ཆོས་སྒྲུབ་འདོད་ན་སྒྲུབ་ཚུལ་འདི་ལྟར་ཡིན་འདུག ༼༣ ༽
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »ཆོས་སྒྲུབ་འདོད་ན་སྒྲུབ་ཚུལ་འདི་ལྟར་ཡིན་འདུག ༼༣ ༽
ཆོས་སྒྲུབ་འདོད་ན་སྒྲུབ་ཚུལ་འདི་ལྟར་ཡིན་འདུག ༼༣ ༽
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2020-09-08ལྟ་ཀློག (2806)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།། ཆོས་སྒྲུབ་འདོད་ན་སྒྲུབ་ཚུལ་འདི་ལྟར་ཡིན་འདུག ༼༣ ༽

 

བཛྲ་ཚུལ་ཁྲིམས་རྒྱ་མཚོས། 

 

དེ་ནས་ལས་འབྲས་ལ་མི་བསླུ་བས་སྡིག་སྤོང་དགེ་སྒྲུབ་ལ་དགོས་པར་གདམས་པའི་ཕྱིར། བསླབ་བྱ་ལས།

ལས་འབྲས་ངེས་པ་དང་འཕེལ་ཚུལ་བསམས་ན།།

དགེ་སྡིག་ཕྲ་མོར་ཡང་བག་ཟོན་བྱེད་དགོས།།

ཞེས་གསུངས་ཏེ། ཚིག་ཟིན་གྱི་དོན་ནི། དགེ་བའི་ལས་བྱས་ན་འབྲས་བུ་བདེ་བ་དང་། མི་དགེ་བའི་ལས་བྱས་ན་འབྲས་བུ་སྡུག་བསྔལ་འབྱུང་བ་ཆོས་ཉིད་ཡིན་པས་ལས་ངེས་པའི་ཚུལ་དང་། སྡིག་པ་ཆུང་ངུ་ཙམ་ལ་ཡང་ཟོན་མ་བྱས་ན་འབྲས་བུ་སྡུག་བསྔལ་ཆེན་པོ་འབྱུང་བ་དང་། དགེ་བ་ཆུང་ངུ་ཙམ་ལས་བསྒྲུབས་མེད་ཀྱང་བསྐྱེད་ཚུལ་མཁས་ན་འབྲས་བུ་བདེ་བ་ཆེན་པོ་འབྱིན་པ་དང་། ལས་མ་བྱས་པ་དང་མི་འཕྲད་པ། ལས་བྱས་པ་ཆུད་མི་ཟ་བའི་ཚུལ་སོགས་ལས་འབྲས་མི་བསླུ་བའི་གནས་ཚུལ་ལ་ཞིབ་ཏུ་བསམ་བློ་བཏང་ན། དགེ་བ་ཆུང་ངུ་ཙམ་ལ་མཐོང་ཆེན་བྱེད་པ་དང་། སྡིག་པ་མི་དགེ་བ་ཆུང་ངུ་ཙམ་ལ་ཡང་མི་གནོད་སྙམ་དུ་བཤགས་བསྡམས་སོགས་གང་ཡང་མ་བྱས་པར་རང་དགར་འཇོག་ཏུ་མི་རུང་བར་བག་ཟོན་བྱེད་དགོས་སོ་ཞེས་གདམས་པའོ།།

    ཚིག་འདི་གཉིས་ཀྱིས་ཀྱང་ལམ་རིམ་ཆེན་མོའི་ལས་འབྲས་ཀྱི་ཆོས་སྐོར་གསུངས་པ་དེ་རྣམས་བསྡུས་པ་སྟེ། དེ་ཡང་ལམ་རིམ་ཆེན་མོར། ལས་འབྲས་གསུངས་པ་ན། གཉིས་པ་བདེ་ལེགས་ཐམས་ཅད་ཀྱི་རྩ་བ་ཡིད་ཆོས་ཀྱི་དད་པ་བསྐྱེད་པ་ལ། ལས་འབྲས་སྤྱིར་བསམ་པ་དང་། བྱེ་བྱག་ཏུ་བསམ་པ་དང་། བསམས་ནས་འཇུག་ལྡོག་བྱ་ཚུལ་ལོ་ཞེས་ས་བཅད་གསུམ་དང་། དེའི་དང་བོ་ལས་འབྲས་སྤྱིར་བསམ་པ་དེ་ལ་ཡང་། སྤྱིར་བསམ་ཚུལ་དངོས་དང་། སོ་སོར་ཕྱེ་སྟེ་བསམ་པའོ་ཞེས་གཉིས་བྱས། དང་བོ་སྤྱིར་བསམ་ཚུལ་དངོས་ཞེས་པ་དེ་ལ་ཡང་། ལས་ངེས་པའི་ཚུལ། ལས་འཕེལ་ཆེ་བ། ལས་མ་བྱས་པ་རང་མི་ཕྲད་པ། ལས་བྱས་པ་ཆུད་མི་ཟ་བའོ་ཞེས་ས་བཅད་བཞིར་མཛད་ནས་གསུངས་ཡོད། 

    གཉིས་པ་སོ་སོར་ཕྱེ་སྟེ་བསམ་པ་ཞེས་པ་དེ་ལ་ཡང་། ལས་ལམ་བཅུ་གཙོ་བོར་བསྟན་པ་དང་། ལས་དང་འབྲས་བུ་བསྟན་པའོ་ཞེས་གཉིས་སུ་བྱས། དེའི་དང་བོ་ལ་ཡང་། ནག་པོའི་ལས་འབྲས་དང་། དཀར་བོའི་ལས་འབྲས་དང་། ལས་ཀྱི་རྣམ་དབྱེ་གཞན་བསྟན་པའོ་ཞེས་གསུམ་དུ་མཛད་ནས་གསུངས། དེའི་དང་བོ་ལ་ཡང་། ནག་པོའི་ལས་ལམ་དངོས་དང་། ལྕི་ཡང་གི་ཁྱད་པར་དང་། དེ་དག་གི་འབྲས་བུ་བསྟན་པའོ་ཞེས་གཉིས་སུ་མཛད་ནས་གསུངས་པས། དེ་ལ་ཞིབ་ཏུ་བསླབ་ནས་བསམས་ན་ལས་རྒྱུ་འབྲས་ཟེར་བ་དེ་གསལ་བོ་ཞིག་སེམས་ལ་འབབ་རྒྱུ་ཡོད་ཀྱི། ལས་འབྲས་མི་བསླུ་བ་ཡིན་ནོ་ཞེས་ཁ་རྒྱུག་ལ་བྱང་བ་ཙམ་གྱི་རྗེས་སུ་འབྲངས་པས་ནི་གར་ཡང་མི་ཕྱིན་ནོ།།

    དེས་ན་ཆོས་པ་ཞེས་པ་ཡང་དགེ་མི་དགེ་འབྲས་བུ་དང་བཅས་པའི་རྣམ་དབྱེ་ལ་མཁས་པར་བྱས་ནས་འདོར་ལེན་ཚུལ་བཞིན་དུ་བསྒྲུབ་པ་ཞིག་ལ་བྱ་དགོས་ཀྱི། ལས་གཉིས་ཀྱི་ཚུལ་གཏན་ནས་མི་ཤེས་པའམ། ཅུང་ཟད་ཙམ་ཤེས་ཀྱང་སྤང་བླང་འཇུག་ལྡོག་གི་ཚུལ་ལ་གཏན་མི་འབད་པ་ཞིག་ལ་ཆོས་པ་ཞེས་དོན་མེད་པའི་ཕྱིར་ཏེ། ནང་བའི་ཆོས་པ་ཞིག་ཡིན་ན། རབ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་བ་ཞིག་དགོས་ལ། འབྲིང་ཐར་བ་དོན་གཉེར་དང་། མ་མཐའ་ཡང་ཕྱི་མར་བདེ་འགྲོའི་གོ་འཕང་དོན་དུ་གཉེར་བ་ཞིག་ལས་དམའ་མི་རུང་བ་གང་ཞིགལས་གཉིས་འབྲས་བུ་དང་བཅས་པ་ལ་ཡང་དང་ཡང་དུ་བསམས་ནས་བླང་དོར་ཚུལ་བཞིན་དུ་མ་བྱས་ན་ངན་འགྲོའི་རྒྱུ་ཙམ་ཡང་ལྡོག་མི་ནུས་པས་བདེ་འགྲོའི་གོ་འཕང་ཙམ་འཐོབ་པ་དཀའ་ན། ཐར་བ་དང་ཐམས་ཅད་མཁྱེན་པ་འཐོབ་པའི་གནས་མེད་པའི་ཕྱིར།

    དེས་ན་ངན་འགྲོའི་སྡུག་བསྔལ་ལ་འཇིགས་པ་ཙམ་གྱིས་ངན་འགྲོའི་འཇིགས་པ་ལས་གྲོལ་མི་ནུས་པས་འབྲས་བུའི་དུས་སུ་ངན་འགྲོའི་འཇིགས་པ་ལས་སྐྱོབ་པ་ལ་རྒྱུའི་དུས་ན་ཡིད་མི་དགེ་བ་ལ་འཇུག་པ་འཆོས་དགོས་ཤིང༌། དེ་ཡང་ལས་འབྲས་ལ་ཡིད་ཆེས་རྙེད་པ་ལ་རག་ལས་པས། སྐྱབས་འགྲོའི་ཆོས་སྐོར་བཤད་པའི་འཕྲོར་ལས་འབྲས་བཤད་པ་ཡིན། དེའི་ཕྱིར་ལམ་རིམ་ལས་གཉིས་པ་བདེ་ལེགས་ཐམས་ཅད་ཀྱི་རྩ་བ་ཡིད་ཆོས་ཀྱི་དད་པ་བསྐྱེད་པ་ཞེས་ས་བཅད་ལེན་ཚུལ་འདི་ཙམ་གྱིས་ཀྱང་ཉམས་ལེན་གྱི་གནད་དང་རིམ་པ་སྟོན་པས་ཡ་མཚན་པ་ཡིན་ཏེ། དལ་འབྱོར་རྙེད་དཀའ་བསྒོམས་པས་དེ་ཆུད་ཟོས་སུ་གཏོང་མི་རུང་བ་ཤེས་ནས་ཆོས་བྱེད་འདོད་ཀྱི་བློ་ཙམ་སྐྱེ་ཡང་། ངེས་པར་འཆི་བ་དང་ནམ་འཆི་ངེས་མེད་མ་བསྒོམས་ན་མྱུར་དུ་ཆོས་བྱེད་དགོས་སྙམ་པའི་བློ་མི་སྐྱེ། གལ་ཏེ་ནམ་ངེས་མེད་སོགས་སུ་ཤེས་ཀྱང་འཆི་བའི་ཚེ་ཆོས་མ་གཏོགས་པ་གང་གིས་ཀྱང་མི་ཕན་པར་མ་ཤེས་ན་ཆོས་ཁོ་ན་བསྒྲུབ་སྙམ་པ་མི་སྐྱེ། འཆི་བའི་ཚེ་ཆོས་མ་གཏོགས་པ་གང་གིས་ཀྱང་མི་ཕན་པ་ཙམ་ཤེས་ཀྱང་དགེ་སྡིག་གི་སྤང་བླང་རྣམ་དག་གཅིག་མ་ཤེས་ན་ཆོས་བརྒྱད་དཀར་ནག་ཁྲ་གསུམ་གྱི་དབང་དུ་སོང་ནས་ཆོས་རྣམ་དག་གཅིག་མི་འོང་བའི་ཕྱིར། དེས་ན་ལས་དཀར་ནག་གི་སྤང་བླང་ལེགས་པར་ཕྱེད་པ་གལ་ཆེ་ཞིང་། དེ་ལ་ལས་འབྲས་ཀྱི་རྣམ་བཞག་ཕྲ་ཞིབ་ཐོས་བསམ་གྱིས་ལེགས་པར་གཏན་ལ་ཕབ་ནས་སྒོམ་དགོས་པས་ལས་འབྲས་བཤད་པ་ཡིན་པའི་ཕྱིར།

