ཆོས་སྒྲུབ་འདོད་ན་སྒྲུབ་ཚུལ་འདི་ལྟར་ཡིན་འདུག ༼ ༡ ༽
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »ཆོས་སྒྲུབ་འདོད་ན་སྒྲུབ་ཚུལ་འདི་ལྟར་ཡིན་འདུག ༼ ༡ ༽
ཆོས་སྒྲུབ་འདོད་ན་སྒྲུབ་ཚུལ་འདི་ལྟར་ཡིན་འདུག ༼ ༡ ༽
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2020-09-08ལྟ་ཀློག (2734)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།།ཆོས་སྒྲུབ་འདོད་ན་སྒྲུབ་ཚུལ་འདི་ལྟར་ཡིན་འདུག ༼ ༡ ༽

 

བཛྲ་ཚུལ་ཁྲིམས་རྒྱ་མཚོས། 

 

དང་བོ།  སྤྱིར་བཤད་པ།

       ཆོས་སྒྲུབ་ཅེས་པ་འདི་ང་ཚོ་ལྟ་བུའི་སྤྱིར་བཏང་བ་ཞིག་གིས་ཐོས་ན་སླ་མོ་ཞིག་རེད་སྙམ་པའི་སྣང་བ་སྐྱེ་སྲིད་ཀྱང་། དོན་རང་གི་ལག་ལེན་ལ་སྦྱར་ན་གཏན་ནས་ལས་སླ་བོ་ཞིག་མ་རེད། ཁྱད་པར་དུ་ཐེག་པ་ཆེན་པོའི་ཆོས་སྒྲུབ་པ་ལ། སྒྲུབ་པའི་རྟེན་དལ་འབྱོར་ཡིན་ཚུལ་དང་། སྤྱོད་པའི་རྟེན་སེམས་བསྐྱེད་ཡིན་ཚུལ་དང་། སྤྱོད་པ་རང་གི་ངོ་བོ་རང་གི་ངོ་བོ་ཇི་ལྟར་ཡིན་པ་དང་། སྤྱོད་པ་འགྲུབ་པའི་ཐབས་གང་ཡིན་པ་སོགས་རེ་རེ་བཞིན་ངོ་བོ་མ་ནོར་གོ་རིམ་མ་འཁྲུགས་ཡན་ལག་མ་ཆད་པར་ལེགས་པར་ངེས་དགོས་པ་ཡིན། དེ་ཡང་ཐོག་མར་ཆོས་སྒྲུབ་པའི་རྟེན་དལ་འབྱོར་ལྟ་བུའི་སྟེང་ནས་མཚོན་ཏེ་བཤད་ན། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ།། ཞེས་པ་ལྟ་བུའི་ཚིགས་བཅད་སྙན་མོ་རེ་བསྐྱོར་ཤེས་པ་དང་། སྒྲུབ་པའི་རྟེན་ལ་དལ་འབྱོར་དགོས་པ་ཡིན་པར་འདུག་ཅེས་གཞན་ལ་འཆད་ཤེས་པ་དང་། རང་གིས་ཀྱང་དེ་འདྲ་ཞིག་ཡིན་འདུག་གོ་སྙམ་པ་ཙམ་གྱིས་གཏན་ནས་མི་འོང་ངོ་།། འོ་ན་ཇི་ལྟར་བྱེད་དགོས་ཞེ་ན། དལ་འབྱོར་གྱི་རྟེན་འདིས་གནས་སྐབས་དང་མཐར་ཐུག་གི་དོན་རྣམས་ལེགས་པར་བསྒྲུབ་ནུས་ཚུལ་དང༌། མི་ཁོམ་པའི་རྟེན་གྱིས་བསྒྲུབ་མི་ནུས་ཚུལ་དང༌། དལ་འབྱོར་དེ་ཡང་ཇི་ལྟར་མི་བརྟན་ཞིང་མི་རྟག་པ་ཡིན་ཚུལ་དང་། དེར་མ་ཟད་དེ་ཉིད་ཇི་ལྟར་ཤིན་ཏུ་རྙེད་དཀའ་ཚུལ་སོགས་རེ་རེ་ནས་རང་གི་སེམས་ལ་བསྐོར་ནས་ལེགས་པར་ངེས་སུ་བཅུག་སྟེ། འདིར་ཕན་བདེའི་རྩ་བ་མ་བཟུང་ན་དོན་མེད་པ་དང་དོན་མ་ཡིན་པའི་ཕྱོགས་སུ་བརྒྱུད་དེ་དགེ་ལེགས་རྨི་ལམ་དུའང་མྱོང་བར་མི་འགྱུར་རོ་སྙམ་དུ་བསམས་ནས་དལ་འབྱོར་ལ་སྙིང་པོ་ལེན་འདོད་ཀྱི་བློ་བསྐྱེད་དགོས་པ་ཡིན་པ་ལྟ་བུའོ།།

       དེ་ལྟར་དལ་འབྱོར་གྱི་ལུས་རྟེན་འདི་དོན་ཆེ་ཚུལ་དང་རྙེད་དཀའ་ཚུལ་བསམས་ན། རང་གི་སེམས་ལ་འདི་ཆུད་ཟོས་སུ་གཏན་ནས་གཏོང་མི་རུང་ངོ་སྙམ་པ་ཞིག་ཁ་ཙམ་ཚིག་ཙམ་མ་ཡིན་པར་སྐྱེ་སྲིད་པར་གདའ། དེ་སྐྱེས་པ་ན་སྙིང་བོ་ལེན་འདོད་སྐྱེ་ལ། སྙིང་བོ་ཞེས་པ་ཡང་གནས་སྐབས་མངོན་མཐོ་དང་མཐར་ཐུག་ངེས་ལེགས་གཉིས་ལས་གཞན་མེད་པར་ཤེས་སུ་འཇུག དེ་ལ་ཡང་ཐོག་མར་རང་ཉིད་སྡུག་བསྔལ་མཐའ་དག་ཟད་པར་འདོད་པ་དང༌། བདེ་བ་མཐའ་དག་སྒྲུབ་པར་འདོད་པའི་བློ་བསྐྱེད་དགོས་ལ། དེ་ནས་རང་ཉིད་བཞིན་དུ་སེམས་ཅན་གཞན་ལའང་སྡུག་བསྔལ་བསལ་བ་དང་བདེ་བ་སྒྲུབ་པའི་བློ་བསྐྱེད་དགོས་ཏེ། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་ཚུལ་ལ་ནི་སེམས་ཅན་གཞན་ཡང་བདག་དང་རྣམ་པ་ཐམས་ཅད་དུ་འདྲ་བས་སོ།།

       དེས་ན་བདག་གིས་ཅིས་ཀྱང་སེམས་ཅན་གཞན་གྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་དགོས། འོན་ཀྱང་རང་གི་ཚོད་མི་ཐུག་པར་མཐོ་བསྙེག་བྱེད་པ་ནི་རྨང་མེད་པར་ཐོག་བྱེད་པ་དང་འདྲ་བས། སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་བའི་ལམ་ལ་བློ་སྦྱོང་བ་སྔོན་དུ་འགྲོ་དགོས་པས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་སྒོ་ནས་ཆོས་སྒྲུབ་དགོས་པ་ཡིན་ནོ།། དེའི་ཕྱིར་བློའི་མཐུ་ཆེ་བ་རྣམས་ཀྱིས་བྱང་ཆུབ་ལམ་རིམ་ཆེ་ཆུང་ལ་བརྟེན་ནས་ཆོས་སྒྲུབ་པ་ལ་འབད་དགོས་ཤིང་། བློའི་མཐུ་ཤིན་ཏུ་ཆེ་ན་ནི་གཞུང་བཀའ་པོཏ་ལྔ་ལ་ལེགས་པར་སྦྱངས་ནས་ལམ་རིམ་དང་འབྲེལ་བར་ཉམས་སུ་ལེན་དགོས་པ་ཡིན་མོད། འོན་ཀྱང་དེ་ལྟ་བུའི་གོ་སྐབས་མ་རེག་པའམ་རང་གི་བློའི་མཐུ་ཆུང་བས་མི་ནུས་ན་ནི། འཇམ་དབྱངས་བླ་མ་གུང་ཐང་བསྟན་པའི་སྒྲོན་མེ་ཚང་གི་བསླབ་བྱ་ལྟ་བུའི་སྟེང་ནས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་བློ་སྦྱོང་དགོས་པ་ཡིན་ཞིང་། དེ་ལ་ཡང་ལམ་རིམ་ཆ་ཚང་བར་བསླབ་བྱ་ཡང་རྒྱས་བསྡུས་སྣ་ཚོགས་པ་ཡོད་མོད། ཚིག་ཤིན་ཏུ་ཉུང་ལ་དོན་ཆ་ཚང་བར་འདུས་པ་ནི་འདི་ལེགས་པར་སེམས་ཏེ།  

