ཆོས་སྒྲུབ་འདོད་ན་སྒྲུབ་ཚུལ་འདི་ལྟར་ཡིན་འདུག ༼༢ ༽
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »ཆོས་སྒྲུབ་འདོད་ན་སྒྲུབ་ཚུལ་འདི་ལྟར་ཡིན་འདུག ༼༢ ༽
ཆོས་སྒྲུབ་འདོད་ན་སྒྲུབ་ཚུལ་འདི་ལྟར་ཡིན་འདུག ༼༢ ༽
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2020-09-08ལྟ་ཀློག (2959)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

༄༅།། ཆོས་སྒྲུབ་འདོད་ན་སྒྲུབ་ཚུལ་འདི་ལྟར་ཡིན་འདུག ༼༢ ༽

བཛྲ་ཚུལ་ཁྲིམས་རྒྱ་མཚོས། 


  གཉིས་པ་འཇིག་རྟེན་ཕྱི་མར་ཇི་ལྟར་འགྱུར་བ་འགྲོ་བ་གཉིས་ཀྱི་བདེ་སྡུག་བསམ་ཚུལ་ནི། གོང་དུ་བཤད་པ་དེ་ལྟར་ངེས་པར་འཆི་ཞིང་ནམ་འཆི་ལའང་ངེས་པ་མེད། དེར་མ་ཟད་ཤི་བའི་འོག་ཏུ་ཡང་མར་མེའི་སྣུམ་ཟད་པ་ལྟར་གཏན་མེད་དུ་མི་འགྲོ་བར་ངེས་པར་སྐྱེ་བ་ཞིག་ལེན་དགོས་ལ། དེ་ལ་ཡང་བདེ་འགྲོ་ངན་འགྲོ་གཉིས་ལས་གཞན་དུ་སྐྱེ༌ས་མེད། དེ་གཉིས་ལས་གང་དུ་སྐྱེ་བ་ལའང་རང་དབང་ནི་གཏན་ནས་མེད་དེ། རང་ཅག་རྣམས་ནི་ལས་ཀྱི་གཞན་དབང་ཅན་འབའ་ཞིག་ཡིན་པའི་ཕྱིར་ན་ལས་དཀར་ནག་གིས་ཇི་ལྟར་འཕངས་པ་བཞིན་དུ་སྐྱེ་བར་འགྱུར་གྱི། ང་འདིར་སྐྱེ་རྒྱུ་ཡིན་ལ་དེར་སྐྱེ་རྒྱུ་མིན་ཟེར་ས་མེད་དོ།།

    གལ་ཏེ་ངན་སོང་དུ་སྐྱེ་བར་འགྱུར་བའི་ལས་བསགས་ཡོད་ལ། བདེ་འགྲོར་སྐྱེ་བའི་ལས་མ་བསགས་ན་ནི་ཇི་ལྟར་མི་འདོད་ཀྱང་ངེས་པར་ངན་འགྲོར་སྐྱེ་རྒྱུ་ཡིན་ནོ།། དེ་ལྟར་ན་བདག་ངན་སོང་དུ་སྐྱེས་ན་ཇི་འདྲ་བ་ཞིག་ཏུ་འགྱུར་སྙམ་དུ་ངན་འགྲོའི་སྡུག་བསྔལ་བསམ་དགོས་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས།  

རབ་ཏུ་ཚ་ཞིང་གྲང་བ་ཡི།།

དམྱལ་བ་ཉི་མ་གཅིག་བཞིན་དྲན།།

བཀྲེས་སྐོམ་དག་གིས་རིད་པ་ཡི།།

ཡི་དྭགས་དག་ཀྱང་དྲན་པར་བྱ།།

རྨོངས་པའི་སྡུག་བསྔལ་རབ་མང་བའི།།

བྱོལ་སོང་བལྟ་ཞིང་དྲན་པར་བྱ།།

དེའི་རྒྱུ་རྣམ་སྤང་བདེ་རྒྱུ་སྤྱད།།

ཐོབ་དཀའ་འཛམ་གླིང་མི་ཡི་ལུས།།

དེ་ཐོབ་དུས་སུ་ངན་སོང་རྒྱུ།།

རབ་ཏུ་བསྒྲིམས་ཏེ་གཅད་པར་བྱ།།

ཞེས་གསུངས་པའི་ཕྱིར་རོ།། དེས་ན་བསླབ་བྱ་ལས།

བཟོད་དཀའ་ཐར་མེད་ཀྱི་ངན་སོང་བསམས་ན།།

ཞེས་གསུངས་ཏེ། བཟོད་དཀའ་ཐར་མེད་ཀྱི་ངན་སོང་ཞེས་པས་འགྲོ་བ་གཉིས་ཀྱི་ནང་ནས་ངན་འགྲོའི་སྡུག་བསྔལ་བསམས་ཚུལ་དང་། དེ་ལ་ཡང་དམྱལ་བ་དང་། དུད་འགྲོ་དང་། ཡི་དྭགས་ཀྱི་སྡུག་བསྔལ་བསམས་ཚུལ་དང་། དེའི་དང་བོ་དམྱལ་བ་ལ་ཡང་ཚ་དམྱལ་བརྒྱད། ཉེ་འཁོར་བའི་དམྱལ་བ་དང་། གྲང་དམྱལ་བརྒྱད་དང་། ཉི་ཚེ་བའི་དམྱལ་བ་བཞི། དང་བོ་ཚ་དམྱལ་ལ་ཡང་སོས། བསྡུས་འཇོམས། ངུ་འབོད། ངུ་འབོད་ཆེན་པོ། ཚ་བ། རབ་ཚ། མནར་མེད་བརྒྱད། གཉིས་པ་གྲང་དམྱལ་ལ་ཡང་ཆུ་བུར་ཅན། ཆུ་བུར་རྡོལ་བ། སོ་ཐམ་པ། ཀྱི་ཧུད་ཟེར་བ། ཨ་ཆུ་ཟེར་བ། ཨུཏྤལ་ལྟར་གས་པ། པདྨ་ལྟར་གས་པ། པདྨ་ལྟར་ཆེར་གས་པ་བརྒྱད། དེ་དག་ཏུ་སྐྱེས་ན་སྡུག་བསྔལ་ཇི་འདྲ་ཡོད་པའམ་བཟོད་དཀའ་ཚུལ་ནི་ལམ་རིམ་ལས་རྒྱས་པར་གསུངས་པ་ལ་མཇལ་དགོས་གྱི། འདིར་བཤད་ན་ཡི་གེ་མང་བར་འགྱུར་མོད། འོན་ཀྱང་མདོ་ཙམ་བཤད་ན། བཤེས་སྤྲིངས་ལས་ཀྱང༌།  

སྡིག་ཅན་དབུགས་འབྱུང་འགག་པ་ཙམ་ཞིག་གི།།

དུས་ཀྱིས་བར་དུ་ཆོད་རྣམས་དམྱལ་བ་ཡི།།

སྡུག་བསྔལ་གཞལ་ཡས་ཐོས་ནས་རྣམ་མང་དུ།།

མི་འཇིགས་གང་ལགས་རྡོ་རྗེའི་རང་བཞིན་ནོ།།

དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང༌།།

དྲན་དང་བཀླགས་དང་གཟུགས་སུ་བགྱིས་རྣམས་ཀྱང༌།།

འཇིགས་པ་བསྐྱེད་པར་འགྱུར་ན་མི་བཟད་པའི།། 

རྣམ་སྨིན་ཉམས་སུ་མྱོང་རྣམས་སྨོས་ཅི་འཚལ།།

ཞེས་གསུངས་ལྟར་བསམས་དགོས་ལ། མདོར་ན་འཁོར་བའི་སྡུག་བསྔལ་གྱི་ནང་ན་ངན་འགྲོའི་སྡུག་བསྔལ་བཟོད་དཀའ་ལ། དེའི་ནང་ནས་ཀྱང་དམྱལ་བའི་སྡུག་བསྔལ་བཟོད་གླགས་མེད་དེ།  ཉིན་གཅིག་ལ་མདུང་རྣོན་སུམ་བརྒྱས་བར་མ་ཆད་དུ་བཏབ་པའི་སྡུག་བསྔལ་གྱིས། དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང་ཆ་ཙམ་དུ་ཡང་བསྒྲུན་དུ་མེད་པའི་ཕྱིར་རོ།། དམྱལ་བའི་ནང་ནས་ཀྱང་མནར་མེད་ཀྱི་སྡུག་བསྔལ་ཆེས་ཆེ་སྟེ། བཤེས་སྤྲིངས་ལས།  

