང༌།།

དགེ་བའི་བཤེས་གཉེན་འདུ་ཤེས་དེ་ལ་བསྐྱེད།།

ཅེས་སློང་བ་བོ་ལ་འདི་ནི་བདག་གི་སྦྱིན་པའི་ཕར་ཕྱིན་རྫོགས་པར་བྱེད་པའི་དགེ་བའི་བཤེས་གཉེན་ཆེན་པོའོ་སྙམ་པའི་ཞིང་ལ་དམིགས་པ་དང༌། འདི་ལ་བརྟེན་ནས་བདག་གི་སྦྱིན་པའི་ཕར་ཕྱིན་རྫོགས་པར་བྱའོ་སྙམ་པའི་དགོས་པ་ལ་དམིགས་པ་དང༌། དང་བོ་བདག་གི་བདོག་པ་ཐམས་ཅད་གཞན་ལ་བཏང་ཟིན་པས་བཅོལ་བའི་རྫས་ལེན་པར་འདུག་སྙམ་དུ་དངོས་པོ་ལ་དམིགས་པ་སྟེ་ཁྱད་པར་གསུམ་ལྡན་གྱི་སྒོ་ནས། ཇི་ལྟར་གཏོང་ན། ཆོས་ལ་ཟབ་པ་སྦས་ནས་མི་ཟབ་པ་སྟོན་པ་དང༌། འཇིགས་པ་ཐམས་ཅད་སེལ་ནུས་བཞིན་དུ་ཕྱོགས་རེ་ཙམ་སྐྱོབ་པ་ལྟ་བུའི་ཁ་ན་མ་ཐོ་བ་མེད་པ། བཞིན་མདངས་གསལ་ཞིང་འཛུམ་པ། ངག་སྙན་པ། གཞན་ལ་འཚེ་བ་མེད་ཅིང་དཀའ་སྤྱད་བཟོད་པའི་སྒོ་ནས། ཡུལ་དགྲ་གཉེན་བར་མ་གསུམ། ཡོན་ཏན་ཅན། སྐྱོན་ཅན། མཐོ་དམའ་མཉམ་གསུམ། སྐྱིད་པ་དང་སྡུག་པ་སྟེ་བཅུ་བོ་ལ་དངོས་དང་དམིགས་པ་ཅི་རིགས་ཀྱི་སྦྱིན་པ་གསུམ་ཕར་ཕྱིན་དྲུག་ལྡན། དམ་པ་དྲུག་ལྡན་གྱི་སྒོ་ནས་གཏོང་བར་བྱའོ།།

    དེ་ལ་ཆོས་ཀྱི་སྦྱིན་པ་ནི། གསུང་རབ་དགོངས་འགྲེལ་དང་བཅས་པ་དང༌། སྒྲ་ཚད་བཟོ་གསོ་ལ་སོགས་པ་ལྷག་བསམ་དག་པས་རང་གིས་ཇི་ལྟར་ཤེས་པ་བཞིན་སྟོན་ཅིང་འཛིན་དུ་བཅུག འདི་དག་གིས་ཐོས་བསམ་སྒོམ་གསུམ་བྱས་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་འགྲུབ་པར་གྱུར་ཅིག་སྙམ་དུ་བསམ་ལ། ངག་ཏུ་ཡང་བརྗོད། དེར་མ་ཟད་རང་ལ་ཆོས་འཆད་པ་བོའི་མིང་མ་བཏགས་ཀྱང་གྲོགས་ཀྱི་སྡིག་པ་བྱེད་པ་ལ་གླེང་མོའི་ཚུལ་གྱིས་ཆོས་བསྟན་ནས་སྡིག་པ་ལས་བཟློག་པ་སོགས་བྱེད། དངོས་སུ་སྦྱིན་བྱའི་ཡུལ་མེད་དུས། སྙིང་ཐག་པ་ནས་སེམས་ཅན་ཐམས་ཅད་ལ་དམ་པའི་ཆོས་བསྟན་པར་མོས་ཤིང༌། ཆོས་ཀྱི་སྦྱིན་པ་དེའི་མཐུས་ཕན་པ་རྒྱ་ཆེན་པོ་འབྱུང་བར་བསམ་ལ་སྨོན་ལམ་བཏབ། 

    མི་འཇིགས་པའི་སྦྱིན་པ་ནི། རྒྱལ་བོའི་ཆད་པ་དང༌། དགྲ་གཅན་གཟན་གྱི་འཇིགས་པ་སོགས་སེམས་ཡོད་ཀྱི་འཇིགས་པ་དང༌། མེ་ཆུ་སོགས་སེམས་མེད་ཀྱི་འཇིགས་པ་ལས་སྐྱོབ་ནུས་ན་དངོས་སུ་བསྐྱབ། མི་ནུས་ན་དེ་ལས་ཐར་པའི་ཐབས་བསྟན། འཇིག་རྟེན་གྱི་ཁམས་ན་འདི་ལྟར་འཇིགས་པས་ཉེན་པ་དེ་དག་བསམ་ལ། དེ་དག་ལ་མི་འཇིགས་པའི་སྦྱིན་པ་བཏང་བས། གྲོལ་བར་བསམ་ལ་སྨོན་ལམ་གདབ། དཔེར་ན་ཚ་བའི་དམྱལ་བར་ཆར་ཕབ་ནས་མེ་བསད་དེ། དག་ཞིང་བདེ་བ་ཅན་ལྟ་བུར་གྱུར་བར་བསམ་ལ་སྨོན་ལམ་གདབ།