འདི་ལྟར།

དལ་འབྱོར་རྙེད་དཀའ་དང་དོན་ཆེ་བསམས་ན།།

དོན་མེད་བྱ་བ་ལ་བཀོལ་བ་འཕང་ངོ་།།

ནམ་འཆི་ངེས་མེད་དང་བཟློག་མེད་བསམས་ན།།

བག་མེད་སོས་དལ་དུ་སྡོད་པ་འཁྲུལ་ལོ།།

བཟོད་དཀའ་ཐར་མེད་ཀྱི་ངན་སོང་བསམས་ན།།

སྐྱབས་ཤིག་དེ་རིང་རང་མི་བཙལ་ཐབས་མེད།།

ལས་འབྲས་ངེས་པ་དང་འཕེལ་ཚུལ་བསམས་ན།།

དགེ་སྡིག་ཕྲ་མོར་ཡང་བག་ཟོན་བྱེད་དགོས།།

འཁོར་བ་མཐའ་ངན་གྱི་ངང་ཚུལ་བསམས་ནས།།

ངེས་འབྱུང་ཚུལ་ཁྲིམས་ལ་སློབ་པར་བྱེད་དགོས།།

དྲིན་ལན་འཁོར་མེད་ཀྱི་མ་རྣམས་དོན་དུ།།

སེམས་བསྐྱེད་ཕྱིན་དྲུག་གི་སྤྱོད་ལ་སློབ་དགོས།།

ཁྱད་པར་མཐའ་བྲལ་གྱི་ལྟ་བས་རྒྱས་བཏབ།།

ཟབ་ལམ་གསང་བསྔགས་ཀྱི་སྣོན་པ་འདེབས་དགོས།།

དེ་དག་ཐམས་ཅད་ཀྱི་རྩ་བ་བཤེས་གཉེན།།

བསྟེན་ཚུལ་རྟེན་འབྲེལ་གྱི་འགོ་ནས་འགྲིག་དགོས།།

ཞེས་གསུངས་པ་ལྟ་བུའོ།།

གཉིས་པ། གཞུང་དོན་དངོས་ལ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་བློ་སྦྱོང་ཚུལ་གསུམ།

    དང་བོ་ལ་གཉིས། དལ་འབྱོར་ལ་སྙིང་བོ་བླང་བའི་ཕྱིར་བསྐུལ་བ་དང་། སྙིང་བོ་ཇི་ལྟར་ལེན་ཚུལ་ལོ།། དང་བོ། སྙིང་བོ་བླང་བའི་ཕྱིར་བསྐུལ་བ་ནི། བསླབ་བྱ་ལས།

དལ་འབྱོར་རྙེད་དཀའ་དང་དོན་ཆེ་བསམས་ན།།

དོན་མེད་བྱ་བ་ལ་བཀོལ་བ་འཕང་ངོ་།།

ཞེས་པའི་ཚིག་རྐང་གཉིས་ཀྱིས་བསྟན་ལ། དེའི་ནང་དུ་ཆོས་སྒྲུབ་པའི་རྟེན་མཆོག་ཏུ་གྱུར་བ་དལ་འབྱོར་གྱི་ལུས་རྟེན་རིན་པོ་ཆེ་དེ་ངོས་བཟུང་བ་དང་། དེ་དོན་ཆེ་ཚུལ་དང་། རྙེད་དཀའ་ཚུལ་དང་། དེའི་ཕྱིར་དེ་ཉིད་དོན་ལྡན་གྱི་བྱ་བའི་ཕྱོགས་ལ་ཅིས་ཀྱང་བཀོལ་དགོས་པའི་གནས་ལུགས་རྣམས་ཡོངས་སུ་བསྡུས་ནས་གསུངས་ཡོད། དེ་ལ་དལ་འབྱོར་ཞེས་པ་ནི། དལ་བ་བརྒྱད་དང་འབྱོར་བ་བཅུ་ཞེས་པ་བསྡུས་པའི་ཚིག་ཡིན་ལ། དང་བོ་དལ་བ་བརྒྱད་ཅེས་པ་ནི། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། 

ཁྲིམས་ཀྱིས་དུད་འགྲོ་འགྲོ་བ་དུ་མའི་ངོ་བོ་དང༌།།

མི་ཁོམ་བརྒྱད་སྤོང་དེ་ཡིས་དལ་བ་རྟག་ཏུ་རྙེད། 

ཅེས་གསུངས་པ་ལྟར་མི་ཁོམ་པ་བརྒྱད་དང་བྲལ་བའི་སྒོ་ནས་འཇོག་དགོས་ལ། མི་ཁོམ་པ་བརྒྱད་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཁོང་གི་མཛའ་བཤེས་སུ་གྱུར་བའི་རྒྱལ་བོ་བདེ་སྤྱད་བཟང་བོ་ལ་འཕྲིན་དུ་སྤྲིངས་པའི་བཤེས་སྤྲིངས་ལས། 

ལོག་པར་ལྟ་བ་འཛིན་དང་དུད་འགྲོ་དང་། 

ཡི་དྭགས་ཉིད་དང་དམྱལ་བར་སྐྱེ་བ་དང་། 

རྒྱལ་བའི་བཀའ་མེད་པ་དང་མཐའ་འཁོབ་ཏུ། 

ཀླ་ཀློར་སྐྱེ་བ་གླེན་ཞིང་ལྐུགས་པ་ཉིད། 

ཚེ་རིང་ལྷ་ཉིད་གང་ཡང་རུང་བར་ནི། 

སྐྱེ་བ་ཞེས་བགྱི་མི་ཁོམ་སྐྱོན་བརྒྱད་པོ། 

དེ་དག་དང་བྲལ་ཁོམ་པ་བརྙེད་ནས་ནི། 

སྐྱེ་བ་བཟློག་པའི་སླད་དུ་འབད་པར་མཛོད། 

ཅེས་གསུངས་པ་ལྟར་ཡིན་ལ། དེ་ཡང་འཁོར་རྣམ་བཞི་མི་རྒྱུ་བའི་ཡུལ་མཐའ་འཁོབ་དང༌། གླེན་ལྐུགས་དང་ཡན་ལག་དང་རྣ་བ་སོགས་མ་ཚང་བའི་དབང་པོ་མ་ཚང་བ་དང༌། ཚེ་སྔ་ཕྱི་དང་ལས་འབྲས་དང་དཀོན་མཆོག་གསུམ་མེད་པར་འཛིན་པའི་ལོག་ལྟ་ཅན་དང༌། སངས་རྒྱས་འབྱུང་བ་མེད་པའི་རྒྱལ་བའི་བཀའ་མེད་པ་བཞི་ལས། དང་པོ་ཡུལ་མཐའ་འཁོབ་ཏུ་སྐྱེས་པ་དང་གླེན་ལྐུགས་དང་དབང་བོ་མ་ཚང་བར་གྱུར་བ་གཉིས་དང་ཐ་མ་སངས་རྒྱས་འཇིག་རྟེན་དུ་མ་བྱོན་པ་རྒྱལ་བའི་བཀའ་མེད་པ་གསུམ་གྱིས་ནི་བླང་དོར་ཤེས་པར་མི་ནུས་ལ་གསུམ་པ་ལོག་ལྟ་ཅན་དུ་སྐྱེས་ན་ནི་དམ་པའི་ཆོས་ལ་མི་མོས་པའོ།། ངན་སོང་གསུམ་ནི་ཆོས་ཀྱི་བློ་སྐྱེ་བར་ཤིན་ཏུ་དཀའ་ལ་ཅུང་ཟད་སྐྱེས་ཀྱང་སྡུག་བསྔལ་གྱིས་མནར་བས་མི་ནུས་པ་དང༌། ལྷ་ཚེ་རིང་པོ་ནི། རྒྱ་གར་གྱི་སློབ་དཔོན་ངག་གི་དབང་ཕྱུག་གིས་གསུངས་པའི་བཤེས་སྤྲིངས་འགྲེལ་བར་འདུ་ཤེས་མེད་པ་བ་དང་གཟུགས་མེད་པ་གཉིས་ལ་བཤད་ཅིང༌། སློབ་དཔོན་དཔའ་བོའི་མི་ཁོམ་པ་བརྒྱད་ཀྱི་གཏམ་ལས། འདོད་པའི་བྱ་བས་རྟག་ཏུ་གཡེངས་པའི་འདོད་ལྷ་ལ་བཤད་དེ། འདུ་ཤེས་མེད་པ་བ་ནི་གཟུགས་ཁམས་གནས་རིགས་བཅུ་བདུན་བསམ་གཏན་བཞིར་འདུ་ཞིང་། བསམ་གཏན་བཞི་བ་ལ་སོ་སྐྱེས་གནས་གསུམ་དང་འཕགས་པའི་གནས་གཙང་ལྔ་ཡོད་པ་ལས། སོ་སྐྱེས་གནས་འབྲས་བུ་ཆེ་བའི་ཕྱོགས་གཅིག་ན་གྲོང་ལས་དབེན་པ་དགོན་པའི་ཚུལ་དུ་ཡོད་ཅིང་། དེར་སྐྱེས་མ་ཐག་དང་འཆི་བའི་ཚེ་མ་གཏོགས་པ་སེམས་དང་སེམས་བྱུང་གི་རྒྱུ་བ་འགགས་ནས་བསྐལ་ཆེན་མང་བོར་གནས་པར་མངོན་པ་ནས་གསུངས་སོ།། འོ་ན་གཟུགས་མེད་དུ་སྐྱེས་པའི་གང་ཟག་ལ་མི་ཁོམ་པས་ཁྱབ་བམ་ཞེ་ན། མ་ཁྱབ་སྟེ། དེར་ཡོད་པའི་འཕགས་པ་མི་ཁོམ་པར་མི་རིགས་པས་དེར་སྐྱེས་པའི་སོ་སོའི་སྐྱེ་བོ་ལ་ནི་ཐར་ལམ་བསྒྲུབ་པའི་སྐལ་བ་མེད་པས་མི་ཁོམ་པར་བཤད་པའི་ཕྱིར། རྟག་ཏུ་གཡེངས་པའི་འདོད་ལྷ་ཡང་གོང་དུ་བཤད་པ་དེ་དང་འདྲ་བར་མི་ཁོམ་པ་ཡིན་པའི་ཕྱིར་རོ།། དེས་ན་དེ་དག་ལ་མི་ཁོམ་པ་ཞེས་བྱ་སྟེ། བཤེས་སྤྲིངས་འགྲེལ་པ་ལས། གནས་བརྒྱད་པོ་དེ་དག་ཏུ་དགེ་བ་བྱ་བའི་དལ་བ་མེད་པས་ན་མི་ཁོམ་པ་ཞེས་བྱའོ།། ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ། 