བདེ་བ་ཀུན་གྱི་ནང་ན་སྲེད་ཟད་པ།།

བདེ་བའི་བདག་པོ་བགྱིད་པ་ཇི་ལྟ་བར།།

དེ་བཞིན་སྡུག་བསྔལ་ཀུན་གྱི་ནང་ན་ནི།།

མནར་མེད་དམྱལ་བའི་སྡུག་བསྔལ་རབ་མི་བཟད།།

འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །

རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ།།

དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང༌།།

འོལ་ཡང་མི་དབྱི་ཆར་ཡང་མི་ཕོད་དོ།།

ཞེས་ལམ་རིམ་དུ་དྲངས་ནས་གསུངས་པ་ལྟར་རོ།། དེ་ལྟ་བུའི་སྡུག་བསྔལ་དེ་ནི་ལྷ་མཐུ་བོ་ཆེ་ཞིག་གམ། བདུད་མ་རུང་བ་ཞིག་གམ། འཇིག་རྟེན་བཀོད་པ་བོ་ཞིག་གིས་བཀོད་སྒྲིག་བྱས་པ་མིན་ལ། རྒྱུ་དང་རྐྱེན་གང་ཡང་མེད་པར་གློ་བུར་དུ་གནམ་ནས་བབས་པ་དང་ས་ནས་བརྡོལ་བ་གང་ཡང་མིན་པར་རང་གི་སྒོ་གསུམ་གྱི་ཉེས་སྤྱོད་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པར་ཤེས་པར་བྱས་ལ། ཉེས་སྤྱོད་ཆུང་ངུས་ཀྱང་མ་གོས་པར་བྱ་བ་ལ་ནུས་ཤུགས་ཅི་ཡོད་བཏོན་ས་འབད་དགོས་ཏེ།

 བཤེས་སྤྲིངས་ལས།  

མི་དགེའི་འབྲས་འདི་རྣམས་ཀྱི་ས་བོན་ནི།།

ལུས་ངག་ཡིད་ཀྱི་ཉེས་སྤྱོད་ཁྱོད་ཀྱིས་ནི།།

ཅི་ནས་དེ་རྡུལ་ཙམ་ཡང་མ་མཆིས་པ།།

དེ་ལྟར་ཉིད་ཀྱི་རྩལ་གྱིས་འབད་པར་མཛོད།།

ཅེས་གསུངས་པ་ལྟར་ཡིན་པས་སོ།།

 

 གཉིས་པ་དུད་འགྲོའི་སྡུག་བསྔལ་བསམ་པ་ནི། དུད་འགྲོ་རྣམས་མཐུ་ཆེ་བས་ཆུང་བ་རྣམས་གསོད་པ་དང༌། ལྷ་མིའི་ཡོ་བྱད་དུ་གྱུར་ཏེ་རང་དབང་ཅུང་ཟད་ཀྱང་མེད་པར་གཞན་དབང་དུ་གྱུར་ཚུལ་དང་དེ་དག་གནས་གང་ཡིན་པ་སོགས་ནི་ལམ་རིམ་ལས་སའི་དངོས་གཞི་དང་མཛོད་འགྲེལ་ལྟར་བཤད་ཡོད་པས་དེར་བལྟ་བར་བྱ་ལ། བཤེས་སྤྲིངས་ལས་ཀྱང༌།  

དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང༌།། 

བཅིང་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པ།།

ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི།།

གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ།།

ཁ་ཅིག་མུ་ཏིག་བལ་དང་རུས་པ་དང༌།།

ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར།།

དབང་མེད་གཞན་དག་རྡོག་པ་ལག་པ་དང༌།།

ལྕག་དང་ལྕགས་ཀྱུ་གདབ་པས་བཏབ་སྟེ་བཀོལ།།

ཞེས་སོ།། དེའི་དོན་ཡང་ལམ་རིམ་ལས། དེ་ལ་ཚིགས་བཅད་དང་བོས་སྤྱི་དང༌། གཉིས་པས་ཁྱད་པར་གྱི་སྡུག་བསྔལ་བསྟན་ཏོ།། བརྡེག་སོགས་ཞེས་པའི་སོགས་ཀྱི་སྒྲས་ནི་བཀོལ་བ་དང་སྣ་དབུག་པ་སོགས་བསྡུས་ཏེ། དེ་ནི་མི་དང་མི་མ་ཡིན་པ་རྣམས་ཀྱིས་གསོད་པ་སོགས་བྱེད་པའི་དབང་དུ་མཛད་དོ།། གཅིག་ལ་གཅིག་ཟ་ཞེས་པ་ནི་དུད་འགྲོ་རིགས་མཐུན་གྱི་གནོད་པའི་དབང་དུ་མཛད་པ་སྟེ། ཞི་བར་འགྱུར་བའི་དགེ་བ་ནི་མྱང་འདས་འཐོབ་པའི་དགེ་བའོ།། དེ་སྤངས་པས་ནི་ཤིན་ཏུ་བླུན་ཞིང་ལམ་གྱི་སྣོད་དུ་མི་རུང་བར་བསྟན་ཏོ།། རྡོག་པས་བཏབ་སྟེ་བཀོལ་བ་ནས་གདབ་པས་བཏབ་སྟེ་བཀོལ་བ་ལྔ་ནི་རིམ་པ་བཞིན་དུ་རྟ་དང་མ་ཧེ་དང་བོང་བུ་དང་གླང་པོ་ཆེ་དང་གླང་ལ་སོགས་པའོ།། དེ་དག་ནི་བཤེས་སྤྲིངས་འགྲེལ་བ་ལས་འབྱུང་བ་ལྟར་ཡིན་ལ། གཞན་ཡང་མུན་པ་དང་ཆུར་སྐྱེས་ཤིང་དེ་དག་ཏུ་རྒས་ཏེ་འཆི་བ་དང་ཁུར་ལྕི་བས་ངལ་བ་དང་རྨོ་བ་དང་སྤུ་འདྲེག་པ་དང་བདའ་བ་དང་གསོད་ལུགས་ཀྱང་མི་འདྲ་བ་དུ་མས་ཉམ་ཐག་པར་བྱས་ཏེ། གསོད་པ་དང་བཀྲེས་སྐོམ་དང་ཉི་ལྷགས་ཀྱིས་གཟིར་བ་དང་རྔོན་པས་སྒོ་དུ་མ་ནས་གཙེ་བས་དེ་དག་ལ་དུས་ནམ་ཡང་འཇིགས་ཡེར་བས་སྡུག་བསྔལ་བའི་ཚུལ་རྣམས་བསམས་ཏེ་སྐྱོ་ཞིང་ཡིད་འབྱུང་བར་བྱའོ།། ཞེས་གསུངས་པ་ལྟར་རོ།།

 