དེ་ལ་སྤྱིར་ལས་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་ཁོ་ན་འབྱུང་ཞིང་བདེ་བ་མི་འབྱུང༌བ་དང་། ལས་དགེ་བ་ལས་འབྲས་བུ་བདེ་བ་ཁོ་ན་འབྱུང་ཞིང་སྡུག་བསྔལ་མི་འབྱུང་བས། དགེ་སྡིག་གི་འབྲས་བུ་བདེ་སྡུག་མི་འཆོལ་བས་ལས་ངེས་པ་དང༌། ཡང་ལས་དགེ་སྡིག་ཆུང་ངུ་ཡང་འཕེལ་ནས་འབྲས་བུ་ཆེན་པོ་འབྱིན་པ་དཔེ་དང་བཅས་པར་གསུངས་པས་ན་ལས་འཕེལ་ཆེ་བ་དང༌། རང་གི་ལས་དགེ་སྡིག་གང་བྱས་པ་དེའི་འབྲས་བུ་བདེ་སྡུག་མྱོང་གི། རང་གིས་མ་བྱས་པ་ཞིག་གི་འབྲས་བུ་མྱོང་མི་སྲིད་པས་ན་ལས་མ་བྱས་པ་དང་མི་ཕྲད་པར་བཤད་པ་དང༌། ལས་དགེ་སྡིག་གང་བྱས་པ་རྐྱེན་གཞན་གྱིས་མ་བཅོམ་ན་དུས་ཇི་ཙམ་འགོར་ཡང་འབྲས་བུ་འབྱིན་པ་གདོན་མི་ཟ་བས་ན་ལས་བྱས་པ་ཆུད་མི་ཟ་བར་བཤད་པ་ཡིན་ལ། དེར་མ་ཟད་ལས་གཅིག་གིས་ལུས་དུ་མ་འཕེན་པ་ནི་ཕྱུག་པོ་གཅིག་གིས་མཆོད་གནས་དུ་མ་བསྟེན་པ་ལྟ་བུ་དང༌། ལས་དུ་མས་ལུས་གཅིག་འཕེན་པ་ནི་སྦྱིན་བདག་མང་བོས་མཆོད་གནས་གཅིག་གི་ཞབས་ཏོག་བྱེད་པ་ལྟ་བུ་དང༌། ཡང་དཔེར་ན་ལོངས་སྤྱོད་ཆེ་བའི་ཀླུར་སྐྱེས་པ་ནི་འཕེན་བྱེད་མི་དགེ་བས་འཕངས་ཀྱང་རྫོགས་བྱེད་དགེ་བས་བྱས་པ་དང༌། མིར་སྐྱེས་ཀྱང་དབུལ་བ་ནི་འཕེན་བྱེད་དགེ་བས་འཕངས་ཀྱང་རྫོགས་བྱེད་མི་དགེ་བས་བྱས་པ་དང་། ཡང་ལས་མྱོང་བའི་དུས་ཀྱི་ཆ་ནས་བཤད་ན་དགེ་སྡིག་གི་འབྲས་བུ་བདེ་སྡུག་མྱོང་བའི་འགོ་ཚེ་དེར་རྩོམ་པའི་མཐོང་ཆོས་མྱོང་འགྱུར་དང་། ཡང་ཚེ་དེར་རྣམ་སྨིན་མྱོང་བའི་འགོ་མ་བརྩམས་ཀྱང་དངོས་ཀྱི་སྐྱེ་བ་ཕྱི་མ་ནས་མྱོང་འགོ་རྩོམ་པའི་སྐྱེས་ནས་མྱོང་འགྱུར་དང་། ཡང་དངོས་ཀྱི་སྐྱེ་བ་ཕྱི་མ་ལ་ཡང་རྣམ་སྨིན་མྱོང་བའི་འགོ་མི་རྩོམ་པར་སྐྱེ་བ་གསུམ་པ་ཕན་ཆད་ནས་མྱོང་འགོ་རྩོམ་པའི་ལན་གྲངས་གཞན་མྱོང་འགྱུར་གྱི་ལས་སོགས་ཡོད་པ་ཤེས་དགོས་ཤིང་བག་ཟོན་བྱེད་དགོས་པས་དགེ་སྡིག་ཕྲ་མོ་ལ་ཡང་བག་ཟོན་དང་སྤང་བླང་བྱེད་དགོས་པར་གདམས་པ་ཡིན་ནོ།།

 གོང་དུ་བཤད་པ་དེ་ལྟར་ལས་རྒྱུ་འབྲས་ཟེར་བ་དེ་ཧ་ཅང་ཕྲ་ཞིང་ཞིབ་པ་ཞིག་ཡིན་པས་ཤེས་སླ་བ་ཞིག་མིན་པས་ཤིན་ཏུ་གཟབ་དགོས། དེ་ལས་ཀྱང་གནས་འགའ་ཞིག་ནི་གཞུང་ལ་ཞིབ་ཏུ་སྦྱངས་ནས་ཤེས་དགོས་པ་ཡིན་པས་འདིར་རྒྱས་པར་མི་འཆད། འོན་ཀྱང་རང་ཅག་གི་དུས་རྒྱུན་གྱི་འཚོ་དང་འབྲེལ་བ་ཧ་ཅང་དམ་པོ་ཡོད་པའི་ལས་འབྲས་ཀྱི་གནས་འགའ་ཞིག་ཅིས་ཀྱང་ཤེས་དགོས་པས་འདིར་མདོར་བསྡུས་ཙམ་བཤད་པར་བྱའོ།།

    དེ་ཡང་ནག་པོའི་ལས་འབྲས་དང༌། དཀར་པོའི་ལས་འབྲས་གཉིས་སུ་འདུའོ།། ཡང་དེ་དག་ཐམས་ཅད་དགེ་མི་དགེ་བཅུའི་ནང་དུ་བསྡུས་ནས་བཤད་ན་གཞན་ཀུན་ལའང་ཁེབས་པས། མཛོད་ལས། 

དེ་ལས་ཆེ་ལོང་བསྡུས་ནས་ནི།།

དགེ་དང་མི་དགེ་ཅི་རིགས་པར།།

ལས་ཀྱི་ལམ་ནི་བཅུར་གསུངས་སོ།།

ཞེས་པ་ལྟར་རོ།། དེ་ཡང་སྤྱིར་ལས་དགེ་མི་དགེ་ཐམས་ཅད་ལས་ལམ་བཅུའི་ནང་དུ་མ་འདུས་ཀྱང༌། ལས་ཀྱི་ཆེ་ལོང་ངམ་རགས་རིམ་ནི་བཅུར་འདུ་བས། དེ་ལ་སྤང་བླང་བྱེད་པ་གནད་དུ་ཆེ་བས་དེ་ལྟར་གསུངས་པ་ཡིན་ནོ།། དེ་ཡང་ཐོག་མར་མི་དགེ་བའི་ལས་ལམ་བཅུ་གང་ཡིན་ངོས་ཟིན་ན་དགེ་བའི་ལས་ལམ་བཅུ་ཡང་བཤད་སླ་ལ་མི་དགེ་བའི་ལས་ལམ་བཅུ་བོ་འདི་རང་ཅག་ལ་ཤིན་ཏུ་འབྱུང་ཉེ་བ་ཤ་སྟག་ཡིན་པས་ཅུང་ཙམ་བཤད་པར་བྱའོ།།

དེ་ལ་མི་དགེ་བཅུ་ཞེས་པ་ནི། 

ལུས་ཀྱི་ལས་ནི་རྣམ་པ་གསུམ།།

ངག་གི་རྣམ་པ་བཞི་དང་ནི།།

གང་ཡང་ཡིད་ཀྱི་རྣམ་གསུམ་པོ།།

མི་དགེ་བཅུ།།

ཞེས་གསུངས་པ་ལྟར། སྲོག་གཅོད་པ། མ་བྱིན་པར་ལེན་པ། ལོག་པར་གཡེམ་པ་སྟེ་ལུས་ཀྱི་ལས་གསུམ། བརྫུན། ཕྲ་མ། ཚིག་རྩུབ། ངག་ཀྱལ་ཏེ་ངག་གི་ལས་བཞི། བརྣབས་སེམས། གནོད་སེམས། ལོག་ལྟ་སྟེ་ཡིད་ཀྱི་ལས་གསུམ་སྟེ་བཅུའོ།། དེ་དག་རིམ་པ་བཞིན་བཤད་ན།

དང་བོ་སྲོག་གཅོད་པ་ནི། གཞི་སྲོག་ལྡན་ལ། བསམ་པའི་ཁྱད་པར་དེར་འདུ་ཤེས་ཤིང་། ཉོན་མོངས་དུག་གསུམ་གང་རུང་གི་སྒོ་ནས་ཀུན་སློང་གསོད་པར་འདོད་དེ། སྦྱོར་བ་དེའི་དོན་ལ་བརྩོན་ཞིང་རང་ངམ་གཞན་གྱིས་མཚོན་ལྟ་བུ་བསྣུན་ནས་ཕ་རོལ་པོ་རང་གི་སྔ་རོལ་ཏུ་ཤི་ན་མཐར་ཐུག་རྫོགས་པ་ཡིན་ནོ།།

གཉིས་པ་མ་བྱིན་པར་ལེན་པ་ནི། གཞི་རང་ལ་མི་དབང་བར་གཞན་གྱིས་བཟུང་བའི་རྫས་ལ། བསམ་པའི་ཁྱད་པར་དེར་འདུ་ཤེས་ཤིང་། ཉོན་མོངས་དུག་གསུམ་གང་རུང་གི་སྒོ་ནས་ཀུན་སློང་ལེན་པར་འདོད་དེ། སྦྱོར་བ་ཐབས་སྣ་ཚོགས་ཀྱིས་བླངས་པས་མཐར་ཐུག་ཐོབ་བློ་སྐྱེས་པའོ།།

གསུམ་པ་ལོག་གཡེམ་ནི། གཞི་གཞན་གྱིས་བདག་ཏུ་བཟུང་བ་དང༌། རང་གི་ཉེ་དུ་དང༌། ཁ་དང་གཤང་ལམ་སོགས་བགྲོད་བྱ་མིན་པ་དང༌། རང་གི་ཆུང་མ་སོགས་བགྲོད་བྱ་ཡིན་ཡང༌། རྟེན་དྲུང་དང་བླ་མའི་མདུན་ལྟ་བུ་གནས་མ་ཡིན་པ་དང༌། སྦྲུམ་མ་དང་བསྙེན་གནས་ལ་གནས་པ་ལྟ་བུ་དུས་མ་ཡིན་པ་ལ་དེར་འདུ་ཤེས་ཏེ། ཉོན་མོངས་གང་རུང་གི་སྒོ་ནས་ཀུན་སློང་ལོག་གཡེམ་བྱེད་པར་འདོད་དེ། སྦྱོར་བ་དེའི་དོན་ལ་བརྩོན་ཞིང་མཐར་ཐུག་དབང་པོ་གཉིས་སྤྲད་པ་ན་དེར་འགྱུར་རོ།། དེ་གསུམ་ནི་ལས་གསུམ་མོ།།

བཞི་བ་རྫུན་སྨྲ་ནི། གཞི་མཐོང་ཐོས་སོགས་བརྒྱད་ལ། སྨྲ་ཡུལ་དོན་གོ་བའི་གང་ཟག་ལ། མཐོང་བ་ལ་མ་མཐོང་སོགས་སུ་འདུ་ཤེས་བསྒྱུར་ཏེ་ཉོན་མོངས་གང་རུང་གི་སྒོ་ནས་ཀུན་སློང་རྫུན་སྨྲ་བར་འདོད་དེ། སྦྱོར་བ་ལུས་ངག་གང་རུང་གི་རྣམ་འགྱུར་བསྟན་ཏེ་མཐར་ཐུག་དོན་གོ་བའོ།། འདིར་མཐོང་ཐོས་སོགས་བརྒྱད་ཅེས་པ་ནི། མཐོང་བ་དང་ཐོས་པ་དང་བྱེ་བྲག་ཕྱེད་པ་དང་རྣམ་པར་ཤེས་པ་བཞི་ལ་རིམ་བཞིན་མ་མཐོང་། མ་ཐོས། བྱེ་བྲག་མ་ཕྱེད། རྣམ་པར་མ་ཤེས་ཟེར་བ་ལྟ་བུ་དང་། དེ་ལས་ལྡོག་པ་བཞི་སྟེ་བརྒྱད་དོ།།

ལྔ་བ་ཕྲ་མ་ནི། གཞི་གང་ཟག་གཉིས་ལྟ་བུ་ལ་དེར་འདུ་ཤེས་ཏེ། ཉོན་མོངས་གང་རུང་གི་སྒོ་ནས་ཀུན་སློང་དབྱེ་བར་འདོད་དེ། སྦྱོར་བ་འབྱེད་ཚིག་བདེན་རྫུན་གང་རུང་སྨྲས་ཏེ་མཐར་ཐུག་དོན་གོ་བའོ།།

དྲུག་པ་ཚིག་རྩུབ་ནི། གཞི་ཡིད་དུ་མི་འོང་བའི་སེམས་ཅན་ལ་དེར་འདུ་ཤེས་ཏེ། ཉོན་མོངས་གང་རུང་གི་སྒོ་ནས་ཀུན་སློང་ཚིག་རྩུབ་སྨྲ་བར་འདོད་དེ། སྦྱོར་བ་ཚིག་རྩུབ་སྨྲས་པས་མཐར་ཐུག་དོན་གོ་བའོ།།