 

 

 གཉིས་པ་འབྱོར་བ་ལ་གཉིས་ལས། རང་འབྱོར་ལྔ་ནི། 

མི་ཉིད་དབུས་སྐྱེས་དབང་པོ་ཚང༌། ། 

ལས་མཐའ་མ་ལོག་གནས་ལ་དད། །

ཅེས་པའོ། ། དེ་ལ་དབུས་སུ་སྐྱེས་པ་ནི། འཁོར་རྣམ་བཞི་རྒྱུ་བ་ཡོད་སར་སྐྱེས་པའོ། ། དབང་པོ་ཚང་བ་ནི། གླེན་ལྐུགས་སུ༌མ་སོང་ཞིང་ཡན་ལག་དང་ཉིང་ལག་དང་མིག་རྣ་སོགས་ཚང་བའོ། ། ལས་མཐའ་མ་ལོག་པ་ནི། མཚམས་མེད་བྱས་སམ་བྱེད་དུ་བཅུག་པ་མ་ཡིན་པའོ། ། གནས་ལ་དད་པ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀར་ཆོས་ཐམས་ཅད་སྐྱེ་བའི་གནས་འདུལ་བ་ལ་དད་པ་སྟེ་འདུལ་བ་ནི་འདིར་སྡེ་སྣོད་གསུམ་ག་ལ་བྱའོ། ། དེ་ཡང་འདུལ་བ་ལ་ལྟུང་བ་འདུལ་བ་དང་ཉོན་མོངས་འདུལ་བ་གཉིས་ཡོད་པ་ལས་འདི་ནི་གཉིས་པའི་དབང་དུ་བྱས་པའོ།། ལྔ་བོ་དེ་རང་རྒྱུད་ཀྱིས་བསྡུས་ཤིང་ཆོས་བསྒྲུབ་པའི་ཆ་རྐྱེན་ཡིན་པས་རང་གི་འབྱོར་བ་ཞེས་བྱའོ། ། གཞན་འབྱོར་ལྔ་ནི། 

སངས་རྒྱས་བྱོན་དང་དམ་ཆོས་སྟོན། །

བསྟན་པ་གནས་དང་དེ་རྗེས་འཇུག །

གཞན་ཕྱིར་སྙིང་ནི་བརྩེ་བ་འོ། །

ཞེས་པའོ། ། དེ་ལ་སངས་རྒྱས་བྱོན་པའམ་འབྱུང་བ་ནི། བསྐལ་པ་གྲངས་མེད་པ་གསུམ་གྱིས་ཚོགས་བསགས་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་སྟེ་མངོན་པར་རྫོགས་པར་འཚང་རྒྱ་བའོ། ། དམ་པའི་ཆོས་སྟོན་པ་ནི། སངས་རྒྱས་སམ་དེའི་ཉན་ཐོས་ཀྱིས་ཆོས་སྟོན་པའོ། ། ཆོས་བསྟན་པ་གནས་པ་ནི། སངས་རྒྱས་ཤིང་ཆོས་བསྟན་པ་ནས་མྱ་ངན་ལས་མ་འདས་བར་དུ་དོན་དམ་པའི་དམ་ཆོས་མངོན་དུ་བྱེད་པའི་ཚུལ་གྱིས་སྒྲུབ་པའི་ཆོས་མ༌ཉམས་པའོ། ། ཆོས་གནས་པ་རྗེས་སུ་འཇུག་པ་ནི། ཆོས་རྟོགས་པ་དེ་ཉིད་ཀྱིས་སྐྱེ་བོ་རྣམས་ལ་དམ་པའི་ཆོས་མངོན་སུམ་དུ་བྱ་བའི་མཐུ་ཡོད་པར་རིག་ནས་ཇི་ལྟར་རྟོགས་པ་ལྟར་བསྟན་པ་ལ་རྗེས་སུ་འཇུག་པའོ། ། གཞན་གྱི་ཕྱིར་སྙིང་བརྩེ་བར་བྱེད་པ་ནི། སྦྱིན་པ་བོ་དང་སྦྱིན་བདག་གིས་ཆོས་གོས་ལ་སོགས་པ་སྟེར་བའོ། ། དེ་ལྔ་ནི་གཞན་རྒྱུད་ལ་ཡོད་ཅིང་ཆོས་བསྒྲུབ་པའི་ཆ་རྐྱེན་ཡིན་པས་གཞན་འབྱོར་རོ། ། ཉན་ས་ལས་བཤད་པའི་གཞན་འབྱོར་བཞི་ནི་ད་ལྟ་མ་ཚང་བར་སྣང་ཡང་དམ་པའི་ཆོས་སྟོན་པ་དང་ཆོས་བསྟན་པ་རྣམས་གནས་པ་དང་ཆོས་གནས་པ་རྣམས་རྗེས་སུ་འཇུག་པར་བྱེད་པ་ནི་རྗེས་མཐུན་པ་ཚང་དུ་རུང་ངོ་ཞེས་བྱང་ཆུབ་ལམ་རིམ་ཆེན་མོ་ལས་གསུངས་སོ།། དེས་ནི་དལ་འབྱོར་ངོས་གཟུང་བ་སོང་ངོ་།།

     གཉིས་པ་དལ་འབྱོར་དོན་ཆེ་ཚུལ་ཇི་ལྟར་ཡིན་ཞེ་ན། དེ་ཡང་བྱང་ཆུབ་ལམ་རིམ་ཆེན་མོ་ལས། གཏན་གྱི་བདེ་བ་ཞིག་བསྒྲུབ་པའི་ཕྱིར་དུ་ཆོས་རྣམ་དག་བསྒྲུབ་པ་ཞིག་མ་བྱུང་ན་མ་ཤི་ཚུན་ཆོད་ཀྱི་བདེ་བ་བསྒྲུབ་པ་དང་སྡུག་བསྔལ་སེལ་བ༌ཙམ་ལ་བརྩོན་པ་ནི་དུད་འགྲོ་ལ༌ཡང་ཡོད་པས་བདེ་འགྲོར་སྐྱེས་ཀྱང་དུད་འགྲོ་དང་འདྲ་སྟེ། སློབ་སྤྲིངས་ལས།  