ཟང་ཟིང་གི་སྦྱིན་པ་ནི། བཟའ་བཏུང༌། གནས་མལ། སྨན། དར་ཟབ། རིན་པོ་ཆེ། རྟ། གླང་བོ། ཡུལ་ཞིང༌། མགོ་ལུས་སོགས་ལུས་ལོངས་སྤྱོད་ཐམས་ཅད་ཀྱིས་སྦྱིན་པ་ཅི་ནུས་བྱ་ལ། དངོས་སུ་མེད་ཚེ་ཡིད་ཀྱིས་མཁོ་དགུ་རྣམས་བཏང་སྟེ་སྨོན་ལམ་གྱི་རྒྱས་གདབ་ལ། སྤྱིར་བཏང་དམིགས་བསལ་ཤེས་ནས་འདི་དག་བཏང་བའི་འབྲས་བུ་ཡང་གཞན་དོན་དུ་བསྔོ་བར་བྱ་ལ། དེས་ན་ཕར་ཕྱིན་དྲུག་ལྡན། དམ་པ་དྲུག་ལྡན་གྱི་སྒོ་ནས་སྦྱིན་པ་ཡོངས་སུ་རྫོགས་པ་ལ་བསླབ་པར་བྱའོ།། ཞེས་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེས་གསུངས་པ་ལྟར་རོ།།

 

          

    གཉིས་པ་ཚུལ་ཁྲིམས་ནི། སྤྱོད་འཇུག་ལས། 

ཉ་ལ་སོགས་པ་གང་ཞིག་ཏུ།།

དེ་དག་གསོད་མི་འགྱུར་བར་བསྐྲད།།

སྤོང་བའི་སེམས་ནི་ཐོབ་པ་ལས།།

ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད།།

ཅེས་བསྲུང་བའི་སེམས་པ་ཚུལ་ཁྲིམས་ཀྱི་ངོ་བོ། བྱང་སེམས་ཀྱི་གཞན་གནོད་གཞི་བཅས་ལས་བསྲུང་བའི་སེམས་པ་བྱང་སེམས་ཀྱི་ཚུལ་ཁྲིམས་ཀྱི་ངོ་བོ། དེ་གོང་ནས་གོང་དུ་ཡོངས་སུ་རྫོགས་པ་ནི་ཚུལ་ཁྲིམས་ཀྱི་ཕར་ཕྱིན། དེ་ལ་དབྱེ་ན། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་གསུམ་ཡོད།

དེ་ཉམས་སུ་ལེན་ཚུལ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ནི། རབ་བྱུང་ཡིན་ན་རང་གིས་ཁས་བླངས་པའི་བསླབ་བྱ་རྣམས་བསྲུང་བར་བྱེད། རབ་ཏུ་བྱུང་མ་བྱུང་གཉིས་ཀས་ཐུན་མོང་དུ་བསྲུང་དགོས་པ་ནི། མི་དགེ་བ་བཅུའི་དབང་དུ་སོང་མ་སོང་དྲན་ཤེས་ཀྱིས་བརྟགས་ཤིང༌། བཀའ་གདམས་གོང་མ་རྣམས་ཀྱི་ཕྱག་ལེན་ལྟར། ཉིན་རེ་བཞིན་དགེ་སྡིག་གང་བྱས་ལ། རྡེའུ་དཀར་ནག་བཏང་ནས་བརྩིས་པས། དཀར་བོ་མང་བ་ལ་སྤྲོ་བ་དང༌། ནག་པོ་མང་བ་ལ་འགྱོད་སེམས་དྲག་པོའི་སྒོ་ནས་ཐུན་དངོས་གཞི་ལ་ཕྱིར་བཅོས་དང༌། གཉེན་པོ་སྟོབས་བཞི་ཚང་བའི་བཤགས་པ་བྱ་བ་དང༌། བདག་གི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་ཅིག་སྙམ་དུ་བསམ་ལ། ངག་ནས་ཀྱང་བརྗོད་ལ་གཉེན་པོ་སྟོབས་བཞི་བསྟེན་ནས་སྒོ་བཞི་དགག་དགོས་པར་ཀུན་མཁྱེན་ཆེན་པོ་གསུངས་པ་ལྟར་རོ།།

    དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི། རང་ཚུལ་ཁྲིམས་ལ་གནས་ནས་དགེ་བ་བྱས་པ་རྣམས་ཡིན་ལ། དེ་ཡང་ཤེས་རབ་གསུམ་གྱིས་བསླབ་པ་གསུམ་བསྐྱེད་པ་དང༌། ཞིང་ཁྱད་པར་ཅན་བླ་མ་སོགས་ལ་རིམ་གྲོ་བྱེད་པ་དང༌། དཀོན་མཆོག་ལ་བསྔགས་པ་བརྗོད་ཅིང༌། གཞན་གྱི་དགེ་བ་ལ་ཡི་རང་བའི་ཚིག་སྨྲ་བ། ཚུར་གནོད་པ་ལ་སྔོན་ལས་སུ་ལྟ་བའི་བཟོད་པ་བསྟེན་པ། དགེ་བ་བསྔོ་སྨོན་གྱི་རྒྱས་འདེབས་པ། དཀོན་མཆོག་ལ་མཆོད་པ། བག་ཡོད་པས་དགེ་བ་རྒྱུན་མི་གཅོད་པ། ཚོགས་ལམ་གྱི་གནས་སམ་རྒྱུ་དབང་བོའི་སྒོ་སྡོམ་པ་སོགས་ལ་བསླབ་པར་བྱེད།

    སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི། བྱང་སེམས་ཀྱི་ཚུལ་ཁྲིམས་ལ་གནས་ནས་སེམས་ཅན་ལ་ཕན་འདོགས་པ་སྟེ། དེ་ལ་ཡང་རྣམ་པ་བཅུ་གཅིག་ཏུ་བཤད་པ་ནི། ལོངས་སྤྱོད་རྐུན་པོས་མི་འཁྱེར་བའི་ཐབས་བསྟན་པ་ནི་གྲོགས་ཀྱི་དོན་བྱེད་པ་དང༌། རྐང་བ་ཉམས་པ་ལ་བཞོན་པས་གནས་སུ་སྐྱེལ་བ་ལྟ་བུ་ནི་སྡུག་བསྔལ་གྱི་གྲོགས་བྱེད་པ་སྟེ་གཅིག་དང༌། ཉེས་སྤྱོད་ལས་ལྡོག་པའི་ཐབས་སྟོན་པ་ལྟ་བུ་ནི་ཐབས་ལ་རྨོངས་པའི་དོན་བྱེད་པ་སྟེ་གཉིས་པ་དང༌། བསྙེན་བཀུར་སོགས་བྱེད་པ་ལྟ་བུ་ཕན་འདོགས་པས་དོན་བྱེད་པ་སྟེ་གསུམ་པ་དང༌། སེང་གེ་སྟག་ལ་སོགས་པའི་གནོད་པ་ལས་སྐྱོབ་པ་ལྟ་བུ་ནི་འཇིགས་པས་ཉེན་པའི་དོན་བྱེད་པ་སྟེ་བཞི་བ་དང༌། ཕ་མ་དང་བྲལ་བ་སོགས་མྱ་ངན་གྱིས་ཟིན་པ་ལ་མི་རྟག་པའི་གཏམ་གྱི་སྒོ་ནས་སེལ་བ་ལྟ་བུ་ནི་མྱ་ངན་གྱིས་ཟིན་པའི་དོན་བྱེད་པ་སྟེ་ལྔ་བ་དང༌། དབུལ་བ་ལ་ཟས་སྟེར་བ་ལྟ་བུ་ནི་ཕོངས་པའི་དོན་བྱེད་པ་སྟེ་དྲུག་པ་དང༌། ཆོས་དང་མཐུན་པའི་གོས་སྟེར་བ་དང༌། འདོད་ཆགས་ཅན་ལ་མི་སྡུག་པ་སྟོན་པ་སོགས་གནས་འཆའ་བར་འདོད་པའི་དོན་བྱེད་པ་སྟེ་བདུན་པ་དང༌། ཕ་རོལ་པོ་དགེ་བ་ལ་སྦྱོར་མི་ནུས་པར་མཐོང་ན་མི་འདོད་པའི་རྣམ་འགྱུར་སྤངས་ཏེ་སེམས་ལ་ཕན་པར་བྱ་བ་ནི་བློ་མཐུན་པར་འདོད་པའི་དོན་བྱེད་པ་སྟེ་བརྒྱད་པ་དང༌། ཚུལ་ཁྲིམས་སོགས་ཀྱི་ཡོན་ཏན་ལ་གཟེངས་བསྟོད་པ་ནི་ཡང་དག་པར་ཞུགས་པའི་དོན་བྱེད་པ་སྟེ་དགུ་བ་དང༌། སྡིག་པ་བྱས་པ་ལ་ཆད་པས་གཅོད་པ་ལྟ་བུ་ནི་ལོག་པར་ཞུགས་པའི་དོན་བྱེད་པ་སྟེ་བཅུ་བ་དང༌། དམྱལ་བ་སྤྲུལ་ནས་སྡིག་པ་ལས་བཟློག་པ་དང༌། ཆོ་འཕྲུལ་ཡ་མ་ཟུང་བསྟན་ནས་གཞན་འདུལ་བ་ལྟ་བུ་ནི་རྫུ་འཕྲུལ་གྱི་སྒོ་ནས་གདུལ་བྱའི་དོན་བྱེད་པ་སྟེ་བཅུ་གཅིག་པོ་འདི་དག་ལ་དངོས་སམ་ཅི་རིགས་ཀྱི་སྒོ་ནས་ལག་ཏུ་ལེན་ལ། ཐུན་དངོས་ལ་དཔྱད་འཇོག་གཉིས་ཀས་བསྒོམ་ལ། ཚུལ་ཁྲིམས་གསུམ་པོ་དེ་དག་ཀྱང་ཕར་ཕྱིན་དྲུག་ལྡན། དམ་པ་དྲུག་ལྡན་གྱི་སྒོ་ནས་གོང་ནས་གོང་འཕེལ་དུ་བཏང་བར་བྱའོ་ཞེས་གསུངས་པ་ལྟར་རོ།།