བདུན་པ་ངག་ཀྱལ་ནི། གཞི་སྔ་མ་བརྫུན་ཕྲ་མ་ངག་ཀྱལ་གསུམ་གང་རུང་དུ་མ་གཏོགས་པའི་དོན་དང་མི་ལྡན་པ་ལ་དེར་འདུ་ཤེས་ཤིང་། ཉོན་མོངས་གང་རུང་དང་ཀུན་སློང་བྱུང་རྒྱལ་དུ་སྨྲ་བར་འདོད་དེ། སྦྱོར་བ་ཕྱི་རོལ་བའི་བསྟན་བཅོས་དང༌། དམག་རྐུན་སོགས་འདུ་འཛིའི་གཏམ་སྨྲ་བ། ཆགས་སེམས་ཀྱིས་གླུ་དང་གཞན་ལ་ཁ་བསག་སྨྲ་བར་བརྩམས་ནས་མཐར་ཐུག་སྨྲས་ཟིན་པའོ།། འདི་བཞི་ནི་ངག་གི་ལས་བཞིའོ།།

བརྒྱད་པ་བརྣབ་སེམས་ནི། གཞི་གཞན་གྱི་ནོར་ལ་དེར་འདུ་ཤེས་ཤིང༌། རང་ནོར་ལ་ཆགས་སེམས་དང་གསོག་སེམས། གཞན་ནོར་ལ་རོ་མྱོང་སེམས་དང་འཁུ་སེམས། ངོ་ཚ་ཉེས་དམིགས་ཟིལ་གྱིས་གནོན་པའི་སེམས་ཏེ་ཆོས་ལྔ་ལྡན་གྱི་ཉོན་མོངས་གང་རུང་གི་སྒོ་ནས་ཀུན་སློང་རང་ལ་བྱུང་ན་སྙམ་པའི་རྔམ་སེམས་ཀྱིས། སྦྱོར་བ་དེའི་དོན་དུ་ཡིད་ཀྱིས་རྩོལ་ཞིང་མཐར་ཐུག་དེར་སྨོན་པའོ།།

དགུ་བ་གནོད་སེམས་ནི། གཞི་ཡིད་དུ་མི་འོང་བའི་སེམས་ཅན་ལ་དེར་འདུ་ཤེས་ཤིང་གནོད་བྱེད་ཀྱི་རྒྱུ་ལ་མཚན་མར་འཛིན་པའི་ཞེ་སྡང་གི་སེམས། མི་བཟོད་པའི་སེམས། ཚུལ་མིན་ཡིད་བྱེད་ཡང་ཡང་དྲན་པའི་འཁོན་འཛིན་གྱི་སེམས། གསོད་བརྡེག་བྱས་ན་ཅི་མ་རུང་སྙམ་པའི་འཁུ་སེམས། ངོ་ཚ་ཉེས་དམིགས་ཟིལ་གྱིས་གནོན་པའི་སེམས་ཏེ་ཆོས་ལྔ་ལྡན་གྱི་ཉོན་མོངས་གང་རུང་གི་སྒོ་ནས་ཀུན་སློང་གསོད་པ་སོགས་བྱ་བར་འདོད་དེ། སྦྱོར་བ་ཡིད་ཀྱིས་དེར་རྩོལ་ཞིང༌། མཐར་ཐུག་བྱེད་པར་ཐག་བཅད་པའོ།།

བཅུ་བ་ལོག་ལྟ་ནི། གཞི་ཡོད་པའི་དོན་ལ་དེར་འདུ་ཤེས་ཤིང་ཤེས་བྱ་ཇི་ལྟ་བ་བཞིན་མི་ཤེས་པའི་རྨོངས་པའི་སེམས་དང༌། སྡིག་པ་ལ་དགའ་བའི་དྲག་ཤུལ་གྱི་སེམས། ཚུལ་མིན་ཡིད་བྱེད་ཀྱི་ཆོས་ལ་ངེས་པར་འཛིན་པ་རྒྱུན་དུ་ལོག་པར་ཞུགས་པའི་སེམས། ལེགས་སྤྱད་དང་མཆོད་སྦྱིན་སོགས་ལ་མེད་པར་སྐུར་བ་འདེབས་པའི་ཉམས་པའི་སེམས། ངོ་ཚ་ཉེས་དམིགས་ཟིལ་གནོན་གྱི་སེམས་ཏེ་ཆོས་ལྔ་ལྡན་གྱི་ཉོན་མོངས་གང་རུང་གི་སྒོ་ནས་ཀུན་སློང་སྐུར་བ་འདེབས་པར་འདོད་དེ། སྦྱོར་བ་དེའི་དོན་ལ་ཡིད་ཀྱིས་རྩོལ་ཞིང༌། མཐར་ཐུག་ཐག་བཅད་པའོ།།

 འོ་ན་མི་དགེ་བའི་ལས་གང་ལ་ཞུགས་ཀྱང་འབྲས་བུའམ་ལྕི་ཡང་ལ་ཁྱད་པར་མེད་དམ་ཞེ་ན། ཡོད་དེ། ཞིང་གི་སྒོ་ནས་སྟོབས་ཆེ་ཆུང་མི་འདྲ། རྟེན་གྱི་སྒོ་ནས་སྟོབས་ཆེ་ཆུང་མི་འདྲ། དངོས་པོའི་སྒོ་ནས་ཀྱང་སྟོབས་ཆེ་ཆུང་མི་འདྲ། བསམ་པའི་སྒོ་ནས་ཀྱང་སྟོབས་ཆེ་ཆུང་མི་འདྲའོ།། ཡང་ལས་ལམ་བཅུ་བོ་ལྟ་བུ་ལ་མཚོན་ན་ཡང་། ལུས་ཀྱི་ལས་གསུམ་དང་ངག་གི་ལས་བཞི་སྟེ་བདུན་པོ་ལས་སྔ་མ་སྔ་མ་ལྕི་ལ་ཕྱི་མ་ཕྱི་མ་ཡང༌ངོ་།། ཡིད་ཀྱི་གསུམ་ལས་ཕྱི་མ་ཕྱི་མ་ལྕི་ལ་སྔ་མ་སྔ་མ་ཡང་ངོ། །

ཡང་ཉོན་མོངས་ཤུགས་དྲག་པོས་བྱས་པ་ལྕི། ཕ་མ་སོགས་ཡུལ་གཉན་པོར་བྱས་པ་རྣམས་ལྕི་བར་གསུངས་ཏེ། 

བཤེས་སྤྲིངས་ལས། 

རྟག་དང་མངོན་པར་ཞེན་དང་གཉེན་པོ་མེད།།

ཡོན་ཏན་གཙོ་ལྡན་གཞི་ལས་བྱུང་བའི་ལས།།

དགེ་དང་མི་དགེ་རྣམ་ལྔ་ཆེན་པོ་སྟེ།།

ཞེས་དུས་རྟག་ཏུ་བྱས་པ་ལྕི། མངོན་པར་ཞེན་པ་སྟེ་ཀུན་སློང་ཤུགས་དྲག་པོས་བྱས་པ་ལྕི། དགེ་བ་སྒྲུབ་པ་སོགས་གཉེན་པོ་སྟེ་ལྡོག་ཕྱོགས་མེད་པར་བྱས་པ་ལྕི། ཡོན་ཏན་གྱི་གཙོ་བོར་གྱུར་པ་མཁན་སློབ་དང༌། ཕན་འདོགས་པའི་གཞིར་གྱུར་བ་ཕ་མ་སོགས་ལ་སྡིག་པ་ཆུང་ངུ་ཙམ་བྱས་པས་ཀྱང་འབྲས་བུ་ཆེན་པོ་འབྱིན་པས་རྣམ་སྨིན་ལྕི་བར་གསུངས་སོ།།

    འབྲས་བུ་ལ་ཡང་རྣམ་སྨིན་གྱི་འབྲས་བུ། རྒྱུ་མཐུན་གྱི་འབྲས་བུ། བདག་པོའི་འབྲས་བུ་གསུམ་ཡོད། དེ་ལས་རྣམ་སྨིན་གྱི་འབྲས་བུ་ལ་མཚོན་ན། དུག་གསུམ་དྲག་པོས་བྱས་པ་དམྱལ་བར་སྐྱེ། འབྲིང་གིས་བྱས་པ་ཡི་དྭགས། ཆུང་ངུས་བྱས་པ་དུད་འགྲོར་སྐྱེ་བར་གསུངས་སོ།། ཡང་ལས་ལམ་བཅུ་བོ་སོ་སོའི་རྒྱུ་མཐུན་གྱི་འབྲས་བུ་ལ་མཚོན་ན། སྲོག་བཅད་པས་ཚེ་ཐུང་བ། མ་བྱིན་པར་བླངས་པས་ལོངས་སྤྱོད་ཀྱིས་དབུལ། ལོག་གཡེམ་གྱིས་ཆུང་མ་སྲུང་དུ་མི་བཏུབ། བརྫུན་གྱིས་མི་ཁ་སྡང། ཕྲ་མས་མཛའ་བཤེས་ཉུང་། ཚིག་རྩུབ་ཀྱིས་མི་སྙན་པ་མང་དུ་ཐོས། ངག་ཀྱལ་གྱིས་ཚིག་མི་བཙན། བརྣབ་སེམས་ཀྱིས་ཡིད་ཀྱི་རེ་བ་མི་འགྲུབ། གནོད་སེམས་ཀྱིས་འཇིགས་པ་ཆེ། ལོག་ལྟས་ཡང་དག་པའི་ལྟ་བ་ལ་རྨོངས་པར་བྱེད་དོ། །

    བདག་པོའི་འབྲས་བུ་ལ་མཚོན་ན སྲོག་བཅད་པས་སྨན་སོགས་མཐུ་ཆུང་། མ་བྱིན་པར་བླངས་པས་ལོ་འབྲས་ཉུང་ངུར་འགྱུར། ལོག་གཡེམ་གྱིས་གནས་འདམ་རྫབ་དང་ལྗན་ལྗིན་དུ་འགྱུར། བརྫུན་གྱིས་བློ་བྲིད་དང་འཇིགས་པ་ཆེ། ཕྲ་མས་ས་ཕྱོགས་ཁོད་མི་སྙོམས་ཤིང་བགྲོད་དཀའ། ཚིག་རྩུབ་ཀྱིས་སྡོང་དུམ་དང་ཚེར་མ་སོགས་ཡིད་དུ་མི་འོང་བ་མང་། ངག་ཀྱལ་གྱིས་ལྗོན་ཤིང་ལ་འབྲས་བུ་མི་ཆགས། བརྣབ་སེམས་ཀྱིས་ཕུན་ཚོགས་རྣམས་རིམ་གྱིས་འགྲིབ། གནོད་སེམས་ཀྱིས་ནད་འཁྲུག་འབྱུང་། ལོག་ལྟས་མི་དང་མི་མ་ཡིན་གྱིས་འཚེ་བར་འགྱུར་རོ།། དེ་ཡང་རྣམ་སྨིན་དང་རྒྱུ་མཐུན་གྱི་འབྲས་བུ་རང་ལ་འབྱུང་བ་དང༌། བདག་འབྲས་དེ་གནས་པའི་ཡུལ་ལ་འབྱུང་བར་གསུངས་སོ།།

    དེས་ན་མི་དགེ་བ་བཅུ་རང་ལ་སྤྱོད་འདོད་གང་ཡོད་པ་དེའི་གཞི་བསམ་པ་སྦྱོར་བ་རྣམས་གསལ་བཏབ་ནས་མངོན་གྱུར་དུ་བྱུང་བ་ན། ད་སྔ་ཡན་ཆད་དུ་ཁོ་ངོ་མ་ཤེས་པར་ལས་མང་དུ་བསགས་པས་ད་ལྟའི་གནས་འདི་ལྟ་བུར་གྱུར། ད་ནི་དེ་དག་གི་ངོ་བོ་ངོས་ཟིན། འབྲས་བུ་ཇི་ལྟ་བུ་འབྱུང་བ་སོགས་ཀྱང་ཤེས་པས་ཀུན་སློང་ནམ་བྱུང་བ་ཙམ་ནས་འགོག་པར་བྱའོ་སྙམ་དུ་བསམ་ལ་དེ་དག་འགོག་པ་ལ་བསླབ་དགོས་པར་གསུངས་པ་ལྟར་འབད་པར་བྱའོ།།

    ཡང་མི་དགེ་བ་བཅུ་གོ་ལྡོག་པ་ནི་དགེ་བ་བཅུ་ཡིན་ལ། སྲོག་མི་གཅོད་པ་ལྟ་བུ་ལ་མཚོན་ན། གཞི་སྲོག་ལྡན་ལ་དེར་འདུ་ཤེས་ནས། ཆགས་མེད་སྡང་མེད་གཏི་མུག་མེད་པ་གསུམ་གང་རུང་གི་སྒོ་ནས། ཀུན་སློང་སྲོག་མི་གཅོད་པར་འདོད་དེ། སྦྱོར་བ་དེའི་དོན་ལ་བརྩོན་ཞིང༌། མཐར་ཐུག་སྲོག་གཅོད་པ་ལས་བཟློག་ཟིན་པའོ། ། དེས་གཞན་ལ་ཡང་འདྲའོ། །