ཇི་ལྟར་གླང་བུ་ཁྲོན་ཟབ་ཁ་ནས་འཁྲུངས་པ་ཡི། །

རྩྭ་ལོ་ཁམ་འགའ་ལ་ནི་ཡིད་ནི་ཆགས་གྱུར་ནས། །

རྙེད་པ་གྲུབ་པ་མེད་པར་གཡང་དུ་ལྷུང་བ་ལྟར། །

འཚོ་བའི་འཇིག་རྟེན་བདེ་ལྡན་འདོད་པའང་དེ་དང་འདྲ། །

ཞེས་གསུངས་པའི་ཕྱིར་རོ། ། སྤྱིར་དེ་ལྟ་བུའི་ཆོས་བསྒྲུབ་པ་དང་ཁྱད་པར་དུ་ཐེག་ཆེན་གྱི་ལམ་བསྒྲུབ་པ་ནི་རྟེན་གང་རུང་རུང་གིས་མི་ཆོག་པས་སྔར་བཤད་པའི་རྟེན་དེ་ལྟ་བུ་ཞིག་ཐོབ་དགོས་ཏེ། སློབ་སྤྲིངས་ལས།  

བདེ་གཤེགས་ལམ་རྟེན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང༌། །

སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པ། །

ལམ་དེ་ལྷ་དང་ཀླུ་ཡིས་རྙེད་མིན་ལྷ་མིན་དང༌། །

མཁའ་ལྡིང་རིག་འཛིན་མི་འམ་ཅི་དང་ལྟོ་འཕྱེས་མིན། །

ཞེས་དང༌། མངལ་དུ་འཇུག་པ་ལས་ཀྱང༌། མིར་སྐྱེས་ནའང་དེ་ལྟར་སྡུག་བསྔལ་མཐའ་ཡས་པ་དང་ལྡན་ཡང་གནས་མཆོག་ཡིན་པས་བསྐལ་བ་བྱེ་བར་ཡང་རྙེད་དཀའོ། ། ལྷ་དག་འཆི་བ་ནའང་ལྷ་གཞན་དག་ཁྱོད་བདེ་འགྲོར་སྐྱེ་བར་གྱུར་ཅིག ། བདེ་འགྲོ་ནི་མིའི་འགྲོ་བའོ། ། ཞེས་གསུངས་པ་ལྟར། ལྷ་རྣམས་ཀྱང་རྟེན་འདི་ལ་སྨོན་གནས་སུ་བྱེད་པའི་ཕྱིར་རོ།། གཞན་ཡང་སྔོན་མིའི་རྟེན་ལ་ལམ་ལ་སྦྱངས་པའི་བག་ཆགས་མཐུག་པའི་འདོད་ལྷ་ཁ་ཅིག༌དང་པོར་བདེན་པ་མཐོང་བའི་རྟེན་དུ་རུང་ཡང་ཁམས་གོང་མའི་རྟེན་ལ་དང་བོར་འཕགས་ལམ་ཐོབ་པ་མི་སྲིད་ཅིང༌། འདོད་ལྷ་ཕལ་ཆེར་ཡང་སྔར་བཤད་པ་ལྟར་མི་ཁོམ་པའི་གནས་སུ་གསུངས་པས་ལམ་ཐོག་མར་བསྒྲུབ་པའི་རྟེན་ལ་མི་མཆོག་ཏུ་གྱུར་པ་ཡིན་ནོ།།

དེ་ཡང་སྒྲ་མི་སྙན་པ་སྡོམ་པའི་རྟེན་དུ་མི་རུང་བས་གླིང་གསུམ་གྱི་རྟེན་བསྔགས་ལ་དེའི་ནང་ནས་ཀྱང་འཛམ་བུ་གླིང་བའི་རྟེན་བསྔགས་སོ།། ཞེས་གསུངས་པ་ལྟར་བསམས་ལ། མདོར་ན་གནས་སྐབས་མངོན་མཐོ་དང་མཐར་ཐུག་ངེས་ལེགས། དེར་མ་ཟད་བརྩོན་པ་ཆེན་པོས་འབད་ན་ཚེ་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཡང་རྟེན་འདིའི་སྟེང་ནས་སྒྲུབ་ནུས་པས་རྟེན་འདི་ཤིན་ཏུ་དོན་ཆེ་ཚུལ་བསམ་མོ།།



གསུམ་པ། དེ་ཤིན་ཏུ་རྙེད་དཀའ་ཚུལ་ནི། 

    ལམ་རིམ་ཆེན་མོ་ལས། ལུང་གཞི་ལས། ངན་འགྲོ་དང་བདེ་འགྲོ་ནས་ཤི་འཕོས་ཏེ་ངན་འགྲོར་འགྲོ་བ་ནི་ས་ཆེན་པོ་དང༌། དེ་ནས་བདེ་འགྲོར་སྐྱེ་བ་ནི་ཕྱག་སེན་གྱི་རྩེ་མོས་བཞེས་པའི་རྡུལ་དང་འདྲ་བར་གསུངས་པས་བདེ་འགྲོ་དང་ངན་འགྲོ་གཉིས་ཀ་ནས་རྙེད་དཀའོ། ། དེ་ཙམ་དུ་རྙེད་དཀའ་བ་ཅི་ཡིན་སྙམ་ན། བཞི་བརྒྱ་བ་ལས། 

ཕལ་མོ་ཆེར་ན་མི་རྣམས་ནི། །

དམ་པ་མ་ཡིན་ཕྱོགས་ཡོངས་འཛིན། །

དེས་ན་སོ་སོ་སྐྱེ་བོ་རྣམས། །

ཕལ་ཆེར་ངེས་པར་ངན་འགྲོར་འགྲོ། །

ཞེས་གསུངས་པ་ལྟར་མི་ལ་སོགས་པ་ཡང་ཕལ་ཆེར་མི་དགེ་བཅུ་ལ་སོགས་པའི་ཕྱོགས་འཛིན་པ་མང་ལ། དེས་ཀྱང་ངན་འགྲོར་འགྲོ་བའི་ཕྱིར་དང༌། གཞན་ཡང་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་ལྟ་བུ་སྐད་ཅིག་མ་རེ་རེས་ཀྱང་བསྐལ་བར་མནར་མེད་དུ་གནས་དགོས་ན། སྐྱེ་བ་དུ་མར་བསགས་པའི་སྡིག་པ་འབྲས་བུ་མ་ཕྱུང་ཞིང་གཉེན་པོས་མ་བཅོམ་པ་རང་རྒྱུད་ལ་ཡོད་པ་རྣམས་ཀྱིས་ངན་སོང་དུ་བསྐལ་བ་དུ་མར་གནས་དགོས་པ་སྨོས་ཅི་དགོས། དེ་ལྟ་ནའང་ངན་འགྲོའི་རྒྱུ་སྔར་བསགས་འདག་ངེས་སུ་སྦྱོང་ཞིང༌། གསར་དུ་འཇུག་པའི་སྒོ་སྡོམ་པར་བྱེད་ན་བདེ་འགྲོ་མི་དཀོན་ནའང༌། དེ་ལྟ་བུ་ནི་ཤིན་ཏུ་ཡང་དཀོན་ནོ། ། དེ་ལྟར་མ་བྱས་ན་ངན་འགྲོར་འགྲོ་ལ། ངན་སོང་དུ་སོང་ན་དགེ་བ་མི་བྱེད་ལ་སྡིག་པ་རྒྱུན་དུ་བྱེད་པས་བསྐལ་བ་དུ་མར་བདེ་འགྲོའི་མིང་ཙམ་ཡང་མི་ཐོས་པར་སྤྱོད་འཇུག་ལས་གསུངས་སོ། ། པོ་ཏོ་བའི་ཞལ་ནས། འཕན་ཡུལ་ན་རྨའི་ཕྱ་མཁར་བྱ་བ་གདོས་ཅན་ཞིག་ཡོད་པ་དགྲས་ཕྲོགས་ནས་ཡུན་རིང་ཁ་ཉེན་པོར་སོང་བས། རྒད་པོ་གཅིག་མཁར་དེས་གདུངས་ཡོད་པ་ལ། ལན་ཅིག་མཁར་དེ་ཐོབ་ཟེར་བ་ཐོས་པས། འགྲོ་མི་ནུས་བཞིན་དུ་མདུང་ཞིག་བཟུང་ནས་བཤལ་དྲུད་བྱེད་ཅིང༌། རྨའི་ཕྱྭ་མཁར་ཐོབ་པ་འདི་རྨི་ལམ་མིན་ན་རུང་སྟེ་ཟེར་བ་ལྟར། དལ་འབྱོར་ཐོབ་པ་ལ་ཡང་དེ་ལྟ་བུའི་དགའ་བ་རྙེད་ནས་ཆོས་སྒྲུབ་དགོས། ཞེས་གསུངས་པ་ལྟར་བློ་དེ་ལྟ་བུ་རྙེད་རྙེད་དུ་བསྒོམ་པར་བྱའོ།། ཞེས་དང་། ཡང་དེ་ཉིད་ལས། དེ་ལ་རྒྱུའི་སྒོ་ནས་རྙེད་དཀའ་བ་ནི། སྤྱིར་བདེ་འགྲོ་ཙམ་ཞིག་ཐོབ་པ་ལ་ཡང་ཚུལ་ཁྲིམས་ལ་སོགས་པའི་དགེ་བ་རྣམ་དག་སྣ་གཅིག་བྱེད་དགོས་པ་དང༌། ཁྱད་པར་དུ་དལ་འབྱོར་ཚང་བ་ཐོབ་པ་ལ། ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང༌། སྦྱིན་སོགས་ཀྱིས་གྲོགས་བྱས། སྨོན་ལམ་དྲི་མ་མེད་པས་མཚམས་སྦྱོར་བ་སོགས་དགེ་རྩ་མང་པོ་ཞིག་དགོས་ན། རྒྱུ་དེ་ལྟ་བུ་སྒྲུབ་པ་ཡང་ཤིན་ཏུ་ཉུང་བར་སྣང་བས་དེ་ལ་དཔགས་ནས། འབྲས་བུ་བདེ་འགྲོའི་རྟེན་སྤྱི་དང་ཁྱད་པར་རྙེད་དཀའ་བར་སེམས་པའོ། ། འབྲས་བུའི་སྒོ་ནས་རྙེད་དཀའ་བ་ནི། རིགས་མི་མཐུན་ངན་འགྲོ་རྣམས་ལ་བལྟོས་ཏེ་བདེ་འགྲོ་ཙམ་ཡང་སྲིད་མཐར་སྣང་ལ། རིགས་མཐུན་བདེ་འགྲོ་ལ་བལྟོས་ཏེ་ཡང་དལ་བ་ཁྱད་པར་ཅན་ནི་ཆེས་དཀོན་པར་སྒོམ་པའོ། ། དགེ་བཤེས་དོལ་པས་འདི་ལ་ནན་ཆེར་མཛད་པས། ཆོས་གཞན་ཀུན་དེས་སྣ་དྲངས་ནས་བྱུང༌གསུང་བ་ལྟར་ཡིན་པས་འབད་པར་བྱའོ།། ཞེས་གསུངས་པ་ལྟར་བསམ་མོ།།