    གསུམ་པ་བཟོད་པ་ནི། སྤྱོད་འཇུག་ལས། 

སེམས་ཅན་མི་བསྲུན་ནམ་མཁའ་བཞིན།།

དེ་དག་གཞོམ་གྱིས་ཡོང་མི་ལང༌།།

ཁྲོ་བའི་སེམས་འདི་གཅིག་བཅོམ་ན།།

དགྲ་དེ་ཐམས་ཅད་ཆོམས་དང་འདྲ།།

ས་སྟེང་འདི་དག་ཀོས་གཡོགས་སུ།།

དེ་སྙེད་ཀོ་བས་ག་ལ་ལང༌།།

ལྷམ་མཐིལ་ཙམ་གྱི་ཀོ་བས་ནི།།

ས་སྟེང་ཐམས་ཅད་གཡོགས་དང་འདྲ།།

དེ་བཞིན་ཕྱི་རོལ་དངོས་པོ་ཡང༌།།

བདག་གིས་ཕྱིར་བཟློག་མི་ལང་གི།

བདག་གི་སེམས་འདི་ཕྱིར་བཟློག་བྱའི།།

གཞན་རྣམས་བཟློག་གོ་ཅི་ཞིག་དགོས།།

ཞེས་མི་འཁྲུགས་པའི་སེམས་པ་ནི་བཟོད་པའི་ངོ་བོ། དེ་གོང་ནས་གོང་དུ་ཡོངས་སུ་རྫོགས་པ་ནི་བཟོད་པའི་ཕར་ཕྱིན། དེ་ལ་དབྱེ་ན་གནོད་བྱེད་ལ་ཅི་མི་སྙམ་པའི་བཟོད་པ། སྡུག་བསྔལ་དང་ལེན་གྱི་བཟོད་པ། ཆོས་ལ་ངེས་སེམས་ཀྱི་བཟོད་པ་དང་གསུམ་ཡོད། དེ་ཡང་ཐོག་མར་གཞན་གྱི་གནོད་པ་བྱས་ཚུལ་གསལ་བཏབ་པ་ན། ཞེ་སྡང་དམར་ལམ་པ་བྱུང་བའི་ཚེ། དེའི་ངོ་བོ་ལ་བལྟས་ནས། སྤྱོད་འཇུག་ལས། 