    དགེ་བ་བཅུའི་ལས་ཀྱི་རྣམ་སྨིན་གྱི་འབྲས་བུ་དང༌། རྒྱུ་མཐུན་གྱི་འབྲས་བུ་དང༌། བདག་པོའི་འབྲས་བུ་རྣམས་ཀྱང་གོང་དུ་མི་དགེ་བའི་དེ་དག་བཤད་པ་ལས་གོ་བཟློག་ནས་ཤེས་དགོས་ལ། དཔེར་ན་སྲོག་གཅོད་པ་སྤང་བའི་རྣམ་སྨིན་གྱི་འབྲས་བུ་མིར་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་ཚེ་རིང༌། བདག་པོའི་འབྲས་བུ་སྨན་དང་བཟའ་བཏུང་ནུས་པ་ཆེ་བ་འབྱུང༌བས་མཚོན་ནས་རིགས་འགྲེའོ།། 

    ཡང་གཞི་ནས་མཐར་ཐུག་གི་བར་སྡིག་སེམས་ཀྱིས་ཟིན་པའི་ལས་ནི་གཅིག་ཏུ་གནག་པའི་ལས་ཡིན་པས་སྤང་བྱ་དང༌། མང་བོའི་སྲོག་སྐྱོབ་པའི་དོན་དུ་གཅིག་གི་སྲོག་གཅོད་པ་ནི་ལས་ནག་ཀྱང་རྣམ་སྨིན་དཀར་བས་བླང་བྱ་དང༌། མང་པོ་གསོད་ཕྱིར་མ་ཆགས་པའི་སྦྱིན་པ་ལྟ་བུ་ལས་དཀར་ཀྱང་རྣམ་སྨིན་ནག་པས་སྤང་བྱ་དང༌། གཞི་ནས་མཐར་ཐུག་གི་བར་དགེ་སེམས་ཀྱིས་བྱས་པ་རྣམས་ནི་གཅིག་ཏུ་དཀར་བའི་ལས་ཡིན་པས་མཆོག་ཏུ་བླང་བྱ་ཡིན་པས་ཤིན་ཏུ་ཕྲ་ཞིང་ཞིབ་པོ།།

    འདི་དག་གིས་དཀར་ནག་འདྲེས་མས་ཀྱང་འབྲས་བུ་བདེ་སྡུག་འདྲེས་མར་འབྱིན་པའི་ཚུལ་དང༌། རྒྱུ་མཚན་རྣམས་ཞིབ་ཏུ་བསམ་ནས་སྤང་བླང་ལ་ཡང་གཟབ་དགོས་པར་གསུངས་སོ།།

     དེ་ལྟར་བཤེས་གཉེན་ཚུལ་བཞིན་དུ་བསྟེན་ནས་གཞུང་ལ་ལེགས་པར་སྦྱངས་ཏེ་ལས་འབྲས་ཀྱི་ཚུལ་ལ་དཔྱད་འཇོག་གཉིས་ཀའི་སྒོ་ནས་ཞིབ་ཏུ་བསམ་པས། རྟེན་ཁྱད་པར་ཅན་དལ་འབྱོར་གྱི་ལུས་རྟེན་འདི་ལྟ་བུ་ཐོབ་འདུག་པ་ལ། སྤྱིར་ཡིན་ན་མི་དགེ་བ་བཅུས་མ་གོས་ཤིང་གསར་དུ་མི་གསོག་པ་ཞིག་དགོས་འདུག་ཀྱང༌། ཚེ་འདིར་ཡང་སྡིག་པ་དེ་ཙམ་ཞིག་བསགས། དེས་ཆ་ཙམ་དུ་ཡང་འགྲན་མི་ནུས་པའི་སྡིག་པ་རང་གཅིག་པུའི་དོན་དུ་མ་ཟད། དཔོན་གྲོགས་སྤུན་ཟླ་བུད་མེད་གཡོག་འཁོར། སྡེ་དགོན་ལ་སོགས་པའི་དོན་དུ་སྡིག་པ་གྲངས་མེད་བསགས་ཡོད་ཅིང་། སྡིག་པའི་རྣམ་སྨིན་བགོ་བྱ་བྱེད་ཚུལ་ནི་མེད་པས་རང་གཅིག་བུས་མྱོང་བ་ལས་འོས་མེད། མྱོང་ངེས་ཀྱི་ལས་ནི་གང་གིས་ཀྱང་བཟློག་ཏུ་མེད་མངོན་པ་ལས་གསུངས་པས། ཇི་ལྟར་བྱས་ཀྱང་འཁོར་བ་ལས་མི་ཐར་བ་འདྲ་སྙམ་དུ་ཡིད་བློང་བློང་བོར་གྱུར་པ་ན། བཀའ་ལ་ཐེག་པ་ཆེ་ཆུང་དྲང་ངེས་འབྱེད་ཚུལ་སོགས་ཤེས་ཤིང་སྟོབས་བཞིའི་བཤགས་སྡོམ་ལེགས་པར་བྱས་ན་མྱོང་ངེས་ཀྱང་འདག་ནུས་པར་གསུངས་ཏེ།

བཤེས་སྤྲིངས་ལས། 

གང་ཞིག་སྔོན་ཆད་བག་མེད་གྱུར་པ་དག།

ཕྱི་ནས་བག་དང་ལྡན་པར་གྱུར་ན།།

ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ།།

དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན།།

ཞེས་གཅུང་དགའ་བོ་ཆུང་མ་ལ་ཧ་ཅང་ཆགས་པ་དང༌། སོར་ཕྲེང་གིས་མི་དགུ་བརྒྱ་གོ་དགུ་བསད་པ་དང༌། མ་སྐྱེས་དགྲས་ཡབ་རྒྱལ་བོ་བསད་པ་རྣམས་ཀྱང་བཤགས་པས་དག་ཅིང༌། སྔ་མ་གཉིས་ཀྱིས་དགྲ་བཅོམ་ཐོབ་པ་དང༌། བདེ་བྱེད་ཀྱིས་མ་བསད་པ་ཡང་དག་ནས། དམྱལ་བར་དར་གྱི་གྲུ་གུ་བརྡབས་པ་ཙམ་སྐྱེས། དེ་ནས་ལྷར་སྐྱེས་ཏེ་བཅོམ་ལྡན་འདས་ཀྱིས་ཆོས་བཤད་པས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པར་བཤད། དེ་རྣམས་དང་འདྲ་བ་ཞིག་མ་བྱུང་ཡང་ངན་འགྲོའི་སྒོ་ཁེགས་པ་ཞིག་བྱེད་སྙམ་པའི་ངེས་འབྱུང་དྲག་པོ་དང་བཅས་གཞུང་ཚད་ལྡན་ནས་ཇི་ལྟར་གསུངས་པ་ལྟར་གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་པ་འབད་ན་མི་འདག་པ་མེད་པར་གསུངས་པ་ལྟར་ཡིན་པས། མར་ངན་སོང་དང་ཡར་མཐོ་རིས་གང་དུ་འགྲོ་བའི་འདམ་ག་ད་ལྟ་རང་གི་ལག་ན་ཡོད་པ་ཡིན་ནོ།།

 

འདིའི་ཡན་གྱིས་སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་གསུངས་ཟིན་པ་ཡིན་ནོ།། སྐྱེས་བུ་ཆུང་ངུ་ཞེས་པ་དེ་ཇི་འདྲ་ཞིག་སྙམ་ན། འཁོར་བའི་མངོན་མཐོ་ཙམ་དོན་དུ་གཉེར་བའི་གང་ཟག་དེ། སྐྱེས་བུ་ཆུང་ངུའི་མཚན་ཉིད་ཡིན་ཏེ།

ལམ་སྒྲོན་ལས།

གང་ཞིག་ཐབས་ནི་གང་དག་གིས།།

འཁོར་བའི་བདེ་བ་ཙམ་དག་ལ།།

རང་ཉིད་དོན་དུ་གཉེར་བྱེད་པ།།

སྐྱེས་བུ་དེ་ནི་ཐ་མར་ཤེས།།

ཞེས་གསུངས་པའི་ཕྱིར། འདིའི་མཚན་ཉིད་ཀྱི་ཟུར་གྱི་སྲིད་པའི་བདེ་བ་ཙམ་ཞེས་པའི་ཚིག་གིས་འཁོར་བའི་མངོན་མཐོ་ལས་གཞན་ཐར་བ་སོགས་གཙོ་བོར་དོན་དུ་གཉེར་བ་གཅོད། དེའི་ཟུར་གྱི་རང་ཉིད་ཅེས་པའི་ཚིག་གིས་གཞན་དོན་གཙོ་བོར་དོན་དུ་གཉེར་བ་གཅོད་དོ།། 

སྤྱིར་སྐྱེས་བུ་ཆུང་ངུ་ལ་ཕལ་པ་དང་ཁྱད་པར་ཅན་གཉིས་ཡོད། ཆོས་མིན་གྱིས་ཚེ་འདིའི་བདེ་བ་ཙམ་དོན་དུ་གཉེར་བའི་གང་ཟག་དེ། སྐྱེས་བུ་ཆུང་ངུའི་ཐ་མའི་མཚན་ཉིད། ཆོས་དང་ཆོས་མིན་གྱིས་ཚེ་འདི་ཙམ་སྒྲུབ་པའི་གང་ཟག་དེ། སྐྱེས་བུ་ཆུང་ངུའི་འབྲིང་གི་མཚན་ཉིད། ཚེ་འདི་ལ་ཆེད་ཆེར་མི་བྱེད་པར་ཆོས་ཁོ་ནས་ཕྱི་མའི་འཁོར་བདེ་ཙམ་དོན་དུ་གཉེར་བའི་གང་ཟག་དེ། སྐྱེས་བུ་ཆུང་ངུའི་མཆོག་གི་མཚན་ཉིད་ཡིན་ནོ།།

 

    འོ་ན་སྐྱེས་བུ་ཆུང་ངུའི་བསམ་པ་དེ་རྒྱུད་ལ་སྐྱེས་མ་སྐྱེས་ཀྱི་ཚད་ཇི་ལྟར་གཞལ་ཞེ་ན། དེ་ཡང་ཉམས་ལེན་མ་བྱས་པའི་སྔ་རོལ་ཏུ་འཇིག་རྟེན་འདིའི་ལྟོ་གོས་གཏམ་གསུམ་དོན་གཉེར་བཅོས་མ་མིན་པ་ཡོད་ལ། འཇིག་རྟེན་ཕྱི་མ་ཕན་ཆད་དོན་གཉེར་ནི་ཚིག་རྗེས་འབྲངས་པ་ཙམ་མ་གཏོགས་མེད་པ་དེ། ཉམས་ལེན་བྱས་པ་ལ་བརྟེན་ནས་གོ་ས་འཕོས་ཏེ་ཕྱི་མའི་དོན་གཉེར་གཙོ་བོར་སོང་ཞིང༌། འཇིག་རྟེན་འདི་ཞར་བྱུང་ཙམ་དུ་སོང་ན་སྐྱེས་བུ་ཆུང་ངུ་ཁྱད་པར་ཅན་གྱི་ལམ་རྒྱུད་ལ་སྐྱེས་པ་ཡིན་ནོ།། 

    གལ་ཏེ་ཁ་ཅིག་གིས། མདོ་རྒྱུད་དགོངས་འགྲེལ་དང་བཅས་པའི་གཞུང་མང་བོར། ཆོས་རྣམ་པར་དག་པ་ཞིག་སྒྲུབ་པ་ལ་འཁོར་བའི་ཕུན་ཚོགས་ཐམས་ཅད་ལ་བློ་ལོག་དགོས་པར་གསུངས་འདུག་པས། ལུས་དང་ལོངས་སྤྱོད་སོགས་ཕུན་སུམ་ཚོགས་པའི་མངོན་མཐོ་རྣམས་ཀྱང་འཁོར་བ་ཡིན་པས། དེ་ལ་དོན་གཉེར་བསྐྱེད་པར་མི་རིགས་པར་འགྱུར་ལ། དེ་ལྟར་ན་དལ་འབྱོར་རྙེད་དཀའ་ཚུལ་དོན་ཆེ་ཚུལ་སོགས་བསམས་ནས་གཅེས་སྤྲས་བྱེད་དགོས་པར་གསུངས་པ་དང་འགལ་བ་ཇི་ལྟར་སྤོང་སྙམ་ན། སྐྱོན་མེད་དེ། དོན་དུ་གཉེར་བྱ་ལ་གནས་སྐབས་སུ་དོན་དུ་གཉེར་བྱ་ཞིག་དང་མཐར་ཐུག་གི་དོན་དུ་གཉེར་བྱ་གཉིས་ཡོད་པ་གང་ཞིག འཁོར་བའི་ལུས་ལ་སོགས་པ་ཕུན་སུམ་ཚོགས་པ་ནི་གྲོལ་བ་དོན་གཉེར་གྱིས་ཀྱང་གནས་སྐབས་སུ་དོན་དུ་གཉེར་དགོས་ཏེ། རྟེན་དེ་རིམ་པར་བརྒྱུད་པ་ལས་མཐར་ངེས་ལེགས་ཐོབ་པར་བྱ་བ་ཡིན་པའི་ཕྱིར་རོ།།