 

 

གཉིས་པ་སྙིང་བོ་ཇི་ལྟར་ལེན་ཚུལ་ལ་གསུམ། 

    སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་ལ་བློ་སྦྱོང་ཚུལ་དང་།འབྲིང་དང་ཐུན་མོང་བའི་ལམ་ལ་བློ་སྦྱོང་ཚུལ་དང་།སྐྱེས་བུ་ཆེན་པོའི་ལམ་ལ་བློ་སྦྱོང་ཚུལ་ལོ།།

    དང་བོ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་ལ་བློ་སྦྱོང་ལ་གཉིས། འཇིག་རྟེན་ཕྱི་མ་དོན་གཉེར་གྱི་བློ་བསྐྱེད་པ་དང་། འཇིག་རྟེན་ཕྱི་མར་བདེ་བའི་ཐབས་བསྟེན་པའོ།། དང་པོ་ལ་གཉིས། འཇིག་རྟེན་འདིར་རིང་དུ་མི་གནས་པར་འཆི་བ་རྗེས་སུ་དྲན་པ་དང་། འཇིག་རྟེན་ཕྱི་མར་ཇི་ལྟར་འགྱུར་པ་འགྲོ་བ་གཉིས་ཀྱི་བདེ་སྡུག་བསམ་པའོ།། དང་བོ་ནི། བསླབ་བྱ་ལས། 

ནམ་འཆི་ངེས་མེད་དང་བཟློག་མེད་བསམས་ན།།

བག་མེད་སོས་དལ་དུ་སྡོད་པ་འཁྲུལ་ལོ།།

ཞེས་པའི་ཚིག་རྐང་གཉིས་ཀྱིས་བསྟན་ཅིང་།དེ་ཡང་ལམ་རིམ་ཆེན་མོ་ལས་སྐབས་འདིར་འཆི་བ་དྲན་པ་མ་བསྒོམས་པའི་ཉེས་དམིགས།བསྒོམས་པའི་ཕན་ཡོན།འཆི་བ་དྲན་པའི་བློ་ཇི་ལྟ་བུ་ཞིག་བསྐྱེད་པ།འཆི་བ་དྲན་པ་བསྒོམ་པའི་ཚུལ་ཞེས་ས་བཅད་བཞི་དང་།འཆི་བ་དྲན་པའི་བློ་དེ་ལ་ཡང་ངེས་པར་འཆི་བ་བསམ་པ་དང་།ནམ་འཆི་ངེས་པ་མེད་པར་བསམ་པ་དང་།འཆི་བའི་ཚེ་ཆོས་མ་གཏོགས་པ་གང་གིས་ཀྱང་མི་ཕན་པ་བསམ་པའོ།། ཞེས་ས་བཅད་གསུམ་གནང་བའི་གཉིས་པ་ནམ་འཆི་ངེས་མེད་བསམ་པ་ནི་འདིར་ནམ་འཆི་ངེས་མེད་དང་ཞེས་དངོས་སུ་ཚིག་ཟིན་ལ་བསྟན་ཅིང་།ལམ་རིམ་གྱི་དང་བོ་ངེས་པར་འཆི་བ་བསམ་པ་དེ་ལ་དང་པོ་ལ་འཆི་བདག་ངེས་པར་འོང་ལ་དེའང་རྐྱེན་གྱིས་བཟློག་ཏུ་མེད་པ་བསམ་པ།ཚེ་ལ་སྣོན་པ་མེད་ཅིང་འབྲིད་བྱེད་བར་མ་ཆད་དུ་ཡོད་པ་བསམ་པ།གསོན་པའི་ཚེ་ནའང་ཆོས་བྱ་བའི་ལོང་མེད་པར་ངེས་པར་འཆི་བ་བསམ་པ་ཞེས་གསུམ་དུ་བྱས་བའི་དང་བོ་དེ་འདིར་བཟློག་མེད་བསམས་ན་ཞེས་ཚིག་ཟིན་ལ་དངོས་སུ་བསྟན་ཏོ།།

    འོ་ན་རང་ཅག་ནམ་འཆི་ལ་ངེས་པ་མེད་དམ་ཞེ་ན།མེད་དེ།རྒྱུ་མཚན་དང་བོ།རང་ཅག་ནི་འཛམ་བུ་གླིང་བའི་མི་ཕལ་བ་ཡིན་པ་གང་ཞིགདེའི་ཚེ་ལ་ངེས་པ་མེད་པའི་ཕྱིར་ཏེ།སྤྱིར་མི་ལ་གླིང་བཞི་ཡོད་པ་ལས་བྱང་སྒྲ་མི་སྙན་པ་རྣམས་ནི་ལོ་སྟོང་རེ་ཐུབ་པས་ཚེ་ཚད་ངེས་པར་མཛོད་ལས་གསུངས་ལ། གཞན་ལུས་འཕགས་གླིང་དང་ནུབ་བ་ལང་སྤྱོད་སོགས་ལ་རང་རང་གི་ཚེ་ཚད་ཐུབ་པའི་ངེས་པ་མེད་ནའང་ཕལ་ཆེར་ངེས་པ་མང་བར་གསུངས་ཤིང་། དེ་ལས་རང་ཅག་འཛམ་བུ་གླིང་བ་རྣམས་ནི་ཚེ་ནི་ཤིན་ཏུ་མ་ངེས་པ་ཡིན་ཏེ། དང་བོ་ཚེ་ལོ་དཔག་མེད་དང་མ་འོངས་པ་ན་ལོ་བཅུ་ལོན་པ་ལ་རིང་མཐའ་བྱེད་དགོས་པའང་འབྱུང་ཞིང་། ད་ལྟ་ཡང་རྒན་གཞོན་བར་མ་གང་ལ་འཆི་མ་ངེས་པ་མངོན་སུམ་ཡིན་པའི་ཕྱིར་ཏེ།མཛོད་ལས། 