གང་ཚེ་ཉོན་མོངས་དབང་གྱུར་བས།།

བདག་སྡུག་ཉིད་ཀྱང་གསོད་བྱེད་ན།།

དེ་ཚེ་དེ་དག་གཞན་ལུས་ལ།།

གནོད་མི་བྱེད་པར་ཇི་ལྟར་འགྱུར།།

ཞེས་དཔེར་ན་མི་ལ་ལ་གཞན་ལ་མི་དགའ་བའི་ཉོན་མོངས་སྐྱེས་པ་ན། རང་ལྕེབ་པ་དང༌། རང་ལ་མཚོན་འདེབས་པ་དང༌། གཡང་ལ་མཆོང་བ་སོགས་བྱེད་པ་ནི། ཉོན་མོངས་པའི་གཞན་དབང་གིས་གཙེས་པས་རང་ལ་དེ་ལྟར་བྱེད་ན། འགྲོ་བ་གཞན་ལ་བྱེད་པ་ལྟ་ཅི་སྨོས། དེས་ན་དེ་ལ་རང་དབང་མི་འདུག་པས་ཁྲོ་མི་རིགས་སྙམ་དུ་བསམ། ཡང་གནོད་བྱེད་དེས་གཉེན་ལ་གནོད་པ་མི་བྱེད་པས་རང་དབང་ཡོད་དམ་སྙམ་ན། གཉེན་ལ་ཕན་འདོགས་པ་དེ་ཡང་ཆགས་པའི་དབང་དུ་སོང་བ་ཡིན་པས། སེམས་ཅན་རྣམས་རང་དབང་ཡོད་ན་སུ་ཡང་སྡུག་བསྔལ་བར་མི་འགྱུར་ཏེ། ཐམས་ཅད་ཀྱང་བདེ་བ་འདོད་པ་ཤ་སྟག་གོ་སྙམ་དུ་བསམ། ཡང་གནོད་འཚེ་བྱེད་པ་འགྲོ་བ་དེའི་རང་བཞིན་ལ་གྲུབ་ན། མེའི་ཚ་ཞིང་བསྲེགས་པ་དང་འདྲ་བས་ཁྲོ་མི་རིགས། གློ་བུར་དུ་བྱུང་ན་ཉི་མ་སྤྲིན་གྱིས་བསྒྲིབས་པ་ན་ནམ་མཁའ་ལ་ཁྲོ་མི་རིགས་པ་ལྟ་བུ་བསམ་དགོས་པར་གསུངས་པ་ལྟར་དང་།  དེ་བཞིན་དུ་དབྱུག་པ་སོགས་ཀྱིས་བརྡེག་པ་བྱུང་ཚེ། དངོས་སུ་གནོད་པ་སྐྱེལ་བ་ནི་དབྱུག་པ་ཡིན་ལ། བརྒྱུད་ནས་ཁོ་རང་ཡང་ཞེ་སྡང་གིས་རྦད་པས་གང་ཟག་དེས་བྱས་པ་ཅི་ཞིག་ཡོད། གནོད་བྱེད་ཀྱི་རྩ་བའི་རྒྱུ་ལ་ཁྲོ་ན་རང་གིས་སྔར་ཕར་ལ་གནོད་པ་བྱས་པའི་ལེ་ལན་ཚུར་ལ་འཁོར་བ་ཡིན་པས། རང་ལ་ཁྲོ་རིགས་སྙམ་དུ་བསམ། དེར་མ་ཟད་གནོད་པ་ཆུང་ངུ་ལ་མི་བཟོད་པར་ཁྲོ་ན། ཁོང་ཁྲོའི་འབྲས་བུ་དམྱལ་བར་སྐྱེས་ཚེ། ཁྱོད་ཀྱིས་བཟོད་དམ་ཞེས་རང་ལ་ཞེ་ཁྲེལ་ཡང་ཡང་འདེབས། དེ་ལྟར་བསྒོམས་ཀྱང་ད་དུང་གཞན་གྱིས་བསྟོད་པ་ལ་དགའ་བར་འདུག་ན། སྨད་པ་ལ་མི་དགའ་བ་ཤུགས་ཀྱིས་འོང་བས། དེ་བཞིན་དུ་དབྱུག་པ་སོགས་ཀྱིས་བརྡེག་བྱུང་ཚེ། དངོས་སུ་གནོད་པ་སྐྱེལ་བ་ནི་དབྱུག་པ་ཡིན་ལ། བརྒྱུད་ནས་ཁོ་རང་ཡང་ཞེ་སྡང་གིས་རྦད་པས་གང་ཟག་དེས་བྱས་པ་ཅི་ཞིག་ཡོད། གནོད་བྱེད་ཀྱི་རྩ་བའི་རྒྱུ་ལ་ཁྲོ་ན་རང་གིས་སྔར་ཕར་ལ་གནོད་པ་བྱས་པའི་ལེ་ལན་ཚུར་ལ་འཁོར་བ་ཡིན་པས། རང་ལ་ཁྲོ་རིགས་སྙམ་དུ་བསམ། དེར་མ་ཟད་གནོད་པ་ཆུང་ངུ་ལ་མི་བཟོད་པར་ཁྲོ་ན། ཁོང་ཁྲོའི་འབྲས་བུ་དམྱལ་བར་སྐྱེས་ཚེ། ཁྱོད་ཀྱིས་བཟོད་དམ་ཞེས་རང་ལ་ཞེ་ཁྲེལ་ཡང་ཡང་འདེབས། དེ་ལྟར་བསྒོམས་ཀྱང་ད་དུང་གཞན་གྱིས་བསྟོད་པ་ལ་དགའ་བར་འདུག་ན། སྨད་པ་ལ་མི་དགའ་བ་ཤུགས་ཀྱིས་འོང་བས། བསྟོད་པ་དང་སྙན་གྲགས་ཀྱིས་ཕྱི་མར་མ་ཟད། ཚེ་འདིའི་བདེ་བ་དང་བསོད་ནམས་ཚེ་སོགས་མི་འཕེལ་བའི་སྟེང་དུ་དོན་མེད་ཀྱིས་གཡེང་བར་འཇུག་པ་དང༌། གཞན་གྱིས་ཕྲག་དོག་སྐྱེད་པར་བྱེད་ལ། གཞན་གྱིས་སྨད་པ་སོགས་བྱས་ཚེ་རེ་ཞིག་སྙན་གྲགས་ཉམས་པའི་རྒྱུར་སོང་ནས། རྣམ་གཡེང་མེད་པར་གནས་སྐབས་དང་མཐར་ཐུག་གི་བདེ་བ་མང་བོ་བསྒྲུབ་ཆོག་པ་འདི་བླ་མ་དཀོན་མཆོག་གི་བྱིན་རླབས་ཡིན་སྙམ་དུ་དགའ་བ་བསྒོམ་ལ། མཚོན་ལྟ་བུ་ཕོག་ན་ལུས་ལ་ཅུང་ཟད་གནོད་ཀྱང༌། ངན་སྨྲས་སོགས་ཀྱིས་ལུས་སེམས་གང་ལའང་མི་གནོད་པའི་ཚུལ་བསམ་ལ་བསྟོད་སྨད་རོ་མཉམ་པ་མ་བྱུང་གི་བར་དུ་བསམ། གནོད་བྱེད་ལ་བཟོད་ཀྱང་སྡུག་བསྔལ་ཐོག་ཏུ་བབས་པ་འདི་མི་བཟོད་པར་འདུག་སྙམ་ན། སྡུག་བསྔལ་དང་ལེན་གྱིས་བཟོད་པ་ནི། 

སྤྱོད་འཇུག་ལས། 

གལ་ཏེ་བཅོས་སུ་ཡོད་ན་ནི།།

དེ་ལ་མི་དགར་ཅི་ཞིག་ཡོད།།

གལ་ཏེ་བཅོས་སུ་མེད་ན་ཡང༌།།

དེ་ལ་མི་དགའ་བྱས་ཅི་ཕན།།

ཞེས་སྡུག་བསྔལ་དེ་ལ་བཅོས་སུ་མེད་ན་མི་དགའ་བ་བྱས་པས་དགོས་ནུས་མེད་ལ། བཅོས་སུ་ཡོད་ན་བཅོས་པས་ཆོག་པས་མི་དགའ་བ་བྱར་ཡང་མི་དགོས་ལ། ད་ལྟ་སྡུག་བསྔལ་བྱུང་བ་འདི་ཚེ་སྔ་མ་མི་དགེ་བ་བྱས་པའི་འབྲས་བུ་ཡིན་པས། མི་དགེ་བ་དེ་འཛད་པའི་རྒྱུར་འདུག་ལ། ད་ལྟའི་སྡུག་བསྔལ་འདི་མི་བཟོད་ན། དམྱལ་བའི་སྡུག་བསྔལ་དེ་བས་ཀྱང་མི་བཟོད་པས་སྡུག་བསྔལ་གྱི་རྒྱུ་སྡིག་པ་སྤོང་ལ། དགེ་བ་སྒྲུབས་ཤིག་ཅེས་པའི་བསྐུལ་མར་འདུག་པས་བཀའ་དྲིན་ཆེའོ་སྙམ་དུ་བསམ་དགོས་པར་གསུངས་པ་ལྟར་རོ།།