   གསུམ་པ་ཡི་དྭགས་ཀྱི་སྡུག་བསྔལ་ནི། ལམ་རིམ་ཆེན་མོ་ལས། སེར་སྣ་ཤས་ཆེར་བསྟེན་པ་རྣམས་ཡི་དྭགས་སུ་སྐྱེས་ལ། དེ་དག་ཀྱང་བཀྲེས་ཤིང་སྐོམ་པ་དང་ལྡན་པ། པགས་པ་དང་ཤ་ཁྲག་ཀུན་བསྐམས་པ་སྡོང་དུམ་འཚིག་པ་ལྟ་བུ་གདོང་སྐྲས་ཁེབས་པ་ཁ་ཤིན་ཏུ་བསྐམས་ཤིང་ལྕེས་བལྡག་པའོ།། འདི་ལ་གསུམ་ལས། ཟས་སྐོམ་ལ་ཕྱིའི་སྒྲིབ་པ་ཡོད་པ་ནི། དེ་དག་ཆུ་མིག་དང་མཚོ་དང་མཚེའུ་རྣམས་སུ་རྒྱུ་བ་ན། དེར་སེམས་ཅན་རལ་གྲི་དང་མདུང་དང་མདུང་ཐུང་བཟུང་བ་དག་གིས་ཆུ་མིག་ལ་སོགས་པ་ལས་ཕྱིར་འགོག་པར་བྱེད་པ་དང༌། ཆུ་ཡང་རྣག་ཁྲག་ཏུ་མཐོང་ནས་འཐུང་བར་མི་འདོད་པའོ།། ཟས་སྐོམ་ལ་ནང་གི་སྒྲིབ་པ་ཡོད་པ་ནི། ཁ་ཁབ་མིག་ཙམ་ཡོད་པ་ལ་ཁ་འབར་བ་དང་ལྦ་བ་ཅན་དང་གསུས་པ་ཆེ་བ་སྟེ། གཞན་གྱིས་གེགས་མ་བྱས་པར་རང་གིས་ཟས་སྐོམ་རྙེད་དུ་ཟིན་ཀྱང་བཟའ་བཏུང་མི་ནུས་པའོ།། ཟས་སྐོམ་ལ་སྒྲིབ་པ་ཡོད་པ་ནི། མེ་ལྕེའི་ཕྲེང་བ་ཅན་ཞེས་བྱ་བས་ནི་ཟོས་པ་དང་འཐུངས་པ་ཐམས་ཅད་མེར་འབར་ནས་འཚིག་པར་འགྱུར་ལ། ལྗན་ལྗིན་ཟ་བ་ཞེས་བྱ་བས་ནི། བཤང་གཅི་ཟ་ཞིང་འཐུང་བ་མི་གཙང་ཞིང་མནམ་ལ་དྲི་ང་བ་དང་གནོད་པ་དང་སྨད་པར་བྱ་བ་ཙམ་ལ་བཟའ་བཏུང་བྱ་བར་ནུས་སོ།། ཁ་ཅིག་ནི་རང་གི་ཤ་ལས་བཅད་ཅིང་ཟ་ལ་གཙང་མ་དང་བཟང་བོའི་བཟའ་བཏུང་ལ་སྤྱོད་མི་ནུས་སོ།། གསུངས་པ་ལྟར་བསམས་པར་བྱ་ཞིང་། འདི་ཁུངས་བཙུན་ལ་ཁ་གསལ་ཞིང་རྒྱས་བསྡུས་ཀྱང་མཚམས་པས། བདག་གིས་ཚིག་ཉོག་གཞན་མ་བཤད་དོ།། ཡང་བཤེས་སྤྲིངས་ལས་ཀྱང༌།  

ཡི་དྭགས་ན་ཡང་འདོད་པས་ཕོངས་པ་ཡིས།།

བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་འཆོས་པ།།

བཀྲེས་སྐོམ་གྲང་དྲོ་ངལ་དང་འཇིགས་པ་ཡིས།།

བསྐྱེད་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ།།

ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ།།

ལྟོ་བ་རི་ཡི་གཏོས་ཙམ་བཀྲེས་པས་ཉེན།།

མི་གཙང་གྱི་ནར་བོར་བ་ཅུང་ཟད་ཀྱང༌།།

འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ།།

ཁ་ཅིག་པགས་རུས་ལུས་ཤིང་གཅེར་བུ་སྟེ།།

ཏ་ལ་ཡ་ཐོག་བསྐམས་པ་ལྟ་བུ་ལགས།།

ཁ་ཅིག་མཚན་ཞིང་ཁ་ནས་འབར་བ་སྟེ།།

ཟས་སུ་འབར་བའི་ཁར་བབས་བྱེད་པ་འཚལ།།

དམངས་རིགས་འགས་ནི་རྣག་དང་ཕྱི་ས་དང༌།།

ཁྲག་སོགས་མི་གཙང་བ་ཡང་མི་རྙེད་དེ།།

ཕན་ཚུན་གདོང་དུ་འཚོག་ཅིང་མགྲིན་པ་ནས།།

ལྦ་བ་བྱུང་བ་སྨིན་པའི་རྣག་ལ་འཚལ།།

ཡི་དྭགས་རྣམས་ལ་སོས་གའི་དུས་སུ་ནི།།

ཟླ་བའང་ཚ་ལ་དགུན་ནི་ཉི་མའང་གྲང༌།།

ལྗོན་ཤིང་འབྲས་བུ་མེད་འགྱུར་འདི་དག་གིས།།

བལྟས་པ་ཙམ་གྱིས་ཀླུང་ཡང་སྐེམས་པར་འགྱུར།།

ཞེས་གསུངས་པ་རྣམས་བློར་བཟུང་སྟེ་སྐྱོར་ན་ཡང་ལེགས་ལ། དེའི་དོན་ནི་ལམ་རིམ་ཆེན་མོ་ལས། དེ་ལ་ཚིགས་བཅད་དང་བོས་ནི་སྤྱི་དང་ལྷག་མ་རྣམས་ཀྱིས་ཁྱད་པར་གྱི་སྡུག་བསྔལ་བསྟན་ཏོ།། ངལ་བ་ནི་ཟས་ཀྱི་ཕྱིར་རྒྱུག་པའོ།། འཇིགས་པ་ནི་སྐྱེས་བུ་རལ་གྲི་དང་གཏུན་ཤིང་དང་ཞགས་པ་ཐོགས་པ་རྣམས་མཐོང་ནས་འཇིགས་པའོ།། གྱི་ནར་བོར་བ་ནི་ཅི་བདེར་བོར་བའོ།།མཚན་ཞིང་ནི་མཚན་མོའི་ཚེ་ཁ་ནས་མེ་འབར་བའོ།། འབར་བའི་ཁར་བབས་བྱེད་པ་ནི་ཟས་གང་ཁར་འབར་བར་བྱེད་པ་འཚལ་བ་སྟེ་ཟ་བའོ།། མིག་གདུག་པའི་དུག་གིས་བསྲེགས་པ་བཞིན་དུ་ཆུ་ཞིམ་པོ་བསིལ་བའི་ཀླུང་ཡང་སྐེམས་པར་འགྱུར་རོ།། ཁ་ཅིག་ལ་ནི། མེ་འབར་བ་འཁྲིགས་པའི་མདག་མས་གང་བར་སྣང་ལ། ཁ་ཅིག་ལ་ནི་རྣག་གི་ཀླུང་སྲིན་བུ་སྣ་ཚོགས་ཀྱིས་གང་བ་འབབ་པར་འགྲེལ་པ་ལས་བཤད་དོ།། ཞེས་གསུངས་པ་ལྟར་རོ།།

 