དེར་མ་ཟད་ལུས་དང་ལོངས་སྤྱོད་དང་འཁོར་ཕུན་སུམ་ཚོགས་པའི་མངོན་མཐོ་གང་ཡིན་ཐམས་ཅད་འཁོར་བས་བསྡུས་པ་ཡང་ཡིན་པར་མ་གྲུབ་སྟེ། ལུས་ལ་སོགས་པ་ཕུན་སུམ་ཚོགས་པ་མཐར་ཕྱིན་པ་ནི་གཟུགས་ཀྱི་སྐུ་ཡིན་ཚུལ་སོགས་ལམ་རིམ་ལས་མདོ་སྡེ་རྒྱན་དྲངས་ནས་གསལ་བར་གསུངས་པ་ལྟར་ཡིན་པའི་ཕྱིར། དེས་ན་ཐར་བ་མ་ཟད་རྣམ་མཁྱེན་བསྒྲུབ་པ་རྣམས་ཀྱིས་ཀྱང་དལ་འབྱོར་གྱི་ལུས་རྟེན་ལ་སོགས་པ་དོན་གཉེར་དང་གཅེས་སྤྲས་བྱེད་དགོས་ཏེ། ཐེག་པ་ཆེན་པོའི་ལམ་ཉམས་སུ་ལེན་པ་རྣམས་ཀྱིས་ཀྱང་ཚུལ་ཁྲིམས་དང་སྦྱིན་པ་དང་བཟོད་པ་སོགས་ཆེས་མང་ཞིང་ཕུལ་དུ་བྱུང་བ་རྣམས་དུས་རིང་བོར་བསྒྲུབ་པས་ན། དེ་དག་གི་འབྲས་བུ་ལུས་ལ་སོགས་པའི་མངོན་མཐོ་ཡང་ཆེས་ཕུལ་དུ་བྱུང་བ་ཡིན་པས་དེ་དག་དོན་དུ་གཉེར་དགོས་ཤིང་། དེ་ལས་མཐར་ཐུག་ངེས་ལེགས་འགྲུབ་པ་ཡིན་པར་ཡང་། 

སྤྱོད་འཇུག་ལས།

མི་ཡི་གྲུ་ལ་བརྟེན་ནས་ནི།།

སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ།།

ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར།

    ཡང་ལ་ལས། ཐར་བ་དང་ཐམས་ཅད་མཁྱེན་པ་སྒྲུབ་པ་ལ་བདེ་འགྲོའི་ལུས་ཐམས་ཅད་འདྲ་འདྲ་ཡིན་ནོ་སྙམ་ན། དེ་ནི་གཏན་མིན་ཏེ། མཚན་ཉིད་ཡོངས་སུ་མ་རྫོགས་པའི་ཡོན་ཏན་ཕྱོགས་རེ་བ་དང་ལྡན་པས་ལམ་བསྒྲུབས་ཀྱང་ས་ཆོད་ཆུང་བས་ན་ཡོངས་རྫོགས་ཤིག་དགོས་པར་གསུངས་པའི་ཕྱིར།

    ཡང་འགའ་ཞིག་གིས། སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་ལ་རབ་བྱུང་ལ་སོགས་པའི་སྡོམ་པ་སྲུང་དགོས་དོན་མེད། དེ་དགོས་པར་འདོད་པ་ནི་སྲོལ་རྒྱུན་གྱི་བསམ་བློ་རྙིང་བ་དང་རང་ཉིད་ནུས་པ་དམན་པར་སྟོན་པ་ཡིན་ཟེར་མོད། འོན་ཀྱང་དེ་ལ་རབ་བྱུང་གི་རྟེན་མཆོག་ཏུ་གྱུར་བ་ཡིན་པར་མ་ཟད། དགེ་ཚུལ་ལ་སོགས་པའི་བསླབ་པའི་གཞི་ཡོངས་སུ་མ་རྫོགས་པར་བསྲུང་བས་ཀྱང་མི་ཆོག་པས་དགེ་སློང་ལ་སོགས་པའི་བསླབ་གཞི་ཡོངས་སུ་རྫོགས་པར་སྲུང་བ་ལ་འབད་དགོས་པར་མདོ་རྒྱུད་རྣམས་ལས་ཡང་ཡང་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།།

    ཡང་ལམ་རིམ་ཆེན་མོ་ལས། ཁ་ཅིག ཚུལ་ཁྲིམས་སྲུང་བ་ནི་བདེ་འགྲོ་བསྒྲུབ་པའི་ཕྱིར་ཡིན་ན་དེ་ནི་བསྙེན་གནས་ཀྱིས་ཀྱང་འཐོབ་པས་དཀའ་ལ་དོན་ཆུང་བའི་དགེ་སློང་སོགས་ཀྱིས་ཅི་བྱ་ཞེས་ཟེར་བ་དང༌། གཞན་དག སོ་ཐར་གྱི་དགོས་པ་དགྲ་བཅོམ་པའི་ཕྱིར་ཡིན་ན་དགེ་སློང་ནི་ལོ་ཉི་ཤུ་མ་ལོན་བར་དུ་མི་རུང་ཞིང་དགེ་བསྙེན་གྱི་རྟེན་ལ་ཡང་དགྲ་བཅོམ་པ་འཐོབ་ཏུ་ཡོད་པས་རྟེན་དེ་བསྔགས་ཀྱི། དཀའ་ལ་དོན་ཆུང་བའི་དགེ་སློང་གིས་ཅི་བྱ་ཞེས་སྨྲ་བ་ནི། བསྟན་པའི་གནད་མ་ཤེས་པའི་ཅལ་ཅོལ་ཆེན་པོར་ཤེས་པར་བྱས་ལ་སྡོམ་པ་འོག་མ་འོག་མ་རྟེན་དུ་བྱས་ཏེ་གོང་མ་གོང་མ་བླངས་ནས་བསླབ་པའི་གཞི་ཡོངས་སུ་རྫོགས་པར་བསྲུང་བ་ལ་འགྲུས་པར་བྱའོ་ཞེས་གསུངས་སོ།།

    དེས་ན་ཉེས་བཤད་ལེགས་བཤད་དུ་བཟུང་ནས་མཐོང་ཆེན་དང་། ལེགས་བཤད་ཉེས་བཤད་དུ་བཟུང་ནས་ཕྱགས་མའི་ཕུང་བོའི་ནང་དུ་ཐལ་བ་བཞིན་འདོར་བར་མི་བྱ་བར་གཞུང་གི་དགོངས་དོན་དང་དམ་པའི་གདམས་ངག་གཙིགས་སུ་འཛིན་པ་ཤིན་ཏུ་གལ་ཆེའོ།།

 

 གཉིས་པ་འབྲིང་དང་ཐུན་མོང་བའི་ལམ་ལ་བློ་སྦྱོང་ཚུལ་གདམས་པ། གཉིས་པ་འབྲིང་དང་ཐུན་མོང་བའི་ལམ་ལ་བློ་སྦྱོང་ཞེས་པའི་གཉིས་པ་ནི། རྩ་བའི་ས་བཅད་གཉིས་པ་སྙིང་བོ་ཇི་ལྟར་ལེན་ཚུལ་དེ་ལ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་ལ་བློ་སྦྱོང་ཚུལ་དང་། འབྲིང་དང་ཐུན་མོང་བའི་ལམ་ལ་བློ་སྦྱོང་ཚུལ་དང་། སྐྱེས་བུ་ཆེན་པོའི་ལམ་ལ་བློ་སྦྱོང་ཚུལ་ལ་གསུམ་དུ་བྱས་པའི་ནང་གི་གཉིས་པ་ཡིན། དེ་ཡང་ལམ་རིམ་ཆེན་མོར་གཉིས་པ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་ལ། བསམ་པ་སྦྱང་བ་དངོས། དེ་སྐྱེས་པའི་ཚད། དེ་ལ་ལོག་པར་རྟོག་པ་བསལ་བ། ཐར་བར་བགྲོད་པའི་ལམ་གྱི་རང་བཞིན་གཏན་ལ་དབབ་པ་སྟེ་ས་བཅད་བཞི་མཛད། དེའི་དང་བོ་སྐྱེས་བུ་འབྲིང་གི་བསམ་པ་སྦྱོང་བ་དངོས་ལ། ཐར་བ་དོན་གཉེར་གྱི་བློ་ངོས་བཟུང་བ་དང་། དེ་བསྐྱེད་པའི་ཐབས་སུ་བྱས། དེ་ལ་ཡང་སྡུག་བསྔལ་དང་ཀུན་འབྱུང་གི་སྒོ་ནས་བསམ་པ་དང་། རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་བསམ་པ་གཉིས་སུ་བྱས། དང་བོ་ལ་ཡང་སྡུག་བདེན་འཁོར་བའི་ཉེས་དམིགས་དང་། ཀུན་འབྱུང་འཁོར་བའི་འཇུག་རིམ་བསམ་པ་གཉིས་སུ་བྱས། དང་བོ་སྡུག་བདེན་འཁོར་བའི་ཉེས་དམིགས་བསམ་ཚུལ་ལ་ཡང་སྡུག་བདེན་བདེན་འཞིའི་ཐོག་མར་གསུངས་པའི་དགོངས་པ་བསྟན་པ། སྡུག་བསྔལ་བསྒོམ་པ་དངོས་གཉིས་སུ་མཛད་ནས་གསུངས། དེ་ལ་ཡང་འཁོར་བ་སྤྱིའི་སྡུག་བསྔལ་བསམ་པ། སོ་སོའི་སྡུག་བསྔལ་བསམ་པ་གཉིས་སུ་བྱས། དང་བོ་འཁོར་བ་སྤྱིའི་སྡུག་བསྔལ་བསམ་པ་ལ། སྡུག་བསྔལ་བརྒྱད་བསམ་པ། སྡུག་བསྔལ་དྲུག་བསམ་པ། སྡུག་བསྔལ་གསུམ་བསམ་པ་གསུམ། དང་བོ་ལ་སྐྱེ་རྒ་ན་སྡུག་འཆིའི་སྡུག་བསྔལ་བཞི་དང་། དེའི་སྟེང་དུ་མི་སྡུག་པ་དང་ཕྲད་པ། སྡུག་པ་དང་བྲལ་བ། འདོད་པ་བཙལ་ཏེ་མ་རྙེད་པ། མདོར་ན་ཉེ་བར་ལེན་པའི་ཕུང་བོ་ལྔ་སྡུག་བསྔལ་བའོ་ཞེས་བརྒྱད་ཀྱི་སྒོ་ནས་སྡུག་བསྔལ་བསམ་ཚུལ་གསུངས་སོ།།     

    གཉིས་པ་སྡུག་བསྔལ་དྲུག་བསམ་པ་ལ། ངེས་པ་མེད་པ། ངོམས་པ་མེད་པ། ལུས་ཡང་དང་ཡང་དུ་འདོར་བ། ཡང་དང་ཡང་དུ་ཉིང་མཚམས་སྦྱར་བ། ཡང་དང་ཡང་དུ་མཐོ་དམན་དུ་འགྱུར་བ། གྲོགས་མེད་པའི་ཉེས་པ་བསམ་པ་དང་དྲུག་གི་སྒོ་ནས་གསུངས་ཡོད།       