འདི་ན་མ་ངེས་ཐ་མར་ནི།།

ལོ་བཅུ་དང་པོ་དཔག་ཏུ་མེད།།

ཅེས་དང༌།  ཚོམས་ལས།  

སྔ་དྲོ་སྐྱེ་བོ་མང་མཐོང་བ།།

ཕྱི་དྲོ་ཁ་ཅིག་མཐོང་མི་འགྱུར།།

ཕྱི་དྲོ་སྐྱེ་བོ་མང་མཐོང་བ།།

སྔ་དྲོ་ཁ་ཅིག་མཐོང་མི་འགྱུར།།

ཞེས་དང༌། 

སྐྱེས་པ་བུད་མེད་མང་བོ་དང༌།།

དར་ལ་བབ་པའང་འཆི་འགྱུར་ན།།

དེ་ལ་མི་འདི་གཞོན་ཞེས་ཏེ།།

གསོན་པའི་གདེང་དྲོད་ཅི་ཞིག་ཡོད།།

ཁ་ཅིག་མངལ་དུ་འཆི་བར་འགྱུར།།

དེ་བཞིན་ཁ་ཅིག་བཙས་པའི་སར།།

དེ་བཞིན་ཁ་ཅིག་གོག་ཙམ་ན།། 

དེ་བཞིན་ཁ་ཅིག་ཡོངས་རྒྱུག་ན།།

ལ་ལ་རྒན་དང་ལ་ལ་གཞོན།།

ལ་ལ་དར་ལ་བབ་པའི་མི།།

རིམ་གྱིས་རབ་ཏུ་འགྲོ་འགྱུར་ཏེ།།

འབྲས་བུ་སྨིན་པ་ལྟུང་བ་བཞིན།།

ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་དང་། དེ་བཞིན་དུ་བླ་མ་དང་དཔོན་པོ། ཕྱུག་པོ་དང་དབུལ་བོ། མཁས་པ་དང་བླུན་པོའི་ཁྱད་པར་ལ་ལྟོས་པ་མེད་པར་ལས་ཀའི་ལས་འཕྲོ། ཟས་ཀྱི་བཟའ་འཕྲོ། གོས་ཀྱི་གྱོན་འཕྲོ། སྐད་ཆའི་བཤད་འཕྲོ་དང་། ཐ་ན་དབུགས་ཀྱི་རྔུབ་འཕྲོ་དང་བཅས་པ་རང་དབང་མེད་པར་ཅམ་གྱིས་བཞག་སྟེ་ཚེའི་མཐར་མ་ཕྱིན་པར་གློ་བུར་དུ་ཕྱི་ནང་གི་འཆི་རྐྱེན་སྣ་ཚོགས་པས་ཤི་བ་ནི་ལུང་རིགས་ལ་བརྟེན་ནས་སྒྲུབ་མི་དགོས་པར་རང་ཅག་གིས་མཐོང་ངམ་ཐོས་པ་འདི་བཞིན་ཡིན་པའི་ཕྱིར་རོ།། དེས་ན་དེ་དག་ཡིད་ལ་བྱས་ནས་བདག་ཀྱང་ངེས་པར་དེ་ལྟ་བུའི་ཆོས་ཅན་ནོ་སྙམ་དུ་ཡང་དང་ཡང་དུ་བསམས་ལ་ནམ་འཆི་ངེས་མེད་ཡིན་པའི་བློ་ཅི་སྐྱེ་བྱ་དགོས་པར་ལམ་རིམ་ལས་གསུངས་པ་ལྟར་རོ། །



 
རྒྱུ་མཚན་གཉིས་པ།  འཆི་རྐྱེན་ཤིན་ཏུ་མང་ཞིང་གསོན་རྐྱེན་ཉུང་བས་ནམ་འཆི་ལ་ངེས་པ་མེད་པ་ཡིན་ཏེ། སྤྱིར་རང་ཅག་གི་སྲོག་འདི་ལ་སེམས་ཡོད་མི་དང་མི་མ་ཡིན་པ་གདོན་རིགས་་དང་དུད་འགྲོའི་རིགས་སུ་གྱུར་བ་རྣམས་ཀྱི་གནོད་པ་ཤིན་ཏུ་མང་བ་དང་། དེ་བཞིན་དུ་སེམས་མེད་པའི་གནོད་པའང་ཤིན་ཏུ་མང་སྟེ། ཕྱི་རོལ་གྱི་འབྱུང་བ་ས་ཆུ་མེ་རླུང་གི་འཇིགས་པས་གནོད་པ་འབབ་ཚུལ་དང་། དེར་མ་ཟད་རང་གི་ལུས་འདི་ཡང་འབྱུང་བཞི་ལས་གྲུབ་དགོས་ལ། དེ་དག་ཀྱང་ཕན་ཚུན་གཅིག་ལ་གཅིག་གནོད་པ་བྱེད་པས་འབྱུང་བའི་ཁམས་རྣམས་ཆ་མ་སྙོམས་པར་འཕེལ་འགྲིབ་ཏུ་གྱུར་བ་ན་ནད་བསྐྱེད་དེ་སྲོག་འཕྲོག་པས་གནོད་པ་དེ་དག་ནི་རང་དང་ལྷན་སྐྱེས་སུ་ཡོད་པས་ལུས་སྲོག་ལ་ཡིད་བརྟན་དུ་མེད་པའི་ཕྱིར་རོ།། དེའི་ཕྱིར་རིན་ཆེན་ཕྲེང་བ་ལས།  

འཆི་བདག་རྐྱེན་གྱི་ནང་གནས་པ།།

རླུང་དམར་ནང་འདུག་མར་མེ་བཞིན།།

ཞེས་དང༌། བཤེས་སྤྲིངས་ལས་ཀྱང༌།  

ཚེ་ནི་གནོད་མང་རླུང་གིས་བཏབ་པ་ཡི། 

ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། 

དབུགས་རྔུབ་དབུགས་འབྱུང་གཉིད་ཀྱིས་ལོག་པ་ལས། 

སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། 

ཞེས་སོགས་གསུངས་པ་ལྟར་ཡིན་ལ། ད་ལྟ་སྙིགས་མ་ལྔ་ཤིན་ཏུ་བདོ་བའི་དུས་ཡིན་པས་ཚེ་རིང་དུ་གནས་པའི་ལས་བཟང་བོ་བསགས་པ་ཆེས་ཤིན་ཏུ་ཉུང་བ་དང༌། ཁ་ཟས་ལ་སོགས་པའི་སྨན་རྣམས་ཀྱང་མཐུ་ཆུང་བས་ནད་འཇོམས་པའི་སྟོབས་ཆུང་ཞིང༌། ལོངས་སྤྱད་པ་རྣམས་ཀྱང་བདེ་བར་ཞུ་ནས་ལུས་ཀྱི་འབྱུང་བ་ཆེན་པོ་རྣམས་རྒྱས་པར་འགྱུར་བའི་མཐུ་བྲི་བས་བདེ་བར་འཇུ་དཀའ་ཞིང་ཞུ་བས་ཀྱང་ཕན་འདོགས་པ་ཆུང་བ་དང༌། ཚོགས་ཀྱི་བསགས་རྒྱབ་ཆུང་ཞིང་ཉེས་སྤྱོད་ཤིན་ཏུ་ཆེ་བས་བཟླས་བརྗོད་ལ་སོགས་པ་ཡང་མཐུ་ཆུང་བར་སོང་ནས་ཚེ་བསྲིང་བ་སོགས་ཤིན་ཏུ་དཀའ་བར་ལམ་རིམ་ལས་རྒྱས་པར་གསུངས་པ་ལྟར་ཡིན་ལ། དེར་མ་ཟད་རང་ཅག་གིས་གསོན་རྐྱེན་དུ་འདོད་པ་རྣམས་ཀྱང་ཕལ་ཆེར་འཆི་རྐེན་དུ་འགྱུར་བ་ཤ་སྟག་སྟེ། དཔེར་ན་མི་འཆི་བའི་ཕྱིར་དུ་ནི་བཟའ་བཏུང་དང་གནས་ཁང་དང་གྲོགས་ལ་སོགས་པ་རྣམས་འཚོལ་ལ། དེ་དག་ཀྱང་བཟའ་བཏུང་ཧ་ཅང་མངས་པ་དང་ཧ་ཅང་ཉུངས་པ་དང་མི་འཕྲོད་པ་ལོངས་སྤྱད་པ་སོགས་དང༌། གནས་ཁང་རྡིབ་པ་དང་མཛའ་བོས་བསླུས་པ་ལ་སོགས་པའི་སྒོ་ནས་འཆི་བའི་རྐྱེན་དུ་འགྱུར་བས་ན་འཆི་བའི་རྐྱེན་དུ་མ་སོང་བའི་གསོན་པའི་རྐྱེན་མི་སྣང་ངོ་།། ཞེས་ལམ་རིམ་ལས་གསུངས་པ་ལྟར་ཡིན་པའི་ཕྱིར་དང་། དེར་མ་ཟད་འཚོ་བ་གཞན་ལས་ལྷག་པར་བྱ་བའི་ཕྱིར་དུ་ཐབས་སྣ་ཚོགས་ཀྱིས་ཐོབ་དང་གོ་ས། མངའ་ཐང་སྙན་གྲགས། རྒྱུ་ནོར་ལོངས་སྤྱོད་སོགས་ཇི་ཙམ་བསྒྲུབས་ཀྱང་དེ་དག་ཐམས་ཅད་རང་ཉིད་འཆི་རྐྱེན་དུ་སོང་བ་ད་ལྟ་མཐོང་རྒྱུ་ཧ་ཅང་མང་བའི་ཕྱིར་རོ།།