    ཆོས་ལ་ངེས་སེམས་ཀྱི་བཟོད་པ་ནི། ངེས་པར་སེམས་པའམ་མོས་པའི་ཡུལ་འདུན་པ། དད་པའི་ཡུལ་དཀོན་མཆོག་གི་ཡོན་ཏན་མངོན་དུ་བྱ་བའི་ཡུལ་བདག་མེད་པའི་དེ་ཁོ་ན་ཉིད། འདོད་པའི་ཡུལ་སངས་རྒྱས་བྱང་སེམས་ཀྱི་མཐུ་ཆེན་པོ། བླང་དོར་གྱི་ཡུལ་ལེགས་སྤྱད་ཉེས་སྤྱད་ཀྱི་རྒྱུ་དང་འབྲས་བུ་འདོད་མི་འདོད་གཉིས། བསྒོམ་པའི་ཡུལ་ཐོབ་བྱ་བྱང་ཆུབ་དང་དེ་ཐོབ་བྱེད་ཀྱི་ལམ་གཉིས། ཐོས་བསམ་གྱི་ཡུལ་ཤེས་བྱའི་སྤྱོད་ཡུལ་ཏེ། མི་རྟག་པ་ལ་སོགས་པ་ཡུལ་དེ་དག་ཇི་ལྟར་ཡིན་པ་ལ་ངེས་པ་རྙེད་ན་མི་མཐུན་པ་མེད་པར་འཛིན་ཅིང་ཡང་དང་ཡང་དུ་བསམ་པར་བྱའོ།། དེ་དག་ཀྱང་ཕར་ཕྱིན་དྲུག་ལྡན། དམ་པ་དྲུག་ལྡན་དུ་བྱས་ལ་དངོས་སམ་གཉིས་ཀའི་སྒོ་ནས་གོང་འཕེལ་དུ་བྱེད་པ་ལ་བསླབ་པར་བྱའོ་ཞེས་ཀུན་མཁྱེན་རིན་པོ་ཆེ་གསུངས་པ་ལྟར་རོ།།

    གོང་དུ་བཤད་པ་འདི་དག་ནི་ཕལ་ཆེར་ཀུན་མཁྱེན་བླ་མའི་གསུང་གི་ཚིག་ཟིན་ལྟར་བཀོད་ཡོད། རྒྱུ་མཚན་ནི་ཚིག་ཧ་ཅང་མི་མང་ཡང་དོན་ཤིན་ཏུ་གསལ་བས་ཡིད་ལ་འཇོག་ནུས་པ་དང་། ང་རང་གིས་བཤད་ཁུལ་བྱས་པ་ལས་བརྒྱ་སྟོང་ཁྲི་འབུམ་གྱིས་ཁུངས་བཙན་པར་འཛིན་ཆོག་པ་དང་། བྱིན་རླབས་ཀྱི་ཚན་ཁ་ཡང་ཆེ་བས་སོ་སྙམ་པས་ཡིན་ནོ།།

 

    བཞི་བ་བརྩོན་འགྲུས་ནི། སྤྱོད་འཇུག་ལས། བརྩོན་གང་དགེ་ལ་སྤྲོ་བའོ།། ཞེས་དགེ་བ་ལ་སྤྲོ་བའི་སེམས་བྱུང་དེ་བརྩོན་འགྲུས་ཀྱི་ངོ་བོར་གསུངས་པས། སྡུག་ལས་ལ་དགའ་ཞིང་དེའི་རྒྱུན་མི་གཏོང་བའི་སེམས་དང་སེམས་བྱུང་སོགས་ལ་བརྩོན་འགྲུས་ཀྱི་དོན་མེད་དེ། འཇམ་དབྱངས་བླ་མ་གུང་ཐང་བསྟན་པའི་སྒྲོན་མེས།

དོན་ལྡན་རྣམ་དཀར་གྱི་ལས་ལ།།

སྤྲོ་བ་བརྩོན་འགྲུས་ཀྱི་དོན་ཡིན།།

དོན་མེད་སྡིག་ལས་ལ་ཕོད་བཙུགས།།

གླང་རྒན་ས་གཤགས་རང་ཡིན་ནོ།།

ཞེས་གསུངས་པ་ལྟར་ཡིན་པས་སོ།།

    དེ་གོང་ནས་གོང་དུ་ཡོངས་སུ་རྫོགས་པ་ནི་བརྩོན་འགྲུས་ཀྱི་ཕར་ཕྱིན་དང༌། དེ་ལ་དབྱེ་ན། གོ་ཆའི་བརྩོན་འགྲུས། དགེ་བ་ཆོས་སྡུད་ཀྱི་བརྩོན་འགྲུས། སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་དང་གསུམ་ཡོད། དཔལ་ལྡན་ཟླ་བས། 

ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཞིང་།།

ཞེས་གསུངས་པ་ལྟར། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་བརྩོན་འགྲུས་ཉམས་སུ་ལེན་ཚུལ་ལ། 