    གསུམ་པ་སྡུག་བསྔལ་གསུམ་བསམ་པ་ལ། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་གྱི་སྒོ་ནས་བསམ་ཚུལ་གསུངས། གཉིས་པ་སོ་སོའི་སྡུག་བསྔལ་བསམ་པ་ལ། དམྱལ་བ། ཡི་དྭགས། དུད་འགྲོ། མི། ལྷ་མ་ཡིན། ལྷའི་སྡུག་བསྔལ་བསམ་པ་དྲུག་གི་སྒོ་ནས་གསུངས། ལྷའི་སྡུག་བསྔལ་ལ། འདོད་ལྷའི་སྡུག་བསྔལ་དང་། ཁམས་གོང་མའི་ལྷ་རྣམས་ཀྱི་སྡུག་བསྔལ་བསམ་པ་གཉིས་ཀྱི་སྒོ་ནས་གསུངས། དང་བོ་འདོད་ལྷའི་སྡུག་བསྔལ་ལ། འཆི་འཕོ་དང་ལྟུང་བའི་སྡུག་བསྔལ། སྤ་བཀོང་བའི་སྡུག་བསྔལ། བཅད་པ་དང་དྲལ་བ་དང་བསད་པ་དང་སྒྱུག་པའི་སྡུག་བསྔལ་བསམ་ཚུལ་གསུངས། དང་བོ་ལ། འཆི་འཕོ་བའི་སྡུག་བསྔལ་དང་། གནས་འོག་མར་ལྟུང་བའི་སྡུག་བསྔལ་བསམ་པ་གཉིས་ཀྱི་སྒོ་ནས་གསུངས། གཉིས་པ་ཀུན་འབྱུང་གི་སྒོ་ནས་འཁོར་བར་འཇུག་པའི་རིམ་པ་བསམ་པ་ལ། ཉོན་མོངས་པའི་སྐྱེ་ཚུལ། དེས་ལས་གསོག་པའི་ཚུལ། འཆི་འཕོ་བ་དང་ཉིང་མཚམས་སྦྱོར་བའི་ཚུལ་གསུམ་དུ་བྱས་ནས་གསུངས། དང་བོ་ཉོན་མོངས་སྐྱེ་ཚུལ་ལ། ཉོན་མོངས་ངོས་བཟུང་བ། ཇི་ལྟར་སྐྱེ་བའི་རིམ་པ། ཉོན་མོངས་པའི་རྒྱུ། ཉོན་མོངས་པའི་ཉེས་དམིགས་བཞིར་བྱས་ནས་གསུངས། དང་བོ་ཉོན་མོངས་པ་ངོས་བཟུང་བ་ལ། ཉོན་མོངས་སྤྱིའི་མཚན་ཉིད་དང་། སོ་སོའི་མཚན་ཉིད་གཉིས་སུ་བྱས་ཤིང་། དེ་ལ་ཡང་འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། ཐེ་ཚོམ། འཇིག་ལྟ། མཐར་ལྟ། ལྟ་བ་མཆོག་འཛིན། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན། ལོག་ལྟ་སྟེ་བཅུའི་ནང་དུ་བསྡུས་ནས་གསུངས་སོ།།           

    གསུམ་པ་ཉོན་མོངས་པའི་རྒྱུ་ལ་རྟེན། དམིགས་པ། འདུ་འཛི། བཤད་པ། གོམས་པ། ཡིད་ལ་བྱེད་པ་དྲུག་ཏུ་བྱས་ནས་གསུངས། གཉིས་པ་དེས་ལས་གསོག་པའི་ཚུལ་ལ། བསག་པར་བྱ་བའི་ལས་ངོས་བཟུང་བ་དང་། དེ་ཇི་ལྟར་གསོག་པའི་ཚུལ་གཉིས་སུ་བྱས། དང་བོ་བསག་པར་བྱ་བའི་ལས་ལ་སེམས་པའི་ལས་དང་། བསམ་པའི་ལས་གཉིས་སུ་བྱས། དེ་ཇི་ལྟར་གསོག་པའི་ཚུལ་ལ་ཡང་། ཚོར་བ་བདེ་བའི་དོན་དུ་གསོག་པ་དང་། ཚོར་བ་བཏང་སྙོམས་ཀྱི་ཕྱིར་དུ་གསོག་པ་གཉིས་སུ་བྱས། གསུམ་པ་འཆི་འཕོ་བ་དང་ཉིང་མཚམས་སྦྱོར་བའི་ཚུལ་ལ། འཆི་བའི་རྐྱེན། འཆི་བའི་སེམས། དྲོད་གང་ནས་སྡུད་པ། ཤི་ནས་བར་དོ་འགྲུབ་ལུགས། དེ་ནས་སྐྱེ་སྲིད་དུ་སྐྱེ་བ་ལེན་ཚུལ་དང་ལྔ་རུ་བྱས།

    གཉིས་པ་འཆི་སེམས་ལ། དགེ་བའི་སེམས་དང་ལྡན་པར་འཆི་བ། མི་དགེ་བའི་སེམས་དང་ལྡན་པར་འཆི་བ། ལུང་མ་བསྟན་གྱི་སེམས་དང་ལྡན་པར་འཆི་བ་གསུམ་དུ་བྱས་ནས་གསུངས། གཉིས་པ་རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་བསམ་པ་ལ། ཡན་ལག་གི་དབྱེ་བ། ཡན་ལག་གི་བསྡུ་བ། ཚེ་དུ་ལ་རྫོགས་པ། དེ་དག་གི་དོན་བསྡུ་བའི་ཚུལ་བཞིར་བྱས་ནས་གསུངས། བཞི་བ་ཐར་བར་བགྲོད་པའི་ལམ་གྱི་རང་བཞན་གཏན་ལ་དབབ་པ་ལ། རྟེན་ཇི་ལྟ་བུས་འཁོར་བ་བཟློག་པ་དང་། ལམ་ཇི་འདྲ་བ་ཞིག་བསྒོམས་པས་འཁོར་བ་བཟློག་པ་གཉིས་སུ་མཛད་ནས་གསུངས། དེ་ལ་ཡང་བསླབ་པ་གསུམ་གྱི་གྲངས་ངེས། གོ་རིམ་ངེས་པ། བསླབ་པ་གསུམ་གྱི་རང་བཞིན་བཤད་པ་གསུམ་དུ་བྱས་ནས་གསུངས་ཡོད། གལ་ཏེ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་ཉམས་སུ་ལེན་འདོད་ན་འདི་དག་ཐམས་ཅད་ཞིབ་པར་ཤེས་དགོས་པས་བྱང་ཆུབ་ལམ་རིམ་ཆེན་མོ་ལ་མཇལ་དགོས་སོ།།

 

    དེ་ཡང་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་ལ་བློ་སྦྱོང་ཚུལ་ཤེས་པ་ལ་ཐོག་མར་སྐྱེས་བུ་འབྲིང་ཞེས་པ་ཇི་འདྲ་ཞིག་ཡིན་པ་ཤེས་དགོས་པས་འདིར་མདོར་བསྡུས་ནས་ཅུང་ཟད་ཙམ་ཞིག་བཤད་པར་བྱའོ།།

དེས་ན་འཁོར་བའི་ཕུན་ཚོགས་ལ་བློ་ལོག་པའི་སྒོ་ནས་རང་ཁོ་ནའི་དོན་དུ་ཐར་བ་གཙོ་བོར་དོན་གཉེར་གྱི་ཆ་ནས་བཞག་པའི་གང་ཟག་དེ། སྐྱེས་བུ་འབྲིང་གི་མཚན་ཉིད་ཡིན་ཏེ།

ལམ་སྒྲོན་ལས། 

གང་ཞིག་རང་ཞི་ཙམ་དོན་གཉེར།།

སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང༌།།

སྡིག་པའི་ལས་ལས་ལྡོག་བདག་ཉིད།།

སྐྱེས་བུ་དེ་ནི་འབྲིང་ཞེས་བྱ།།

ཞེས་གསུངས་པས་སོ།། རང་ཞི་ཙམ་ཞེས་པས་རང་དོན་ཁོ་ན་གཙོ་བོར་འཛིན་པ་དང༌། སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཞེས་པས་འཁོར་བའི་ཕུན་ཚོགས་ལ་ཞེན་པ་ལོག་པ་དང༌། ལྡོག་བདག་ཉིད་ཅེས་པས་སྡིག་པ་ལས་དུས་ཐམས་ཅད་དུ་ལོག་པའི་རང་བཞིན་དགོས་པར་བསྟན་ཏོ།།

    འོ་ན་སྐྱེས་བུ་འབྲིང་ཡིན་ན་སྡིག་པ་མི་བྱེད་པས་ཁྱབ་བམ་ཞེ་ན། མ་ཁྱབ་སྟེ། མ་ངེས་པའི་རིགས་ཅན་སྲིད་པ་མེ་འབར་བ་ལྟ་བུའི་ངེས་འབྱུང་ཡོད་ཀྱང་ཉོན་མོངས་དང་གྲོགས་ཅི་རིགས་ཀྱི་དབང་གིས་སྡིག་པ་བྱེད་པའི་སྐྱེས་བུ་འབྲིང་ཡོད་པར་མ་ཟད་ཆེན་པོའང་ཡོད་པར་གསུངས་པའི་ཕྱིར། མདོ་སྡེ་རྒྱན་ལས་ཀྱང་། 

ཉོན་མོངས་ཀྱིས་ནི་བདག་འཇོམས་སེམས་ཅན་འཇོམས་ཤིང་ཚུལ་ཁྲིམས་འཇོམས།།

ཞེས་དང༌། མདོ་མྱང་འདས་ལས། བྱང་ཆུབ་སེམས་དཔའ་ནི་གྲོགས་ངན་པ་ལ་འཇིགས་པ་ལྟར་གླང་པོ་ཆེ་མྱོས་པ་ལ་སོགས་པ་ལ་ནི་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། དེས་ན་བྱ་བ་ལ་དེ་ལྟར་ཡིན་ཀྱང་སེམས་ཀྱི་སྡོམ་པ་ལ་སྦྱར་ན་ཐམས་ཅད་ལ་རུང་ཞེས་ཕར་ཕྱིན་མཐའ་དཔྱོད་ལས་གསུངས་པ་ལྟར་ཡིན་པའི་ཕྱིར།

    སྐྱེས་བུ་འབྲིང་གི་ས་མཚམས་ནི། མ་མཐའ་ཉན་རང་ལམ་ལ་འཇུག་ཁ་མ་ནས་ཡ་མཐའ་ཉན་རང་དགྲ་བཅོམ་གཉིས་ལྷག་མེད་བར་དང༌། དགྲ་བཅོམ་དེ་གཉིས་ཀྱང་ཐེག་ཆེན་གྱི་སྙིང་རྗེ་ཆེན་པོ་ལྷག་བསམ་སྐྱེ་ཁ་མའི་བར་དུ་ཡོད་ཅེས་ཕར་ཕྱིན་མཐའ་དཔྱོད་ལས་གསུངས་སོ།།

    དེ་ཡང་འདི་ལྟར་ཡིན་ཏེ། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་བསྲུང་། སྐྱབས་འགྲོ་རྣམ་པར་དག་པ་བསྟེན་པས་རེ་ཞིག་ངན་སོང་གི་སྡུག་བསྔལ་མྱོང་མི་དགོས་པ་ཞིག་འོང་ཡང༌། དེ་ཙམ་གྱིས་བློ་བདེ་བའི་གདེང་ཐོབ་པ་ཞིག་མི་འོང་སྟེ། སྤྱོད་འཇུག་ལས། 

བདེ་འགྲོར་ཡང་དང་ཡང་འོངས་ཏེ།།

བདེ་བ་མང་བོ་སྤྱད་སྤྱད་ནས།།

ཤི་ནས་ངན་སོང་སྡུག་བསྔལ་ནི།།

ཡུན་རིང་མི་བཟད་རྣམས་སུ་ལྟུང༌།།

ཞེས་པ་ལྟར། བདེ་འགྲོའི་རྟེན་ཙམ་ཞིག་ཐོབ་ཀྱང་ད་དུང་ཉོན་མོངས་པ་ནི་མ་སྤངས་མེད། དེའི་ཕྱིར་ད་དུང་མི་དགེ་བའི་ལས་མི་གསོག་པའི་ངེས་པ་ནི་གཏན་ནས་མེད་ལ། ལས་བསགས་ན་ནི་སླར་ཡང་ངན་སོང་དུ་ཡང་སྐྱེ་དགོས། དེས་ན་ད་ལྟ་ལས་ཉོན་གཉིས་ཀྱིས་འཁོར་བར་ཉེར་ལེན་གྱི་ཕུང་བོ་ཉིང་མཚམས་སྦྱོར་དུ་བཅུག་པ་ནི་བཅིངས་པ་ཡིན་ཞིང་། དེ་ལས་གྲོལ་བ་ནི་ཐར་བ་དང་། དེ་དོན་དུ་གཉེར་བ་ནི་སྐྱེས་བུ་འབྲིང་ཡིན། དེས་ན་སྐྱེས་བུ་འབྲིང་གིས་ངན་སོང་ལས་ཐར་བ་ཙམ་ལ་ཡིད་བརྟན་མེད་པས་འཁོར་བ་སྤྱི་དང་བྱེ་བྲག་གི་ཉེས་སྐྱོན་རིག་ནས་དེ་ཐམས་ཅད་ལས་ཐར་བ་ཞིག་དོན་དུ་གཉེར་བ་ཡིན།

    འོ་ན་འཁོར་བ་ལ་ཉེས་སྐྱོན་ཅི་ཡོད་ཅེ་ན། ཞིབ་ཏུ་བསམ་ཚུལ་ནི་ལམ་རིམ་ཆེན་མོ་ནས་གསུངས་ལ། དེའི་ཚུལ་ཡང་གོང་དུ་ས་བཅད་ཙམ་གྱིས་བསྟན་ཟིན་ཅིང་། མདོར་བསྡུས་ན། བསླབ་བྱ་ལས།