  གལ་ཏེ་ངན་འགྲོར་སྐྱེས་ནས་སྡུག་བསྔལ་ཇི་འདྲ་ཡོད་ཚུལ་ནི་གོང་དུ་བཤད་ཟིན་པ་དེ་ལྟར་ཡིན་ལ། དེ་ལྟར་བཤད་ཀྱང་བཟོད་དཀའ་མི་དཀའ་དེ་ཙམ་ཡིད་ལ་མི་འབབ་ན་ནི། ད་ལྟ་རང་ལ་རང་དབང་ཡོད་དུས་འདིར། དབྱར་ཤིན་ཏུ་ཚ་བའི་དུས་སུ་མེ་མུར་གྱི་ནང་དུ་རང་གི་ལག་པ་བཅུག་ནས་ཞག་གཅིག་གམ། དུས་ཚོད་གཅིག་གམ། སྐར་མ་གང་ངམ། སྐར་ཆ་གཅིག་ཙམ་བསྡད་ན་ཇི་འདྲ། དགུན་ཤིན་ཏུ་གྲང་བའི་དུས་སུ་འཁྱགས་སྦུབས་སུ་གོས་མེད་པར་གཅེར་བུར་ཉིན་གཅིག་གམ། དུས་ཚོད་གཅིག་གམ། སྐར་ཆ་གཅིག་ཙམ་གྱི་ཡུན་ལ་བསྡད་ན་ཨེ་བཟོད། དེ་ཙམ་ཡང་མི་བཟོད་ན་དམྱལ་བའི་ཚ་གྲང་གི་སྡུག་བསྔལ་ཇི་ལྟར་བཟོད་སྙམ་དུ་བསམ་དགོས།

    ཡང་ཉིན་ཞག་ཁ་ཤས་ལ་བཟའ་བཏུང་གང་ཡང་མེད་པར་སྡོད་པ་དང་། རྐང་ལག་ཅུང་ཙམ་བསྣད་པ་དང་ལུས་ལ་སྦྲང་བུ་སོགས་ཀྱིས་སོ་བཏབ་པ་ཙམ་ཡང་བཟོད་མི་ཐུབ་ན། ཡི་དྭགས་ཀྱི་བཀྲེས་སྐོམ་དང་གཅིག་གིས་གཅིག་གསོན་པོར་མིད་པའི་དུད་འགྲོའི་སྡུག་བསྔལ་སོགས་ནི་བཟོད་ག་ལ་ནུས། དེ་ལྟར་ད་ལྟའི་ཉམས་ལ་དཔགས་ནས་ཤིན་ཏུ་འཇིགས་ཤིང་སྐྲག་པའི་ཡིད་ཀྱི་འགྱུར་བ་མ་ཐོན་བར་དུ་བསམ་ན་ཡིད་ལ་འབབ་རྒྱུ་ཞིག་ཡོད་ཐག་ཆོད་ཡིན་པ་ནི་ཀུན་དགའ་བོའི་ཚ་བོ་གཉིས་ཀྱི་བྱུང་བས་ཀྱང་ཤེས་ནུས་པའི་ཕྱིར། དེ་ཡང་ལུང་གཞི་ལས། ཀུན་དགའ་བོའི་སྲིང་མོའི་བུ་གཉིས་རབ་ཏུ་བྱུང་ནས་ཀློག་ཏུ་བཅུག་པ་དང་དེ་ཞག་ཉུང་ཤས་ཤིག་བཀླགས་ནས་ལེ་ལོས་མི་ཀློག་པ་དང༌། མོའུ་འགལ་གྱི་བུ་ལ་གཏད་པས་སྔར་བཞིན་དུ་བྱེད་པ་ན། ཀུན་དགའ་བོས་འདི་གཉིས་ཡིད་འབྱུང་བར་གྱིས་ཤིག་ཅེས་བྱས་པས། མོའུ་འགལ་གྱི་བུས་ཉིན་མོ་སྤྱོད་དུ་འགྲོ་བའི་སར་ཁྲིད་ནས་སེམས་ཅན་དམྱལ་བ་སྤྲུལ་ཏེ་གཅོད་པ་དང་གཤེག་པ་ལ་སོགས་པའི་སྒྲ་ཐོས་ནས་བལྟར་ཕྱིན་པ་དང༌། གཅོད་པ་སོགས་ཀྱི་སྡུག་བསྔལ་མཐོང་ཞིང་དེ་ན་ལྕགས་ཟངས་ཆེན་པོ་གཉིས་ཁོལ་བ་སྣང་ནས་འདིར་སུ་ཡང་མི་འཇུག་གམ་ཞེས་སྨྲས་པ་དང༌། ཀུན་དགའ་བོའི་ཚ་བོ་གཉིས་རབ་ཏུ་བྱུང་ནས་ལེ་ལོས་དུས་འདའ་བར་བྱེད་པ་ཤི་ནས་འདིར་སྐྱེའོ་ཞེས་སྨྲས་པ་དང༌། དེ་གཉིས་ཤིན་ཏུ་སྐྲག་ནས་གལ་ཏེ་ཤེས་ན་ད་ལྟ་ཉིད་དུ་འཇུག་གོ་སྙམ་ནས་མོའུ་འགལ་གྱི་བུའི་སར་ཕྱིན་པ་དང་ཇི་ལྟར་གྱུར་པ་རྣམས་བསྙད་དོ།། དེ་ནས་མོའུ་འགལ་གྱི་བུས། དགེ་ཚུལ་གཉིས་ཉེས་དམིགས་འདི་དག་དང་གཞན་ཡང་ལེ་ལོ་ལས་འབྱུང་བས་བརྩོན་འགྲུས་རྩོམས་ཤིག། ཅེས་གསུངས་པས། དེ་གཉིས་བརྩོན་འགྲུས་རྩོམ་ཞིང་ཟས་མ་ཟོས་པའི་གོང་དུ་དམྱལ་བ་དྲན་ན་ནི་ཟ་བར་མི་བྱེད་ལ། ཟས་ཟོས་ཟིན་པའི་འོག་ཏུ་དྲན་ན་ནི་སྐྱུག་པར་བྱེད་དོ།། ཞེས་གསུངས་པ་ལྟར་རོ།།