    རྒྱུ་མཚན་གསུམ་པ། ལུས་ཤིན་ཏུ་ཉམ་ཆུང་བས་ཀྱང་ནམ་འཆི་ངེས་མེད་དུ་འགྲུབ་སྟེ། ལུས་ཆུའི་དབུ་བ་ལྟར་ཤིན་ཏུ་ཉམ་ཆུང་བས་ན་གནོད་པ་ཆེན་པོ་མི་དགོས་པར་ཚེར་མ་ཟུག་པ་ལྟ་བུའི་གནོད་པ་ལ་སྙད་བཏགས་ནས་ཀྱང་སྲོག་འཇིག་པར་འགྱུར་བ་ལྟ་བུ་དང་། དེ་བཞིན་དུ་སྐྲག་ནས་ཤི་བ་དང་། ངུས་ནས་ཤི་བ་དང་། དགད་ནས་ཤི་བ་ཡང་ཡོད་པས་ན། འཆི་རྐྱེན་ཐམས་ཅད་ཀྱིས་གཞོམ་པར་ཡང་ཤིན་ཏུ་སླ་བ་ཡིན་ཏེ། བཤེས་སྤྲིངས་ལས། 

ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན།།

འབར་བས་བསྲེགས་པའི་ལུས་ཅན་འདི་དག་ཀྱང༌།།

ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན།།

ཤིན་ཏུ་ཉམ་ཆུང་མི་ལྟ་སྨོས་ཅི་འཚལ།།

ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།། དེས་ན་ནམ་འཆི་ངེས་མེད་ཡིན་པ་ནི་ཤིན་ཏུ་གསལ་ལོ།། དེའི་ཕྱིར་ལམ་རིམ་ལས། རྩ་བ་གསུམ་ལས་ཀྱང་གལ་ཆེ་ཤོས་ནམ་འཆི་ངེས་མེད་བསམས་ནས་བློ་སྣ་འགྱུར་བ་འདི་ཉིད་ཡིན་པས་འབད་པར་བྱའོ། ། ཞེས་གསུངས་པ་ཡིན་ནོ།།

 

 

རྩ་བ་གསུམ་གྱི་དང་བོ་ངེས་པར་འཆི་བ་བསམ་པ་དེའི་དང་བོ་ལ་འཆི་བདག་ངེས་པར་འོང་ལ་དེའང་རྐྱེན་གྱིས་བཟློག་ཏུ་མེད་པ་བསམ་པ་ཞེས་པ་དེ་འདིར། བཟློག་མེད་བསམས་ན།། ཞེས་པ་འདིས་བསྟན་ཅིང་། དེ་ཡང་འཆི་བདག་ནི་ངེས་པར་འོང་ལ་རྐྱེན་གང་གིས་ཀྱང་བཟློག་ཏུ་མེད་པ་ཡིན་ཏེ། ལུས་ཇི་འདྲ་ཞིག་གི་སྐྱེ་བ་བླངས་པ་དང་ཡུལ་གང་འདྲ་ཞིག་ཏུ་བསྡད་པ་དང་དུས་ནམ་ཞིག་ཡིན་ཡང་སེམས་ཅན་རྣམས་འཆི་བས་འཇོམས་པ་ལ་ཁྱད་པར་མེད་ཚུལ་ནི། ལམ་རིམ་ཆེན་མོར་མི་རྟག་པའི་ཚོམས་དྲངས་ནས་རྒྱས་པར་གསུངས་པ་ལྟར་བསམས་པར་བྱ་ཞིང་། འཆི་བདག་ལ་བྲོས་པས་མི་ཐར་ཞིང་སྔགས་ལ་སོགས་པས་བཟློག་ཏུ་མེད་པ་ཡང་། རྒྱལ་བོ་གསལ་རྒྱལ་ལ་གདམས་པའི་མདོ་ལས། དཔེར་ན། ཕྱོགས་བཞི་ནས་རི་ཆེན་པོ་སྲ་བ་བརྟན་པ་སྙིང་བོ་དང་ལྡན་པ་མ་ཞིག་པ་མ་གས་པ་འཕན་མེད་པ་ཤིན་ཏུ་མཁྲེགས་པ་གཅིག་ཏུ་སྟུག་པོ་བཞི་གནམ༌ལ་རེག་ཅིང་ས༌བརློག་སྟེ། རྩྭ་དང་ཤིང་དང་ཤིང་གེལ་བ་དང་ཡལ་ག་དང་ལོ་མ་ཐམས་ཅད་དང་སེམས་ཅན་སྲོག་ཆགས་འབྱུང་བོ་ཐམས་ཅད་ཕྱེ་མར་འཐག་ཅིང་འོང་བ་ལ་ནི་མགྱོགས་པས་འབྲོས་པའམ་སྟོབས་ཀྱིས་བཟློག་པའམ་ནོར་གྱིས་བཟློག་པའམ་རྫས་དང་སྔགས་དང་སྨན་རྣམས་ཀྱིས་བཟློག་པར་སླ་བ་ནི་མ་ཡིན་ནོ།། རྒྱལ་བོ་ཆེན་པོ། དེ་བཞིན་དུ་འཇིགས་པ་ཆེན་པོ་བཞི་འདི་དག་འོང་སྟེ། དེ་དག་ལས་མགྱོགས་པས་འབྲོས་པའམ་སྟོབས་ཀྱིས་བཟློག་པའམ་ནོར་གྱིས་བཟློག་པའམ་རྫས་དང་སྔགས་དང་སྨན་གྱིས་བཟློག་པར་སླ་བ་ནི་མ་ཡིན་ནོ།། བཞི་གང་ཞེ་ན། རྒ་བ་དང་ན་བ་དང་འཆི་བ་དང་རྒུད་པའོ།། རྒྱལ་པོ་ཆེན་པོ། རྒ་བ་ནི་དར་ལ་བབ་པ་འཇོམས་ཤིང་འོང༌། ན་བ་ནི་ནད་མེད་པ་འཇོམས་ཤིང་འོང༌། རྒུད་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་འཇོམས་ཤིང་འོང༌། འཆི་བ་ནི་སྲོག་འཇོམས་ཤིང་འོང་སྟེ། དེ་དག་ལས་ནི་མགྱོགས་པས་འབྲོས་པའམ་སྟོབས་ཀྱིས་བཟློག་པའམ་ནོར་གྱིས་བཟློག་པའམ་རྫས་དང་སྔགས་དང་སྨན་རྣམས་ཀྱིས་ཞི་བར་སླ་བ་ནི་མ་ཡིན་ནོ།། ཞེས་སོ།། ཀ་མ་བའི་ཞལ་ནས། ད་ལྟ་འཆི་བས་འཇིགས་པ་ཞིག་དགོས། འཆི་ཁར་མི་མཚེར་བ་ཞིག་དགོས་པ་ལ་འོ༌སྐོལ་དེ་ལས་ལྡོག་ནས་ད་ལྟ་མི་འཇིགས། འཆི་ཁར་བྲང་ལ་སེན་མོ་འདེབས་གསུང་ངོ་།། ཞེས་ལམ་རིམ་ཆེན་མོ་ལས་གསུངས་ལྟར་ཡིན་ནོ།།

དེ་ལྟར་ཞིབ་ཏུ་བསམས་པ་ན་མཐར་འཆི་བདག་ངེས་པར་འོང་ལ་འོང་དུས་ཀྱང་འདི་ཡིན་ནོ་ཞེས་ངོས་གཟུང་དུ་མེད་པས་ལུས་སྲོག་ནམ་འཇོམས་མི་ཤེས་པས། འདི་ལྟར་གཏན་ནས་འཆི་བ་ཞིག་རང་ཐོག་ཏུ་འབབ་རྒྱུ་མེད་པ་ལྟར་སྡོད་པ་དང་། སྐྱེས་མཐར་འཆི་བ་ཞིག་འོང་བ་བདེན་ཡང་ད་དུང་མི་འཆི་ད་དུང་ཡང་མི་འཆི་སྙམ་དུ་ལོང་ཡོད་བྱ་མི་རུང་བར་གདམས་པ་ནི། བག་མེད་སོས་དལ་དུ་སྡོད་པ་འཁྲུལ་ལོ།། ཞེས་པའོ།།