འཁོར་བ་མཐའ་ངན་གྱི་ངང་ཚུལ་བསམས་ནས།།

ཞེས་གསུངས་པ་འདིས་བསྟན་པ་སྟེ། མདོར་ན་འཁོར་བའི་ཕུན་ཚོགས་ལ་མཐའ་ངན་པའམ་རྒུད་པས་མ་བསྡུས་པ་ཞིག་མེད་པ་དེ་ཡིན་ཏེ། བསགས་པའི་མཐར་འཛད། མཐོན་པོའི་མཐར་ལྟུང་། འདུས་པའི་མཐར་འབྲལ། སྐྱེས་པའི་མཐར་འཆི་བ་ཡིན་པ་སོགས་ཀྱིས་མཚོན་ནུས་པའི་ཕྱིར་ཏེ། འདུལ་བ་ལུང་ལས། 

བསགས་པ་ཀུན་གྱི་མཐའ་འཛད་ཅིང༌།།

མཐོན་པོ་རྣམས་ཀྱི་མཐའ་ལྟུང་འགྱུར།།

ཕྲད་པའི་མཐའ་ནི་འབྲལ་བ་སྟེ།།

གསོན་པའི་མཐའ་ནི་འཆི་བ་ཡིན།།

ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།།

    དེས་ན་འཁོར་བ་སྤྱི་དང་བྱེ་བྲག་ལས་ཡོངས་སུ་ཐར་བ་ཞིག་དོན་དུ་གཉེར་དགོས་པ་ཡིན་ནོ།། 

 

    དེས་ན་དེ་ལྟར་འཁོར་བའི་ཕུན་ཚོགས་ཟེར་བ་གང་ཡིན་ཀྱང་ཐམས་ཅད་ཀྱི་མཐའ་རྒུད་པས་བསྡུས་པར་གསུངས་པ་ལྟར་ཡིན་པས། དོན་དུ་གཉེར་འོས་པ་ཅི་ཡང་མེད་པས་གང་ཡང་མི་སྒྲུབ་པར་སྐྱོ་ཐག་ཆད་ནས་སྡོད་དགོས་པ་ཡིན་ནམ་ཞེ་ན། དེ་ནི་གཏན་མིན་ཏེ། མཐའ་རྒུད་པས་བསྡུས་པའི་སྡུག་བསྔལ་ཅན་གྱི་འཁོར་བ་དེ་ལས་ཡོངས་སུ་གྲོལ་བའི་ཐར་བ་དོན་དུ་གཉེར་དགོས་པའི་ཕྱིར།

    འོ་ན་ཐར་བ་ཞེས་པ་དེ་ཇི་འདྲ་ཞིག་ལ་ངོས་འཛིན་པ་ཡིན་ཞེ་ན། ལམ་རིམ་ཆེན་མོ་ལས། ཐར་བ་ཞེས་པ་ནི་བཅིངས་པ་ལས་གྲོལ་བ་སྟེ། དེ་ཡང་ལས་དང་ཉོན་མོངས་གཉིས་ནི་འཁོར་བར་འཆིང་བྱེད་ཡིན་ལ། དེ་གཉིས་ཀྱི་དབང་གིས་ཁམས་ཀྱི་དབང་གིས་འདོད་ཁམས་ལ་སོགས་པ་གསུམ་དང་། འགྲོ་བས་ཕྱེ་ན་ལྷ་ལ་སོགས་པ་ལྔའམ་དྲུག་དང་། སྐྱེ་གནས་ཀྱི་སྒོ་ནས་མངལ་ལ་སོགས་པ་བཞིར་ཕུང་བོ་ཉིང་མཚམས་སྦྱར་བ་ནི་བཅིངས་པའི་ངོ་བོ་ཡིན་པས་དེ་ལས་གྲོལ་བ་ནི་ཐར་བའོ།། ཞེས་གསུངས་པ་ལྟར་བཅིངས་པ་ལས་གྲོལ་བ་ལ་ཟེར་བ་ཡིན་ལ། བཅིངས་པ་ཡང་ཁམས་གསུམ་སྟེ་འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་གསུམ་པོའི་གང་རུང་ཞིག་ཏུ་རང་དབང་མེད་པར་སྐྱེས་པའམ། ཡང་ན་འགྲོ་བ་སྟེ། དམྱལ་བ། ཡི་དྭགས། དུད་འགྲོ། ལྷ། མི་ལྔའམ། འགྲོ་བ་རིགས་དྲུག་སྟེ། ལྷ་མི་ལྷ་མ་ཡིན་གསུམ། ངན་སོང་གསུམ་སྟེ་དྲུག་གང་རུང་དུ་རང་དབང་མེད་པར་ཉིང་མཚམས་སྦྱར་བའམ། ཡང་ན་སྐྱེ་གནས་བཞི་སྟེ། མངལ་སྐྱེ། སྒོང་སྐྱེ། རྫུས་སྐྱེ། དྲོད་གཤེར་སྐྱེ་བཞི་བོ་གང་རུང་ཞིག་ཏུ་རང་དབང་མེད་པར་ཉིང་མཚམས་སྦྱར་བའམ་སྐྱེས་པ་ལ་བྱའོ།། དེ་ཡང་རང་དབང་མེད་པར་དེར་ཉིང་མཚམས་སྦྱོར་བྱེད་དམ་དེར་འཆིང་བྱེད་ནི། ལས་དང་ཉོན་མོངས་པ་གཉིས་ཡིན་ལ། ལས་ཉོན་གྱི་དབང་གིས་ཉིང་མཚམས་སྦྱོར་བ་ལོག་པ་ནི་ཐར་བ་དང་། དེ་དོན་དུ་གཉེར་བའི་བསམ་པ་དེ་ལ་ཐར་བ་དོན་གཉེར་གྱི་བློ་ཟེར་རོ།།

    དེ་བསྐྱེད་པའི་ཐབས་ནི། ལམ་རིམ་ཆེན་མོ་ལས། དཔེར་ན་སྐོམ་པའི་སྡུག་བསྔལ་ཞི་བ་ལ་ཐོབ་འདོད་བྱུང་བ་དེ་སྐོམ་པས་གདུངས་པ་ལ་མི་འདོད་པའི་རྣམ་པར་མཐོང་བ་ལ་རག་ལས་པ་བཞིན་དུ། ཉེར་ལེན་གྱི་ཕུང་བོའི་སྡུག་བསྔལ་ཉེ་བར་ཞི་བའི་ཐར་བ་ལ་ཐོབ་འདོད་འབྱུང་བ་ཡང་ཉེར་ལེན་གྱི་ཕུང་བོ་སྡུག་བསྔལ་གྱི་རང་བཞིན་ཅན་གྱི་ཉེས་དམིགས་མཐོང་བ་ལ་རག་ལས་པས། སྲིད་པའི་ཉེས་དམིགས་བསྒོམས་ནས་དེ་ལ་འདོར་འདོད་ཀྱི་བློ་མ་སྐྱེས་ན་སྡུག་བསྔལ་དེ་ཞི་བ་ལ་ཐོབ་འདོད་མི་འབྱུང་སྟེ། བཞི་བརྒྱ་བ་ལས།

གང་ལ་འདིར་སྐྱོ་ཡོད་མིན་པ།།

དེ་ལ་ཞི་གུས་ག་ལ་ཡོད།།

རང་ཁྱིམ་ལ་བཞིན་སྲིད་པ་ནི།།

འདི་ནས་འབྱུང་བའང་བྱ་བ་དཀའ།།

ཞེས་གསུངས་པ་ལྟར་འཁོར་བའི་ཉེས་དམིགས་བསྒོམས་དགོས། དེ་ལ་ཡང་སྡུག་བདེན་འཁོར་བའི་ཉེས་དམིགས་སྒོམ་ཚུལ། ཀུན་འབྱུང་འཁོར་བའི་འཇུག་རིམ་སྒོམ་ཚུལ་སོགས་ཀྱི་སྒོ་ནས་བཤད་ན་ཕན་ཡང་། འདིར་བཤད་ན་མང་བར་འགྱུར་བས་ལམ་རིམ་ལ་བལྟ་དགོས་ཤིང་། བསླབ་བྱ་འདིར། འཁོར་བ་མཐའ་ངན་གྱི་ངང་ཚུལ་བསམས་ཞེས་པས་བསྡུས་ནས་གསུངས་པ་གོང་དུ་ཅུང་ཟད་བཤད་ཁུལ་བྱས་པ་ལྟར་ལགས་ལ། ཐར་བ་འཐོབ་པའི་ཐབས་ནི། ངེས་འབྱུང་དང་། ལྷག་པའི་བསླབ་པ་གསུམ་ལ་ཚུལ་བཞིན་དུ་སློབ་པ་དང་། དེ་ལས་ཀྱང་ཐོག་མར་ཚུལ་ཁྲིམས་ཀྱི་བསླབ་པས་གཞི་འཛིན་པ་ཧ་ཅང་གལ་ཆེ་བས་དེ་ལ་ཚུལ་བཞིན་དུ་སློབ་དགོས་པས། བསླབ་བྱ་འདིར། 

ངེས་འབྱུང་ཚུལ་ཁྲིམས་ལ་སློབ་པར་བྱེད་དགོས།།

ཞེས་གདམས་པ་ཡིན་ནོ།།

    དེ་ཡང་ངེས་འབྱུང་ཞེས་པ་ནི། འཁོར་བ་ལ་ཉེས་དམིགས་སུ་མཐོང་ནས་དེ་ལས་ཐར་འདོད་ཀྱི་བློ་དེ་ལ་བྱ་སྟེ། སྤྱིར་འབྱུང་བའི་སྒྲ་ཐོབ་པ་དང་། འགྲོ་བ་དང་། གནས་པ་དང་། ལམ་བཅས་ལ་འཇུག་པར་བཤད་པ་ལས། འདིར་ངེས་པར་ཞེས་པའི་སྒྲ་དང་འབྲེལ་བས་ཐོབ་པ་ལ་འཇུག་པར་མཚོ་ཊཱིཀ་ཏུ་གསུང་ངོ་།། དེས་ན་འཁོར་བ་ལ་སྐྱོ་སྣང་སྐྱེས་ནས་ཡིད་ཆད་བྱུང་བ་ཙམ་ལ་ངེས་འབྱུང་གི་དོན་མེད་དོ།།