སེམས་ཅན་རེ་རེའི་ཕྱིར་དུ་མནར་མེད་པའི།།

མེ་ནང་བསྐལ་བ་རྒྱ་མཚོར་གནས་དགོས་ཀྱང་།།

སྙིང་རྗེས་མི་སྐྱོ་བྱང་ཆུབ་མཆོག་བརྩོན་པའི།།

བརྩོན་འགྲུས་ཕར་ཕྱིན་ཞེས་གསུངས་པ་ལྟར། ཐོག་མར་གོ་ཆའི་བརྩོན་འགྲུས་ལྟ་བུ་ལ་མཚོན་ནས་བཤད་ན། སེམས་ཅན་གཅིག་གི་སྡུག་བསྔལ་སེལ་བའི་ཆེད་ཡང་བསྐལ་ཆེན་ཇི་ཙམ་གྱི་ཡུན་དུ་དམྱལ་བ་ཁོ་ནར་གནས་པ་ལ་བརྟེན་ནས་སངས་རྒྱས་སྒྲུབ་དགོས་ཀྱང་བརྩོན་འགྲུས་མི་གཏོང་ན། དེ་ལས་ཐུང་བ་ལྟ་ཅི་སྨོས་སྙམ་པ་ཡིན་ལ། དེ་ལ་འདུན་པ་སྦྱངས། བྱང་ཆུབ་ཀྱི་སེམས་གཅིག་ཙམ་རྒྱུད་ལ་སྐྱེ་བའི་ཆེད་དུ་བསྐལ་བ་བསམ་ཡུལ་ལས་འདས་པ་ཇི་ཙམ་ལ་བསྒྲུབ་དགོས་ཀྱང་མི་སྐྱོ་ཞིང་། ཡུན་རིང་བར་མི་སེམས་པར་སྤྲོ་བ་ནི་གོང་ན་མེད་པའི་བརྩོན་འགྲུས་ཡིན་པས། དེ་ལའང་འདུན་པ་སྦྱངས་ལ། ད་ལྟ་ཡང་ཐོག་མར་སྔ་དྲོའི་ཡུན་དུ་དགེ་བ་འདི་བྱ་སྙམ་དུ་བསམ་ལ། བསམ་པ་བཞིན་དུ་མཐར་ཐོན་པའི་བརྩོན་འགྲུས་ཆེན་པོས་འབད་ཅིང་དེ་ལ་ལོབ་པ་ན། རིམ་གྱིས་ཞག་ཟླ་བ་ལོ་ཇི་སྲིད་འཚོའི་བར་ལྟ་བུ་ལ་དམ་བཅས་ཏེ། བརྩོན་འགྲུས་ཀྱིས་མཐར་ཐོན་པར་བསླབ་པས་དེ་དག་ལ་དཀའ་སྣང་མི་འབྱུང་ལ། དེ་ནས་རིམ་གྱིས་བསྒོམས་པས་གོ་ཆའི་བརྩོན་འགྲུས་དེ་དག་འབྱུང་གསུང༌། དེ་དག་གི་ཚེ་ཞག་ཟླ་ལོ་སོགས་ལ་ཕྱི་བཤོལ་གྱི་ལེ་ལོ་གཅིག་བྱུང་བ་ན། གཉིད་རྨུགས་སོགས་ཀྱི་བདེ་བ་བཀག་ལ། རྒན་གཞོན་མེད་པར་དེ་ཙམ་ཞིག་ཤི་སོང་བས། བདག་ཀྱང་མྱུར་དུ་འཆི་ངེས། ཤི་བའི་འོག་ཏུ་རྟེན་འདི་འདྲ་རྙེད་པར་དཀའ་སྙམ་དུ་བསམ་ལ་དགག་སྟེ་སྤྲོ་བ་བསྐྱེད་དགོས་པར་གསུངས་པས། སྐྱེས་བུ་ཆེན་པོའི་ལམ་ཉམས་སུ་ལེན་པ་ལ་འཆི་བ་མི་རྟག་པ་སྒོམ་པ་སོགས་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ཆོས་སྐོར་རྣམས་མི་དགོས་པར་འདོད་པ་ནི་ཤིན་ཏུ་མི་རིགས་པར་འདིས་ཀྱང་ཤེས་ནུས་ལ། མི་རྟག་པ་སྒོམ་པ་ནི་བརྩོན་འགྲུས་བསྐྱེད་པའི་རྒྱུར་གསུངས་པས། མི་རྟག་པ་སྒོམ་པས་སྲོ་ཤི་བར་འདོད་པ་ནི་ཕྱིན་ཅི་ལོག་ཏུ་ཡང་ཤེས་ནུས་སོ།།