    གལ་ཏེ་ངན་འགྲོའི་སྡུག་བསྔལ་བསམས་ནས་དེ་ལ་ཇི་ཙམ་འཇིགས་ཀྱང་བཟློག་ཐབས་གཏན་མེད་ན་ནི་བསྒོམས་མ་བསྒོམས་མེད་ཀྱང་དེ་ལྟ་མིན་པའང་ལུང་དེའི་འཕྲོར། ཡང་ཉིན་མོ་སྤྱོད་པའི་གནས་གཞན་ཞིག་ཏུ་ཁྲིད་ནས་ཕྱོགས་གཅིག་ཏུ་ལྷ་དག་སྤྲུལ་བའི་པི་ཝང་ལ་སོགས་པའི་སྒྲ་ཐོས་ནས་བལྟར་ཕྱིན་པ་དང་ལྷའི་བུ་མེད་པའི་གཞལ་མེད་ཁང་ལྷའི་བུ་མོས་གང་བ་མཐོང་ནས། ལྷའི་བུ་མི་འདུག་པའི་རྒྱུ་མཚན་དྲིས་པ་དང༌། ཀུན་དགའ་བོའི་ཚ་བོ་གཉིས་རབ་ཏུ་བྱུང་ནས་བརྩོན་འགྲུས་རྩོམ་པས་དེ་གཉིས་ཤི་ནས་འདིར་སྐྱེའོ་ཞེས་སྨྲས་པ་དང་། དེ་གཉིས་དགའ་ནས་མོའུ་འགལ་གྱི་བུ་ལ་སྨྲས་པ་དང་དགེ་ཚུལ་གཉིས་ཕན་ཡོན་འདི་དག་དང་གཞན་ཡང་བརྩོན་འགྲུས་བརྩམས་པ་ལས་འབྱུང་བས་བརྩོན་འགྲུས་རྩོམས་ཤིག། ཅེས་གསུངས་པས། བརྩོན་འགྲུས་རྩོམ་པས། ལུང་ནོད་པ་ན་ཡང་དག་པར་ལྡན་པའི་ལུང་ལས་འབྱུང་བ་བདེ་འགྲོ་ནས་ངན་འགྲོར་སྐྱེ་བ་སྔར་དྲངས་པ་ལྟར་གསུངས་པ་ན། འཕགས་པ། བདག་ཅག་གིས་ཡང་ལྷ་མིའི་ནང་ནས་ཤི་འཕོས་ཏེ་ངན་སོང་གསུམ་དུ་སྐྱེ་དགོས་སམ། བཞིན་བཟང་གཉིས། འགྲོ་བ་ལྔའི་འཁོར་བར་ཇི་སྲིད་ཉོན་མོངས་པ་རྣམས་རྒྱུན་མ༌ཆད་པ་དེ་སྲིད་དུ་ཟོ་ཆུན་བརྒྱུད་མོའི་ཚུལ་གྱིས་འཁོར་བར་བྱ་དགོས་སོ།། དེ་གཉིས་ཡིད་བྱུང་ནས་སླན་ཆད་ཉོན་མོངས་སྤྱོད་པར་མི་འགྱུར་བ་དེ་ལྟར་ཆོས་བཤད་དུ་གསོལ་ཞེས་ཞུས་པས། མོའུ་འགལ་གྱི་བུས་ཆོས་བསྟན་ནས་དགྲ་བཅོམ་པ་ཐོབ་པར་གསུངས་སོ།། དེས་ན་ལེ་ལོ་འགོག་ཅིང་ལམ་སྒྲུབ་པའི་བརྩོན་འགྲུས་བསྐྱེད་པ་དང་ཡིད་ཐར་བ་ལ་བསྐུལ་ཞིང༌། དེ་འཐོབ་པའི་རྒྱུའི་རྩ་བ་ནི་སྡུག་བསྔལ་བསྒོམ་པ་བསྔགས་པ་ཡིན་པས་དེའི་མན་ངག་ལ། སྟོན་པ་ཞལ་བཞུགས་པ་ན༌ཡང་དེ་ལས་ལྷག་པ་གསུང་རྒྱུ་མེད་པ་ཡིན་ནོ།། ཞེས་ལམ་རིམ་དུ་གསུངས་པ་ལྟར་འབད་ན་འབད་པ་དོན་མེད་དུ་མི་འགྱུར་བའི་ཕྱིར།

 

  དེ་ལྟར་བཟོད་དཀའ་བའི་ངན་སོང་དུ་ལྷུང་ན་སླར་ཡང་ཐར་བའི་གོ་སྐབས་ཤིག་གཏན་ནས་མེད་པ་ཡིན་ནམ། གལ་ཏེ་དེ་ལྟར་མིན་ན་བཟོད་དཀའ་ཐར་མེད་ཀྱི་ངན་སོང་བསམས་ན་ཞེས་ཐར་མེད་ཅེས་པ་ཅིའི་ཕྱིར་སྦྱར་བ་ཡིན་ཞེ་ན། ཐར་རྒྱུ་ཞིག་གཏན་ནས་མེད་པ་མིན་ཡང་། ཡུན་ཤིན་ཏུ་རིང་བས་ཐར་རྒྱུ་མེད་པ་ལྟ་བུར་འདུག་པས་དེ་ལྟར་གསུངས་པ་ཡིན་ནོ།།

འོ་ན་ཡུན་རིང་ཚུལ་ཇི་ལྟར་ཡིན་ཞེ་ན། དང་བོ་དམྱལ་བ་བའི་ཚེ་ཚད་ལ་མཚོན་ན་བསམ་ཡུལ་ལས་འདས་པ་ཞིག་སྟེ། ལམ་རིམ་ཆེན་མོ་ལས། དེ་ཡང་མི་རྣམས་ཀྱི་ལོ་ལྔ་བཅུ་ལ་རྒྱལ་ཆེན་རིགས་བཞི་བའི་ཞག་གཅིག། དེ་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོར་བྱས་པའི་ལོ་ལྔ་བརྒྱ་ནི་རྒྱལ་ཆེན་རིགས་བཞི་བའི་ཚེ་ཚད་ཡིན་ལ། དེ་ཐམས་ཅད་ལ་ཞག་གཅིག་དང་དེ་སུམ་ཅུ་ལ་ཟླ་བ་དང་དེ་བཅུ་གཉིས་ལ་ལོར་བྱས་པའི་ལོ་ལྔ་བརྒྱ་ནི་དམྱལ་བ་ཡང་སོས་པའི་ཚེ་ཚད་དོ།། དེ་བཞིན་དུ་མི་ལོ་བརྒྱ་དང་ཉིས་བརྒྱ་དང་བཞི་བརྒྱ་དང་བརྒྱད་བརྒྱ་དང་སྟོང་དྲུག་བརྒྱ་ནི་སུམ་ཅུ་རྩ་གསུམ་པ་ནས་གཞན་འཕྲུལ་དབང་བྱེད་པའི་བར་རྣམས་ཀྱི་རིམ་པ་བཞིན་དུ་ཞག་གཅིག་ཡིན་ལ། ཚེའི་ཚད་ནི་ལྷའི་ལོ་སྟོང་དང་ཉིས་སྟོང་དང་བཞི་སྟོང་དང་བརྒྱད་སྟོང་དང་ཁྲི་དྲུག་སྟོང་ཐུབ་བོ།། དེ་དག་ནི་རིམ་པ་ལྟར་ཐིག་ནག་ནས་ཚ་བའི་བར་གྱི་ཞག་རེ་རེར་བྱས་པའི་རང་ལོ་སྟོང་ནས་ཁྲི་དྲུག་སྟོང་གི་བར་ཐུབ་སྟེ།

 མཛོད་ལས།  

མི་རྣམས་ཀྱི་ལོ་ལྔ་བཅུ་ལ།།

འདོད་པ་དག་གི་ལྷ་རྣམས་ལས།།

འོག་མ་རྣམས་ཀྱི་ཉིན་ཞག་གཅིག།

གོང་མ་གཉིས་ཀ་ཉིས་འགྱུར་རོ།།

ཞེས་དང༌། 

ཡང་སོས་ལ་སོགས་དྲུག་རིམ་བཞིན།།

འདོད་ལྷའི་ཚེ་དང་ཉིན་ཞག་མཉམ།།

དེས་ན་དེ་དག་རྣམས་ཀྱི་ཚེ།།

འདོད་པའི་ལྷ་དང་འདྲ་བ་ཡིན།།

རབ་ཏུ་ཚ་ཕྱེད་མནར་མེད་ནི།།

བར་གྱི་བསྐལ་བའོ། །

ཞེས་གསུངས་པ་ལྟར་ཡིན་པས་སོ།།

    སྤྱིའི་དབང་དུ་བྱས་ན་ཚེ་ཚད་དེ་ལྟར་ཡིན་ཡང་། བྱེ་བྲག་གི་དབང་དུ་བྱས་ན་དེར་ངེས་པ་མ་ཡིན་ཏེ། སྡུག་བསྔལ་དེ་རྣམས་མྱོང་བའི་ལས་ཀྱི་ནུས་པ་མ་ཟད་པ་དེ་སྲིད་དུ་མྱོང་དགོས་པའི་ཕྱིར་ཏེ། བཤེས་སྤྲིངས་ལས། 

དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་བཟད་ལོ།།

བྱེ་བ་ཕྲག་བརྒྱར་ཉམས་སུ་མྱོང་ཡང་ནི།།

ཇི་སྲིད་མི་དགེ་དེ་ཟད་མ་གྱུར་བ།།

དེ་སྲིད་སྲོག་དང་འབྲལ་བར་མི་འགྱུར་རོ།།

ཞེས་གསུངས་པའི་ཕྱིར།

    གཉིས་པ་དུད་འགྲོའི་ཚེའི་ཚད་ནི། མཛོད་ལས།  དུད་འགྲོ་རྣམས།། མཆོག་རིང་བསྐལ་བའོ།། ཞེས་ཚེ་རིང་བ་རྣམས་ཀྱིས་བསྐལ་བ་ཙམ་ཐུབ་ཅིང་ཐུང་བ་ལ་ངེས་པ་མེད་པར་བཤད་དོ།།

    གསུམ་པ་ཡི་དྭགས་ཀྱི་ཚེའི་ཚད་ནི། སའི་དངོས་གཞི་དང་མཛོད་ལས། མི་རྣམས་ཀྱི་ཟླ་བ་གཅིག་ལ་ཡི་དྭགས་ཀྱི་ཞག་གཅིག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་ཐུབ་པར་གསུངས་ལ། བཤེས་སྤྲིངས་ལས་ནི། 

བར་ཆད་མེད་པར་སྡུག་བསྔལ་བསྟེན་གྱུར་པ།།

ཉེས་པར་སྤྱད་པའི་ལས་ཀྱི་ཞགས་པ་ནི།།

སྲ་བས་བཅིངས་པའི་ལུས་ཅན་ཁ་ཅིག་ལོ།།

ལྔ་སྟོང་དག་དང་ཁྲིར་ཡང་འཆིར་མི་འགྱུར།།

ཞེས་གསུངས་ཏེ། ཡི་དྭགས་ཁ་ཅིག་གི་ཚེ་ཚད་ལྔ་སྟོང་དང༌། ཁ་ཅིག་གི་ཚེ་ཚད་ཁྲི་ཡིན་པར་འགྲེལ་བར་བཤད་དོ།། ཞེས་ལམ་རིམ་ཆེན་མོར་གསུངས་པ་ལྟར་ཡིན་ནོ།།

    བདེ་ཞིང་སྐྱིད་ན་དུས་ཚོད་དེ་ཤིན་ཏུ་ཐུང་སྣང་སྐྱེ་ཡང་། ཆེས་སྡུག་བསྔལ་བར་གྱུར་བ་ལ་ནི་དུས་ཡུན་ཐུང་ཐུང་ཞིག་ཀྱང་ཤིན་ཏུ་རིང་སྣང་སྐྱེས་པ་རང་ཅག་ལ་མངོན་སུམ་ཡིན་པས་སོ།། དེས་ན་ཚེ་ཚད་དེ་དག་སེམས་ལ་བབས་ན། བཟོད་དཀའ་ཐར་མེད་ཅེས་པ་ཅུང་ཟད་ཀྱང་ཐལ་བའི་སྣང་བ་མི་སྐྱེའོ།།

སྡུག་བསྔལ་ལས་སྐྱོབ་ནུས་པ་དཀོན་མཆོག་གསུམ་ཁོ་ནར་བསྟན་པ།

    དེ་ཡང་སྣེའུ་ཟུར་པའི་ཞལ་ནས། དེ་དག་ཏུ་སྐྱེ་བའི་རྒྱུ་སྔར་བྱས་སམ་མ་བྱས། ད་ལྟ་བྱེད་དམ་མི་བྱེད། ཕྱི་མ་བྱ་སྙམ་འདུག་གམ་མི་འདུག་བརྟགས་ལ། སྔར་བྱས་སམ་ད་ལྟ་བྱེད་དམ་ཕྱི་མ་བྱ་སྙམ་འདུག་ན་དེར་འགྲོ་བ་ཡིན་པས། དེར་སྐྱེས་ན་དེ་ཙ་ན་ང་ཅི་ཙུག་བྱེད་ངས་ནུས་སམ་སྙམ་དུ་ཀླད་པ་ཚ་ཀམ་ཀམ་པའམ། ཐང་ལ་འདུག་པ་ཀོག་ཀོག་ལྡང་ཡིན་པ་ཚུགས་ཐབས་ཡེ་མེད་པ་བསམས་ལ་འཇིགས་ཤིང་སྐྲག་པའི་བློ་ཅི་སྐྱེ་བྱ་ཞེས་གསུངས་པ་ལྟར། ངན་སོང་དུ་སྐྱེ་བར་འགྱུར་བའི་རྒྱུ་སྔར་རང་གིས་བྱས་མ་བྱས། ད་ལྟར་བྱེད་ཀྱིན་ཡོད་དམ་མེད། ཕྱི་མར་ད་དུང་བྱ་རྒྱུ་རེད་དམ་མ་རེད་སྙམ་དུ་རང་གིས་རང་ལ་བརྟགས་ན་ཤེས་ནུས་ཤིང་། གལ་ཏེ་དེ་དག་ཏུ་སྐྱེ་བར་འགྱུར་བའི་ལས་སྔར་རང་གིས་བྱས་སམ་ད་ལྟ་བྱེད་དམ་རྗེས་སུ་བྱ་བར་འདུག་ན་ངེས་པར་སྐྱེ་བར་འགྱུར་བ་ཡིན་ཏེ། འབྲས་བུ་ཇི་འདྲ་འབྱུང་བ་རྒྱུ་ལ་ལྟོས་པ་གང་ཞིག རྒྱུ་གང་ཡིན་མ་ཚང་བ་མེད་པར་བསྒྲུབས་ཟིན་ན་ནི་འབྲས་བུ་འབྱུང་བ་འགོག་མི་ནུས་པའི་ཕྱིར་རོ།།

    གལ་ཏེ་དམྱལ་བར་སྐྱེས་ན་ཚ་གྲང་སོགས་ཀྱི་སྡུག་བསྔལ་དང་། དུད་འགྲོར་སྐྱེས་ན་གླེན་ལྐུག་དང་གསོད་གཅོད་དང་གཅིག་ལ་གཅིག་ཟ་བའི་སྡུག་བསྔལ་སོགས་དང་། ཡི་དྭགས་སུ་སྐྱེས་ན་བཀྲེས་སྐོམ་སོགས་ཀྱི་སྡུག་བསྔལ་བཟོད་དཀའ་ཚུལ་རྣམས་ཡང་ཡང་བསམ་དགོས་ཤིང་། དེ་ལྟར་བསམས་ན་འཇིགས་ཤིང་སྐྲག་པས་བཟའ་བཏུང་ལ་སྤྱད་ན་བྲོ་བ་མེད་པ། ཉལ་ན་གཉིད་མི་འོང་བ། བསྡད་ན་སྡོད་མི་ཚུགས་པ་ཞིག་འོང་ངེས་མོད། དེ་ཙམ་དུ་ལུས་ན་ཕན་པ་ཅི་ཡང་མེད་པས་དེ་ཙམ་ནི་ངན་འགྲོའི་སྡུག་བསྔལ་བསྒོམས་པའི་དམིགས་ཡུལ་མཐར་ཐུག་མིན་ནོ།། འོ་ན་ཅིའི་ཕྱིར་བསྒོམ་ཞེ་ན། དེ་ལ་གནད་དུ་བསྣུན་པའི་ངེས་པ་འདྲོངས་ན། ད་ལྟ་རྟེན་བཟང་བས་དེ་ལྟར་བསྒོམས་པའི་མཐུ་ལ་བརྟེན་ནས་སྔར་བསགས་ཀྱི་ལས་ངན་རྣམས་སྦྱོང་ནུས་པ་དང༌། ཕྱི་མར་ལས་ངན་པ་ལ་འཇུག་པ་ཉུང་དུ་འགྲོ་ཞིང་དགེ་བ་སྔར་བསགས་རྣམས་འདུན་པ་དྲག་པོའི་སྨོན་ལམ་གྱིས་ཁ་བསྒྱུར་ནུས་པས་མང་པོར་སྤེལ་ནུས་པ་དང༌། གསར་དུ་འཇུག་པའི་སྒོ་དུ་མ་ཞིག་ལ་ཞུགས་པས་ཆོག་པས་ཉི་མ་རེ་རེ་ལ་ཡང་དལ་བ་དོན་ལྡན་དུ་བྱར་ཡོད་ལ། ད་ལྟ་དེ་རྣམས་མ་བསམས་ན་ངན་འགྲོར་ལྷུང་བའི་ཚེ་འཇིགས་པ་དེ་དག་ལས་སྐྱོབ་པའི་སྐྱབས་བཙལ་ཡང་མི་རྙེད་ཅིང༌། དེའི་ཚེ་བྱ་བ་དང་བྱ་བ་མ་ཡིན་པའི་འདོར་ལེན་ལ་བློའི་མཐུ་མེད་པའི་ཕྱིར་ཞེས་ལམ་རིམ་ཆེན་མོར་གསུངས་པ་ལྟར་དང་། སྤྱོད་འཇུག་ལས་ཀྱང་།  