 

    འོ་ན་ཅི་ཞིག་བྱ་དགོས་ཞེ་ན། འཕྲལ་ཡུན་ཀུན་དང་རང་གཞན་ཐམས་ཅད་ལ་ཕན་ངེས་པ་ནི་དམ་པའི་ཆོས་འབའ་ཞིག་ལས་མེད་པས་ཆོས་བསྒྲུབ་པར་རིགས་སོ་ཞེས་གདམས་པ་ཡིན་པས། རྩ་བ་གསུམ་ལས་གསུམ་པ་འཆི་བའི་ཚེ་ཆོས་མ་གཏོགས་པ་གཞན་གང་གིས་ཀྱང་མི་ཕན་པ་བསམ་པ་ཞེས་པའི་དོན་འདིས་བསྡུས་སོ་ཞེས་བཤད་ཀྱང་ཆོག་གམ་སྙམ་ལ། དེའི་ཚུལ་ཡང་དེ་ལྟར་འཇིག་རྟེན་ཕ་རོལ་ཏུ་འགྲོ་དགོས་པ་ནི་ཐག་གིས་ཆོད་ཅིང་། དེའི་ཚེ་གཉེན་ནམ་བཤེས་ཇི་ལྟར་བརྩེ་ཞིང་གདུང་བ་ཆེ་བས་མཐའ་བསྐོར་ཡང་གཅིག་ཀྱང་འཁྲིད་ས་མེད། ཡིད་དུ་འོང་བའི་ནོར་གྱི་ཕུང་པོ་ཇི་སྙེད་ཡོད་ཀྱང་རྡུལ་ཕྲན་ཙམ་ཞིག་ཀྱང་འཁྱེར་དུ་མེད་པར་མ་ཟད། ཐ་ན་རང་དང་ལྷན་ཅིག་ཏུ་སྐྱེས་པའི་ཤ་རུས་ཀྱང་འདོར་དགོས་ན་གཞན་ལྟ་ཅི་སྨོས། དེས་ན་ཚེ་འདིའི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱིས་ཀྱང་བདག་འདོར་ལ། བདག་གིས་ཀྱང་འདི་དག་དོར་ནས་འཇིག་རྟེན་གཞན་དུ་འགྲོ་བ་ཞིག་ངེས་པར་འོང༌། དེ་ཡང་དེ་རིང་མི་འོང་བ་སུ་ཞིག་གིས་ཐག་ཆོད་སྙམ་དུ་བསམས་དགོས་ལ། དོན་དངོས་སུ་ཡང་དེ་ལྟར་ཡིན་པས་སོ།། ཤྲཱི་ཛ་ག་ཏ་མི་ཏྲས།  

ལྷ་གཅིག་ཇི་ལྟར་ཁྱོད་འབྱོར་ཀྱང༌།།

གཤེགས་ནས་འཇིག་རྟེན་གཞན་བཞུད་ཚེ།།

མྱ་ངམ་ཐང་ལ་དགྲས་བཅོམ་ལྟར།།

གཅིག་པུ་སྲས་མེད་བཙུན་མོ་མིན།།

ན་བཟའ་མ་མཆིས་བཤེས་མ་མཆིས།།

རྒྱལ་སྲིད་མ་མཆིས་ཁབ་མ་མཆིས།།

དཔག་མེད་མཐུ་དཔུང་མངའ་ལགས་ཀྱང༌།།

གཟིགས་སུ་མ་མཆིས་གསན་མ་མཆིས།།

གཅིག་ཙམ་ཉིད་ཅིག་ཕྱི་ཐག་གིས།།

རྗེས་སུ་འབྲང་བའང་མི་མངའ་འོ།། 

མདོར་ན་ཉིད་ཀྱི་མཚན་ཙམ་ཡང༌།།

དེ་ཚེ་མེད་ན་གཞན་ཅི་སྨོས།།

ཞེས་གསུངས་པ་ལྟར་ཡིན་པས་སོ།།

 

དེས་ན་དེ་ལྟར་དལ་འབྱོར་གྱི་རྟེན་འདི་དོན་ཆེ་ཞིང་ཤིན་ཏུ་རྙེད་དཀའ་ལ། དེར་མ་ཟད་འཇིག་ཀྱང་ཤིན་ཏུ་སླ་བས་ན། འཇིག་རྟེན་ཕྱི་མ་ཕན་ཆད་ཀྱི་གཏན་བདེ་ཞིག་མི་སྒྲུབ་པར། འདི་ལྟར་མ་ཤི་ཚུན་ཆོད་ཀྱི་བདེ་བ་བསྒྲུབ་པ་དང་སྡུག་བསྔལ་སེལ་བ་ཙམ་ལ་བརྩོན་པ་ནི་དུད་འགྲོ་ལས་ཆེར་མ་འཕགས་པ་ཡིན་པས་བདེ་འགྲོའི་རྟེན་རྙེད་ཀྱང་མ་རྙེད་པ་དང་འདྲ་སྟེ། སྤྱོད་འཇུག་ལས།  

ཕྱུགས་ཀྱིས་བསྒྲུབས་ནའང་མི་དཀོན་པའི།།

མནོག་ཆུང་གང་ཡིན་དེ་དོན་དུ།།

དལ་འབྱོར་ཕུན་ཚོགས་རྙེད་དཀའ་འདི།།

ལས་ཀྱིས་མནར་བ་རྣམས་ཀྱི་བཅོམ།།

ཞེས་གསུངས་པ་ལྟར་རང་ཉིད་འཁྲུལ་ཡོད་ཚུལ་ཤེས་པར་བྱ་དགོས། དེས་ན་སྐྱེ་དཀའ་སེམས་བྱུང་ཡང་ལམ་གྱི་གཞི་ཡིན་པས་འབད་དགོས་ཏེ། པོ་ཏོ་བའི་ཞལ་ནས། ངེད་ཀྱི་སྣང་སེལ་མི་རྟག་པ་བསྒོམ་པ་འདི་རང་ཡིན་ཏེ་ཉེ་འབྲེལ་དང་ཡོ་བྱད་ལ་སོགས་པ་ཚེ་འདིའི་སྣང་བ་ཀུན་བསལ་ནས་རང་གཅིག་པུ་གཉིས་སུ་མེད་པར་ཚེ་ཕ་རོལ་ཏུ་ཕྱད་ཀྱིས་འགྲོ་བར་ཤེས་ནས་ཆོས་མིན་པ་ཅིས་ཀྱང་བྱར་མེད་སྙམ་ནས་ཚེ་འདི་ལ་མ་ཆགས་པ་ཞིག་གདོད་འོང༌། འདི་བློ་ལ༌མ་སྐྱེས་ཀྱི་བར་དུ་ཆོས་ཐམས་ཅད་ཀྱི་ལམ་འགགས་ནས་འདུག་པ་ཡིན་གསུང༌ཞེས་ལམ་རིམ་ལས་གསུངས་པ་ལྟར་རོ།།

    དེས་ན་ངེས་པར་འཆི་བ་བསམས་ནས་ཆོས་སྒྲུབ་དགོས་པར་ཐག་བཅད། ནམ་འཆི་ལ་ངེས་པ་མེད་པར་བསམས་ནས་ད་ལྟ་ཉིད་ནས་ཆོས་བྱ་བར་ཐག་བཅད། འཆི་བའི་ཚེ་འཇིག་རྟེན་ཕྱི་མ་ཕན་ཆད་ལ་ཆོས་ལས་ཕན་ངེས་པ་གང་ཡང་མེད་པར་བསམས་ནས་ཆོས་ཁོ་ན་བྱ་བར་ཐག་བཅད་ནས་ཆོས་ལ་འཇུག་ཅི་ཐུབ་བྱེད་པ་ནི། བག་མེད་སོས་དལ་དུ་མི་འདུག་པར་དལ་འབྱོར་ལ་སྙིང་བོ་ལེན་པའི་འགོ་འཛིན་ཚུལ་ཡིན་ནོ།།

མཁོ་སྤྲོད་པ།   བྱམས་པ་དོན་འགྲུབ།   གསར་འགོད་པ། སྨྲ་ཁམས་མཁའ་འགྲོ་རྒྱལ།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 30s6 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23531640
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།