བོད་ཀྱི་སློབ་གསོ་བ་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་གི་གསུང་བཤད་གནད་ཅན་འགའ།
གྱེར་འདོན་མཁན། འབོ་ར་རྨ་ཆེན་སྐྱབས།
1
བོད་རང་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་བལ་ཁུལ་དང་མར་ཆུར། གྲོ་ནས་སྲན་གསུམ་སོགས་ཀྱི་རིན་གོང་དམའ་བ་ནི། རང་ཅག་ཁེ་ལས་སྒྲུབ་མཁན་དག་གིས་རིན་ཐང་ཅན་དུ་བསྒྱུར་མ་ཐུབ་པ་ཡིན་པ་ལས། ཐོན་རྫས་དག་གི་ངོ་བོའི་ཆ་ནས་རིན་ཐང་མེད་པ་ཞིག་གཏན་ནས་མིན།
2
སྤྱིའི་ཆ་ནས་ང་ཚོར་དཔལ་འབྱོར་གྱི་རྨང་གཞི་ཞན་པ་ནི། ང་ཚོས་ཕན་ཚུན་བར་ཚོང་འབྲེལ་གྱི་མཐུན་ལམ་སྙེག་མ་ཐུབ་པ་དང་། མཉམ་དུ་བསམ་བློའི་ཁ་ཕྱོགས་གཅིག་དུ་འཁོར་མ་ཐུབ་པས་ལན་པ་ཡིན།
3
བོད་ཀྱི་ན་གཞོན་སློབ་ཆེན་སློབ་མས་ཆེད་སྦྱོང་གདམ་སྐབས་ཀྱང་ཆེད་ལས་ཕྱུགས་ལས་རིག་པ་དང་ཞིང་ལས་རིག་པ་བདམས་ཏེ་ཚན་རིག་དང་མཐུན་པའི་རིག་གཞུང་ཞིབ་འཇུག་མཐར་ཕྱིན་པའི་རྗེས་སུ། རང་གི་ས་གནས་འཕེལ་རྒྱས་ཀྱི་ལམ་དུ་སྣེ་ཁྲིད་བྱས་ཏེ་བོད་ཀྱི་འཚོ་བ་ཚན་རིག་དང་དེང་རབས་ཅན་དུ་བསྒྱུར་དགོས།
4
མཉམ་འབྲེལ་གྱི་གཙོ་བོ་ནི་བསམ་བློའི་མཉམ་འབྲེལ་ཡིན། བསམ་བློ་མཉམ་འབྲེལ་གྱི་རྨང་གཞིའི་སྟེང་། དཔལ་འབྱོར་མཉམ་འབྲེལ་དང་ཐོན་ཁུངས་མཉམ་འབྲེལ། ཐོན་རྫས་མཉམ་འབྲེལ། ཚོང་ར་མཉམ་འབྲེལ་སོགས་བྱས་པ་ཡིན་ན། ད་བཟོད་ང་ཚོ་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་ཐུབ།
5
རྒན་པ་རྣམས་ལ་ལག་ལེན་དངོས་ཀྱི་ཉམས་མྱོང་ཡོད་པ་དང་།
གཞོན་སྐྱེས་དག་ལ་དེང་རབས་ཤེས་ཡོན་སློབ་སྦྱོང་གི་ཉམས་མྱོང་ཡོད་སྟབས། དེ་གཉིས་ཕན་ཚུན་གཅིག་གྲོགས་སུ་གཅིག་སོང་བ་ཡིན་ན། ང་ཚོས་ལམ་ཁ་མ་ནོར་བ་ཞིག་དང་ཁ་ཕྱོགས་གཏན་པོ་ཞིག་འཛིན་ཐུབ་ངེས་ཡིན།
6
ཁེ་ལས་རེ་རེའི་རྒྱབ་ལྗོངས་སུ་མང་ཚོགས་ཀྱི་རེ་བ་དང་ཡིད་ཆེས། སློབ་གསོའི་དམིགས་ཡུལ་དང་གསོན་ཤུགས་སོགས་ཧ་ཅང་མང་བོ་ཞིག་ཡོད་སྟབས ། ཁེ་ལས་པ་ཚོས་མཉམ་འབྲེལ་བྱ་རྒྱུ་ནི་གལ་ཆེ་བ་དང་དོན་སྙིང་ལྡན་པ་ཞིག་ཡིན།
|