    ད་དུང་བྲེ་མོའི་གཏམ་སོགས་དམན་པའི་བདེ་བ་ལ་སྲེད་པའི་སྣང་བ་བྱུང་ན། གནས་སྐབས་ཀྱི་བདེ་བ་ཕྲ་མོ་འདི་དག་ལ་རྣམ་པར་གཡེངས་པ་ནི་དམ་པའི་ཆོས་ཀྱི་བདེ་བ་བླ་ན་མེད་པ་འཐོབ་པའི་གེགས་ཡིན་ནོ་སྙམ་དུ་བསམས་ནས་འགོག་དགོས། གལ་ཏེ་སངས་རྒྱས་ནི་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཡིན་པས་ཐོབ་དཀའ་བས་མི་ནུས་སོ་སྙམ་ན། སྟོན་པ་བླ་ན་མེད་པ་དེས་སྦྲང་བུ་ཤ་སྦྲང་ཡན་ཆད་ཀྱི་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པར་གསུངས་ན། བདག་གིས་ནི་དེ་དག་ལ་ལྟོས་ན་ཕན་གནོད་གང་ཡིན་ངོ་ཤེས་པས་ཅིའི་ཕྱིར་སངས་རྒྱས་མི་ཐོབ་སྙམ་དུ་སེམས་བསྐྱེད་ནས་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པ་ན། སེམས་ཅན་གྱི་གྲངས་དང་མཉམ་པའི་བསོད་ནམས་སྐད་ཅིག་རེ་རེ་ལའང་འབྱུང་བས་ཚོགས་རྫོགས་པ་ལ་དཀའ་བ་མེད་པས། སངས་རྒྱས་ཅིའི་ཕྱིར་མི་ཐོབ་སྙམ་དུ་བསམ། དེའི་ཚེ་ལུས་སོགས་གཏོང་མི་ནུས་སྙམ་ན། སྤྱོད་འཇུག་ལས། 

གང་ཚེ་རང་གི་ལུས་ལ་ནི།།

ཚོད་སོགས་ལྟ་བུའི་བློ་སྐྱེས་པ།།

དེ་ཚེ་ཤ་ལ་སོགས་གཏོང་བ།།

དེ་ལ་དཀའ་བ་ཅི་ཞིག་ཡོད།།

ཅེས་ད་ལྟ་ལུས་སོགས་མོས་པ་ཙམ་གྱིས་གཏོང་ལ། ནམ་ཞིག་མིག་སོགས་སྟེར་བ་ལ་ཚོད་མ་སྟེར་བ་ལྟ་བུའི་བློ་སྐྱེས་པ་ན་གཏོང་བ་ལ་དཀའ་བ་མི་འདུག་སྙམ་དུ་སྤྲོ་བ་སྦྱངས། ཡང་གལ་ཏེ་དེ་ལ་སྐྱེ་བ་མང་པོ་བརྒྱུད་དགོས་པས་འཁོར་བའི་སྡུག་བསྔལ་མི་བཟོད་དོ་སྙམ་ན། བྱང་སེམས་ཀྱིས་རྒྱུ་སྡིག་པ་སྤངས་པས་ན། དེའི་འབྲས་བུ་སྡུག་བསྔལ་མི་འབྱུང་ལ། སྐྱིད་ན་ཡུན་རིང་ཡང་མི་དགའ་བ་ག་ལ་ཡོད་སྙམ་དུ་བསམ་ཚུལ་སོགས་ནི་སྤྱོད་འཇུག་ལས་གསུངས་པ་ལྟར་བསྒོམ་མོ།།

དགེ་བ་ཆོས་སྡུད་ནི། དཀོན་མཆོག་མཆོད་པ་སོགས་ལ་བརྩོན་པ་དང༌། སེམས་ཅན་དོན་བྱེད་ནི། དོན་བྱ་ཡུལ་བཅུ་གཅིག་གི་དོན་ལ་བརྩོན་པ་རྣམས་དངོས་སམ་ཅི་རིགས་པའི་སྒོ་ནས་སྦྱངས། ཡོན་ཏན་སྣ་རེ་ཙམ་གྱིས་ཆོག་ཤེས་མི་བྱ་བར་རྒྱལ་སྲས་ཀྱི་སྤྱོད་པ་ལ་བསླབ་པའི་ཕན་ཡོན་དང༌། མ་བསླབ་པའི་ཉེས་དམིགས་དྲན་པའི་སྒོ་ནས་མོས་པའི་སྟོབས་དང༌། བརྩོན་འགྲུས་རྩོམ་པ་ལ་ཕྱིར་མི་ལྡོག་པ་བརྟན་པའི་སྟོབས་དང༌། སྤྲོ་བ་ཆེན་པོ་དང་བཅས་པའི་འཕྲོ་མི་གཅོད་པ་དགའ་བའི་སྟོབས་དང༌། ཧ་ཅང་བརྩོན་པས་དུབ་པ་ན་ངལ་གསོ་ཞིང༌། ངལ་སོས་པ་ན་སླར་བརྩོན་པ་མི་འདོར་བའི་སྟོབས་དང༌། ཉོན་མོངས་གང་ཆེ་འཇོམས་པར་བརྩོན་པ་ནི། ལས་ཉོན་གཞན་གྱི་ཉེས་པས་སེམས་ལ་གནོད་པ་བྱས་མ་བྱས་བརྟག་དཔྱད་བྱས་བའི་སྒོ་ནས་བརྩོན་པ་ནི། བརྩོན་པ་ལྷུར་ལེན་པའི་སྟོབས་རྣམས་ཀྱི་སྒོ་ནས་ཕར་ཕྱིན་དྲུག་ལྡན་དམ་པ་དྲུག་ལྡན་བྱས་ཏེ་གོང་ནས་གོང་དུ་འཕེལ་བ་ལ་བསླབ་དགོས་པར་ཀུན་མཁྱེན་རིན་པོ་ཆེས་གསུངས་པ་ལྟར་རོ།།

མཁོ་སྤྲོད་པ།  བྱམས་པ་དོན་འགྲུབ།   གསར་འགོད་པ།   སྨྲ་ཁམས་མཁའ་འགྲོ་རྒྱལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། ec4i བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23528316
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།