གང་ཚེ་དགེ་སྤྱད་སྐལ་ལྡན་ཡང༌།།

དགེ་བ་བདག་གིས་མ་བྱས་ན།།

ངན་སོང་སྡུག་བསྔལ་ཀུན་རྨོངས་པ།།

དེ་ཚེ་བདག་གིས་ཅི་བྱར་ཡོད།།

ཅེས་གསུངས་པ་ལྟར་ཡིན་པས་སོ།།

    དེས་ན་དེ་ལས་སྐྱོབ་ནུས་པ་ཞིག་ངེས་པར་འཚོལ་དགོས་ལ། དེར་མ་ཟད་མྱུར་དུ་འཚོལ་དགོས་ཏེ། ཚེ་སྲོག་འདི་མི་རྟག་ཅིང་འཇིག་སླ་ཚུལ་ཡང་གོང་བཤད་ཟིན་པ་ལྟར་ཡིན་པའི་ཕྱིར། དེའི་ཕྱིར་ད་ལྟ་ནས་འཚོལ་དགོས་སོ་ཞེས་གདམས་པ་ལ། བསླབ་བྱ་ལས།

སྐྱབས་ཤིག་དེ་རིང་རང་མི་བཙལ་ཐབས་མེད།།

ཅེས་པ་འདི་བྱུང་ཞིང་། ཚིག་འདིས་ནི་བསྟན་པ་ལ་འཇུག་པའི་སྒོ་སྐྱབས་འགྲོ་ལ་བློ་སྦྱང་ཚུལ་གྱི་སྐོར་རྣམས་བསྡུས་པ་ཡིན་ནོ།།

    དེ་ཡང་ལམ་རིམ་ཆེན་མོར། ཆུང་ངུའི་བསམ་པ་སྦྱང་བ་དངོས་ཞེས་པ་དེ་ལ་བསམ་པ་དེ་ལ་འཇིག་རྟེན་ཕྱི་མ་དོན་གཉིར་གྱི་བློ་བསྐྱེད་པ་དང་། འཇིག་རྟེན་ཕྱི་མར་བདེ་བའི་ཐབས་བསྟེན་པ་གཉིས་མཛད་ཅིང་། གཉིས་པ་འཇིག་རྟེན་ཕྱི་མར་བདེ་བའི་ཐབས་བསྟེན་པ་དེ་ལ་ཡང་བསྟན་པ་ལ་འཇུག་པའི་སྒོ་དམ་པ་སྐྱབས་འགྲོ་སྦྱང་བ་དང་བདེ་ལེགས་ཐམས་ཅད་ཀྱི་རྩ་བ་ཡིད་ཆེས་ཀྱི་དད་པ་བསྐྱེད་པ་གཉིས་སུ་བྱས་པ་ལས་འདིར་ནི་དང་བོ་སྐྱབས་འགྲོ་ལ་བློ་སྦྱང་ཚུལ་བསྟན་པ་ཡིན་ནོ།།

 

དེ་ལྟར་ངན་སོང་གསུམ་གྱི་སྡུག་བསྔལ་བཟོད་དུ་མེད་པ་ཡང་སེམས་ལ་བབས། དེ་ལས་སྐྱོབ་པའི་སྐྱབས་ཤིག་མྱུར་དུ་འཚོལ་དགོས་པ་ཡང་སེམས་ལ་བབས་ཀྱང་། སྐྱབས་གང་ཡིན་ངོས་མ་ཟིན་ན་སྐྱབས་རེད་སྙམ་པ་ཞིག་བཙལ་དུ་ཟིན་ན་ཡང་སྐྱོབ་མི་ནུས་པས་སྐྱབས་དང་སྐྱབས་མ་ཡིན་པའི་ཁྱད་པར་ཤེས་ནས་སྐྱོབ་ནུས་པ་ཞིག་ལ་སྐྱབས་སུ་འགྲོ་དགོས་སོ།།

    འོ་ན་གང་ལ་སྐྱབས་སུ་སོང་ན་སྐྱོབ་ནུས་པ་ཡིན་ཞེ་ན། དེ་ཡང་དཔེར་ན་བཀྲེས་སྐོམ་གྱིས་ཉེན་པ་ན་བཟའ་བཏུང་ལ་སྐྱབས་སུ་སོང་བས་ལྟོགས་སྐོམ་གྱི་སྡུག་བསྔལ་ཙམ་རེ་ཞིག་སེལ་ནུས་ཀྱང་སྡུག་བསྔལ་གཞན་ཡོད་པ་གཏན་ནས་སེལ་མི་ནུས་པར་མ་ཟད། འཆི་བའི་ཚེ་ལྟོགས་པ་ལས་སྐྱོབ་པ་ཙམ་ཡང་མི་ནུས་ཏེ། 

ལོ་བརྒྱ་ཐུབ་པའི་ཟས་ཡོད་ཀྱང་།།

འཆི་བའི་ནངས་མོར་ལྟོགས་པར་འགྲོ།།

ཞེས་གསུངས་པ་ལྟར་རོ།།

    འོ་ན་རྒྱུ་ནོར་ལོངས་སྤྱོད་ལ་སྡུག་བསྔལ་སེལ་བའི་ནུས་པ་ཡོད་དམ་ཞེ་ན། མེད་དེ། དབུལ་བའི་སྡུག་བསྔལ་ཙམ་རྒྱུ་ནོར་ལོངས་སྤྱོད་ཀྱིས་རེ་ཞིག་སེལ་ནུས་ཀྱང་སྡུག་བསྔལ་གཞན་གཏན་ནས་སེལ་མི་ནུས་པ་མངོན་སུམ་ཡིན་པར་མ་ཟད། འཆི་བའི་ཚེ་དེས་ཅུང་ཟད་ཀྱང་ཕན་མི་ཐོགས་ཏེ། 