    ཡང་བླ་མ་རིན་པོ་ཆེ་མཆོག་གིས།

ཤུགས་དྲག་ཆུ་བོ་བཞི་ཡི་རྒྱུན་གྱིས་ཁྱེར།།

བཟློག་དཀའ་ལས་ཀྱི་འཆིང་བ་དམ་པོས་བསྡམས།།

བདག་འཛིན་ལྕགས་ཀྱི་དྲ་བའི་སྦུབས་སུ་ཚུད།།

མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས།།

མུ་མེད་སྲིད་པར་སྐྱེ་ཞིང་སྐྱེ་བ་རུ།།

སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར།།

གནས་སྐབས་འདི་འདྲར་གྱུར་བའི་མ་རྣམས་ཀྱི།།

ངང་ཚུལ་བསམས་ནས་སེམས་མཆོག་བསྐྱེད་པར་མཛོད།།

ཅེས་པའི་ཚིག་རྐང་ཐ་མ་

གནས་སྐབས་འདི་འདྲར་གྱུར་བའི་མ་རྣམས་ཀྱི།།

ངང་ཚུལ་བསམས་ནས་སེམས་མཆོག་བསྐྱེད་པར་མཛོད།། 

ཅེས་པ་ཅུང་ཁ་བསྒྱུར་ནས། 

གནས་སྐབས་འདི་འདྲར་གྱུར་བའི་རང་ཉིད་ཀྱི།། 

ངང་ཚུལ་བསམས་ནས་ངེས་འབྱུང་བསྐྱེད་པར་མཛོད།། 

ངེས་འབྱུང་སྒོམ་ནའང་ལེགས་པར་གསུངས་སོ།།

    ཐེག་པ་གསུམ་གྱི་ལམ་གང་ཉམས་སུ་ལེན་འདོད་ཀྱང་ངེས་འབྱུང་ལ་མྱོང་བ་ཐོན་པ་ཤིན་ཏུ་གལ་ཆེ་སྟེ། དེ་མེད་ན་སྤྱིན་པ་ལ་སོགས་པ་དྲུག་གང་ལ་འབད་ལོ་བྱས་ཀྱང་ཐར་བའི་རྒྱུར་གཏན་ནས་མི་འགྲོ་བའི་ཕྱིར་ཏེ། འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོས། དེ་ཡང་སྤྱིར་ཆོས་ཀྱི་རྣམ་གྲངས་མང་ཡང་ཐར་པའི་རྒྱུར་འགྲོ་བ་ནི་ངེས་འབྱུང་བྱང་ཆུབ་ཀྱི་སེམས་ལྟ་བ་རྣམ་དག་གོ། ད་ལྟ་འདི་གསུམ་ལ་མྱོང་བ་ཐོན་པ་ལྟ་ཞོག། གོ་བ་རྣམ་དག་ཡོད་པ་ཡང་དཀོན། དེ་ལ་དང་བོ་གཉིས་ཀྱི་གོ་བས་ཐར་པའི་ས་བོན་འཇོག་མི་ནུས། ཕྱི་མ་སྟོབས་ཆེ་བས་འཇོག་ནུས། དང་བོ་གཉིས་གོ་བ་ཙམ་ལ་མ་ལུས་པར་ཡིད་འགྱུར་བའི་མྱོང་བ་ཐོན་པས་ས་བོན་འཇོག། དེ་ཡང་འབད་པ་དྲག་པོས་དམིགས་རྣམ་ཡིད་ལ་བྱས་པ་ན་གོམས་པའི་མཐུས་ཡིད་འགྱུར་བ་ན། རྩོལ་བཅས་ཀྱི་མྱོང་བ་ཐོན་པས་དེས་ཐར་པའི་ས་བོན་འཇོག་ནུས་ཀྱང་ལམ་གྱི་སྣར་མ་སླེབ། སྲིད་པའི་བདེ་འབྱོར་དྲན་ཙམ་དང་སེམས་ཅན་དྲན་ཙམ་གྱིས་ངེས་འབྱུང་དང་བྱང་སེམས་རྒྱུན་ལྡན་དུ་འཇུག་པའི་མྱོང་བ་ཐོན་ན་ཚོགས་ལམ་ཆུང་ངུར་འཇོག། དེ་ཡང་འཁོར་བའི་ཉེས་དམིགས་དང་ཐར་བའི་ཕན་ཡོན་མཐོང་བའི་དྲན་ཤེས་རེ་བསྟེན་ནས་སྣང་ཤས་ལ་བློ་འགྲོར་མི་སྟེར་བར་སྲིད་པའི་མཚང་བཅར་ཞིང༌། ཐར་པའི་ཕན་ཡོན་ལ་སེམས་འཛིན་པའི་དམིགས་རྣམ་གོམས་ནས་ངེས་འབྱུང་ལ་མྱོང་བ་མ་བཏོན་པར་སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན་གྱི་དགེ་རྩ་གང་གོམས་ཀྱང་ཐར་པའི་རྒྱུར་གཏན་ནས་མི་འགྲོ་བས་ཐར་འདོད་ཀྱིས་ཐོག་མར་གདམས་ངག་གང་ཟབ་ཟེར་བ་གཞན་ཐམས་ཅད་བཞག་ནས་ངེས་འབྱུང་ལ་རྟོག་བསྒོམ་བྱ་དགོས་ཞེས་གསུངས་པས་སོ།།

    དེ་ཡང་ལམ་གཙོ་ལས། 

རྣམ་དག་ངེས་འབྱུང་མེད་པར་སྲིད་མཚོ་ཡི།།

བདེ་འབྲས་དོན་གཉེར་ཞི་བའི་ཐབས་མེད་ལ།།

སྲིད་ལ་བརྐམ་པ་ཡིས་ཀྱང་ལུས་ཅན་རྣམས།།

ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙལ།།

དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ།།

ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལྡོག།

ལས་འབྲས་མི་བསླུ་འཁོར་བའི་སྡུག་བསྔལ་རྣམས།།

ཡང་ཡང་བསམ་ན་ཕྱི་མའི་སྣང་ཤས་ལྡོག།

དེ་ལྟར་གོམས་པས་འཁོར་བའི་ཕུན་ཚོགས་ལ།།

ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང༌།།

ཉིན་མཚན་ཀུན་ཏུ་ཐར་བ་དོན་གཉེར་བློ།།

བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས།།

ཞེས་པ་དང་འབྲེལ་ནས་ངེས་པ་ཨེ་འདྲོང་བལྟས་ན་ཤིན་ཏུ་ལེགས་ཀྱང་མང་བར་འགྱུར་བས། འདིར་ངེས་འབྱུང་གི་བསྐོར་དེ་ཙམ་ལས་མི་བཤད་དོ།། 

    ཡང་། ཐར་བར་བགྲོད་པའི་ལམ་ནི་བསླབ་པ་གསུམ་དུ་ངེས་ན། འདིར་ཅིའི་ཕྱིར་ངེས་འབྱུང་ཚུལ་ཁྲིམས་ལ་སློབ་པར་བྱེད་དགོས།། ཞེས་ཚུལ་ཁྲིམས་ཀྱི་བསླབ་པ་གཅིག་པུ་གསུངས་ནས་གཞན་གཉིས་མ་གསུངས་པ་ཡིན་ཞེ་ན། དེ་ཡང་ཡོན་ཏན་གཞིར་གྱུར་མ་དང་ལམ་རིམ་ཆེན་མོའི་གསུངས་ཚུལ་དང་བསྟུན་པ་ཡིན་ལ། དེ་གཉིས་ལས་ཅིའི་ཕྱིར་དེ་ལྟར་བསྟན་ཅེ་ན། སྤྱིར་འབྲིང་གི་ལམ་དངོས་གཞི་བསླབ་པ་གསུམ་ཡིན་ཀྱང་། ལམ་རིམ་ལས་གདུལ་བྱ་དེ་འབྲིང་གི་ལམ་དངོས་ལ་འཁྲིད་པ་མ་ཡིན་པས་འབྲིང་གི་ལམ་དངོས་བསྟན་པ་མིན་པར་འབྲིང་དང་ཐུན་མོང་བའི་ལམ་སྟོན་པ་ཤེས་པར་བྱ་བའི་ཕྱིར། འབྲིང་གི་སྐབས་ཚུལ་ཁྲིམས་ཀྱི་བསླབ་པ་བསྟན་ནས་གཞན་གཉིས་འོག་ཏུ་བསྟན་པ་ཡིན་ནོ།། 

    འོ་ན་འདིར་ཚུལ་ཁྲིམས་ཀྱི་བསླབ་པ་ཅིའི་བསྟན་ཅེ་ན། དེ་ཡང་ཚུལ་ཁྲིམས་ནི་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ཡིན་པས་དེ་ཅིས་ཀྱང་ཉམས་སུ་ལེན་དགོས་པ་ཤེས་པའི་ཆེད་ཡིན་ཞིང་། དེ་ལ་མི་ཤེས་པ་ལྟུང་བ་འབྱུང་བའི་སྒོ་ཡིན་པས། དེ་དགག་པའི་གཉེན་པོར་བསླབ་བྱ་ཕྲ་རགས་རྣམས་ཁོང་དུ་ཆུད་པར་བྱེད། བག་མེད་པ་ལྟུང་བ་འབྱུང་བའི་སྒོ་ཡིན་པས། དེའི་གཉེན་པོར་བླང་དོར་དྲན་ཅིང༌ཤེས་བཞིན་གྱིས་དཔྱད་ནས་ངོ་ཚ་ཁྲེལ་ཡོད་དང༌། རྣམ་སྨིན་ལ་འཇིགས་པར་བྱེད། མ་གུས་པ་ལྟུང་བ་འབྱུང་བའི་སྒོ་ཡིན་པས། དེའི་གཉེན་པོར་སྟོན་པ་དང་དེའི་བཅས་པ་དང༌། གྲོགས་དགེ་འདུན་ལ་ཡིད་ཆེས་ཀྱིས་གུས་པར་བྱེད། ཉོན་མོངས་བ་ལྟུང་བ་འབྱུང་བའི་སྒོ་ཡིན་པས། དེའི་གཉེན་པོར་ཉོན་མོངས་གང་ཆེ་བ་འབུར་འཇོམས་བྱེད་པ་ལ་བསླབ་ཅིང༌། ཁས་བླངས་པའི་བསླབ་པ་དང་འགལ་མ་འགལ་བརྟགས་ནས་འགལ་བ་རྣམས་ཕྱིར་བཅོས་དང༌། སྟོབས་བཞི་ལ་སོགས་པའི་སྒོ་ནས་བཤགས་སྡོམ་བྱེད་པ་ནི་འཕྲལ་ཡུན་ཐམས་ཅད་དུ་བདེ་ལེགས་ཀྱི་རྩ་བ་ཡིན་གསུངས་པས་དེ་ལ་འབད་པར་བྱའོ་ཞེས་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེས་གསུངས་སོ།།  

    དེ་ལྟར་ན་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་ཉམས་སུ་ལེན་དགོས་པར་གདམས་ཚུལ་ཡང་བཤད་ཟིན་ཏོ།།  

སྨྲས་པ།      

སྡུག་བསྔལ་མི་འདོད་བདེ་བ་འདོད་ན་ཡང་།།       

དེ་རྒྱུ་འཇུག་ལྡོག་ཚུལ་ལ་མི་མཁས་ན།།        

རེ་བ་ཇི་བཞིན་འགྲུབ་པ་མི་སྲིད་པས།།       

གསལ་བྱེད་དམ་པའི་ཆོས་ལ་སློབ་པ་གལ།།       

ཇི་ལྟར་རིན་ཆེན་རྙེད་ཀྱང་མ་ཤེས་པར།།    

དབུལ་བའི་སྡུག་བསྔལ་མྱོང་བ་ཇི་བཞིན་དུ།།    

དལ་འབྱོར་རྟེན་མཆོག་རྙེད་ཀྱང་མ་ཤེས་པར།།   

གཅེས་སྤྲས་མེད་པར་ཆུད་ཟོས་བྱས་འདིས་སྐྱོ།།   

དལ་འབྱོར་དོན་ཆེ་ཤེས་ཀྱང་འཇིག་སླ་བའི།།  

རང་བཞིན་མ་ཤེས་ཕྱི་བཤོལ་ལེ་ལོའི་ངང་།།  

མི་ཚེ་ཟད་འདིས་ཕུང་བས་མི་རྟག་ཚུལ།།   

ཤེས་ནས་མྱུར་དུ་ཆོས་ལ་གཞོལ་བར་ཤོག །    

འཆི་བར་ངེས་ཤིང་ནམ་འཆི་ཆ་མེད་ཚུལ།།    

ངེས་ཀྱང་ཤི་ན་མར་མེ་ཟད་པ་བཞིན།།   

མི་འགྱུར་སྐྱེ་དགོས་ཕྱི་མར་བདེ་སྡུག་ཚུལ།།  

ཤེས་ནས་ངན་འགྲོའི་ཚུལ་ལ་འཇིགས་པར་ཤོག །     

ཤི་ནས་ངན་འགྲོར་མི་སྐྱེའི་གདེང་མེད་ཅིང་།།   

དེ་ཡི་འཇིགས་སྐྱོབ་མཆོག་གསུམ་ཁོ་ན་རུ།།  

ངེས་ནས་སྐྱབས་འགྲོ་བསླབ་བྱ་དང་བཅས་པ།།  

སྲོག་དང་བསྡོས་ཏེ་ཉམས་སུ་ལོན་པར་ཤོག།   

བདེ་སྡུག་གང་བྱུང་དཀར་ནག་ལས་ཁོ་ནར།། 

ཐུག་པའི་ཆོས་ཉིད་ལེགས་པར་ངེས་རྙེད་ནས།།  

དགེ་སྡིག་སྤང་བླང་ཚུལ་བཞིན་བྱེད་ནུས་ཤིང་།།  

ངན་འགྲོའི་གནས་སུ་ནམ་ཡང་མི་ལྟུང་ཤོག ། 

རེ་ཞིག་མངོན་མཐོའི་རྟེན་བཟང་རྙེད་ན་ཡང་།།

འཁོར་བདེ་གང་ཡིན་མཐའ་མར་རྒུད་པ་ལས།།

མེད་ཅིང་གཡང་ཁར་ལྟད་མོར་ཆགས་པ་བཞིན།།

སྲིད་མཚོར་ཞེན་པ་བླུན་པོར་ངེས་རྙེད་ཤོག། 

ཁམས་གསུམ་འཁོར་བའི་ཉེས་དམིགས་ལེགས་མཐོང་ཞིང་།།

འགོག་བདེན་ཐར་བའི་ཡོན་ཏན་ལེགས་ཤེས་ནས།།

བསླབ་གསུམ་ཚུལ་བཞིན་ཉམས་སུ་བླངས་པའི་མཐུས།།

ཞི་བསིལ་མྱང་འདས་བདེ་བས་འཚོ་བར་ཤོག།

ཅེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

མཁོ་སྤྲོད་པ། བྱམས་པ་དོན་འགྲུབ།  གསར་འགོད་པ།  སྨྲ་ཁམས་མཁའ་འགྲོ་རྒྱལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 0wo3 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23501652
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།