རི་ལུང་བ་གསེར་གྱིས་བཀང་ན་ཡང་།།

རང་འཆི་དུས་རྡུལ་ཙམ་འཁྱེར་དབང་མེད།།

ཅེས་དང་། 

ལོ་བརྒྱ་ཐུབ་པའི་གོས་ཡོད་ཀྱང་།།

འཆི་བའི་ནངས་མོར་གཅེར་བར་འགྲོ།།

ཞེས་གསུངས་པ་ལྟར་རོ།།

འོ་ན་ཐོབ་གོ་ས་དབང་མངའ་ཐང་གིས་སྐྱོབ་ནུས་སམ་ཞེ་ན། གཏན་མི་ནུས་ཏེ། མཐོ་བ་འཁོར་བསྒྱུར་དུ་གྱུར་ཀྱང་སྡུག་བསྔལ་ལས་གྲོལ་བ་ལ་ཕན་མི་ཐོགས་ན་གཞན་ལྟ་ཅི་སྨོས་པའི་ཕྱིར་ཏེ། 

བཤེས་སྤྲིངས་ལས།  

བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི།།

ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྟུང༌།།

འཁོར་ལོས་བསྒྱུར་བ་ཉིད་དུ་གྱུར་ནས་ཀྱང༌།།

འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར།།

མཐོ་རིས་བུ་མོའི་ནུ་མ་རྐེད་པ་ལ།།

རེག་པས་བདེ་བ་ཡུན་རིང་མྱོང་ནས་སླར།།

དམྱལ་བར་འཐག་གཅོད་དབྲད་པའི་འཁྲུལ་འཁོར་གྱི།།

རེག་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ།།

རྐང་བའི་རེག་པས་ནེམས་པར་བདེ་བཟོད་པ།།

ལྷུན་པོའི་སྤོ་ལ་ཡུན་རིང་གནས་ནས་ནི།།

སླར་ཡང་མེ་མུར་རོ་མྱགས་རྒྱུ་བ་ཡིས།།

སྡུག་བསྔལ་མི་བཟོད་ཕོག་སྙམ་བགྱིད་འཚལ་ལོ།།

མཐོ་རིས་བུ་མོས་འབྲོངས་ཤིང་དགའ་བ་དང༌།།

རྣམ་པར་མཛེས་ཚལ་སོན་པར་བརྩེས་ནས་སླར།།

འདབ་མ་རལ་གྲི་འདྲ་ཚལ་གནས་རྣམས་ཀྱིས།།

རྐང་ལག་རྣ་བ་སྣ་གཅོད་འཐོབ་པར་འགྱུར།།

དལ་གྱིས་འབབ་པར་ལྷ་ཡི་བུ་མོ་ནི།།

གདོང་མཛེས་གསེར་གྱི་པདྨ་ལྡན་ཞུགས་ནས།།

སླར་ཡང་དམྱལ་བའི་ཆུ་བོ་རབ་མེད་པ།།

ཚ་རྒོས་བཟོད་གླགས་ཆུ་ཚན་འཇུག་འཚལ་ལོ།།

ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང་།།

ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར།།

མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡིས།།

སྡུག་བསྔལ་རྒྱུན་མི་འཆད་པ་བསྟེན་འཚལ་ལོ།།

ཉི་མ་ཟླ་བ་ཉིད་ཐོབ་རང་ལུས་ཀྱི།།

འོད་ཀྱིས་འཇིག་རྟེན་མཐའ་དག་སྣང་བྱས་ཏེ།།

སླར་ཡང་མུན་གནག་སྨག་ཏུ་ཕྱིན་གྱུར་ནས།།

རང་གི་ལག་པ་བརྐྱངས་པའང་མི་མཐོང་འགྱུར།།

ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར།

    དེ་བཞིན་དུ་འཇིག་རྟེན་པ་རྣམས་སྐྲག་ན་རི་དང་ནགས་ཚལ་སོགས་ལ་སྐྱབས་བཅོལ་བ་མང་ཡང་དེས་སྐྱོབ་མི་ནུས་ཏེ། མདོ་ལས།

འཇིགས་པས་སྐྲག་པའི་མི་རྣམས་ནི།།

ཕལ་ཆེར་རི་དང་ནགས་ཚལ་དང༌།།

ཀུན་དགའ་དང་ནི་མཆོད་གནས་ཀྱི།།

ལྗོན་ཤིང་རྣམས་ལ་སྐྱབས་འགྲོ་སྟེ།།

སྐྱབས་དེ་གཙོ་བོ་མ་ཡིན་ཞིང༌།།

སྐྱབས་དེ་མཆོག་གྱུར་མ་ཡིན་ལ།།

སྐྱབས་དེ་ལ་ནི་བརྟེན་ནས་ཀྱང༌།།

སྡུག་བསྔལ་ཀུན་ལས་མི་གྲོལ་ཞིང༌།།

ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར།

    འོ་ན་སྡུག་བསྔལ་ཀུན་ལས་སྐྱོབ་ནུས་པའི་སྐྱབས་དེ་གང་ཡིན་ཞེ་ན། དཀོན་མཆོག་གསུམ་ཉིད་དུ་ངེས་ཏེ། མདོ་ལས། 

གང་ཚེ་གང་ཞིག་སངས་རྒྱས་དང༌།།

ཆོས་དང་དགེ་འདུན་སྐྱབས་སོང་ལ།།

སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང༌།།

སྡུག་བསྔལ་ཡང་དག་འདས་པ་དང༌།།

འཕགས་ལམ་ཡན་ལག་བརྒྱད་བདེ་བ།།

མྱ་ངན་འདས་པར་འགྲོ་འགྱུར་དང༌།།

འཕགས་པའི་བདེན་པ་བཞི་བོ་དག། 

ཤེས་རབ་ཀྱིས་ནི་ལྟ་བྱེད་པ།།

སྐྱབས་དེ་གཙོ་བོ་ཡིན་པ་སྟེ།།

སྐྱབས་དེ་མཆོག་ཏུ་གྱུར་པ་ཡིན།།

སྐྱབས་དེ་ལ་ནི་བརྟེན་ནས་ཀྱང༌།།

སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར།།

ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།།

    དེས་ན་དེ་ལྟ་བུའི་སྐྱབས་འགྲོ་གསལ་བར་ཤེས་འདོད་ན། ལམ་རིམ་ཆེན་མོ་དང་འཇམ་དབྱངས་བླ་མ་གུང་ཐང་བསྟན་པའི་སྒྲོན་མེའི་སྐྱབས་ཁྲིད་དང་། དབལ་མང་པཎྚི་ཏའི་སྐྱབས་ཁྲིད་སོགས་ལ་བལྟ་དགོས། དེ་དག་ཏུ་གང་ལ་བརྟེན་ནས་སྐྱབས་སུ་འགྲོ་བའི་རྒྱུ། དེ་ལ་བརྟེན་ནས་སྐྱབས་སུ་འགྲོ་བའི་ཡུལ། ཇི་ཙམ་གྱིས་སྐྱབས་སུ་སོང་བའི་ཚུལ།སྐྱབས་སུ་སོང་ནས་བསླབ་པར་བྱ་བའི་རིམ་པ་ཞེས་བཞི་རུ་བྱས་ནས་གསུངས་ཡོད་ཅིང་། དེ་ལ་བརྟེན་ནས་སྐྱབས་སུ་འགྲོ་བའི་ཡུལ་དེ་ལ་ཡང་། ཡུལ་ངོས་བཟུང་བ་དང་། དེ་སྐྱབས་སུ་འོས་པའི་རྒྱུ་མཚན་གཉིས་སུ་བྱས་ནས་བཤད་ཡོད་པ་རྣམས་ལ་ཞིབ་ཏུ་བལྟ་དགོས་པ་ཡིན་གྱི། འདིར་ནི་ཡི་གེ་མངས་སུ་དོགས་པས་རྒྱས་པར་མི་འཆད་དོ།

མཁོ་སྤྲོད་པ།   བྱམས་པ་དོན་འགྲུབ།   གསར་འགོད་པ། སྨྲ་ཁམས་མཁའ་འགྲོ་རྒྱལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 2yr5 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23500623
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།