གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་བསྡུའི་བརྡ་ཐོ།
2020
སྐུ་ཉིད་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་འདོད་པ་ཞིག་ཡིན་ན་གཤམ་གྱི་གནས་ཚུལ་ལ་ཞིབ་ཏུ་གཟིགས་རོགས།
སློབ་གྲྭ་འདིར་ཞུགས་ན་ཐོག་མར་ངེས་པར་དུ་མིང་ཐོ་འགོད་དགོས་ལ། མིང་ཐོ་འགོད་སྐབས་ངེས་པར་དུ་ཚང་དགོས་པ་དག་ནི་སློབ་མ་རང་གི་ཉེ་པར་གཅིག་དང་ཐོབ་དཔང་ངམ་ཁྱིམ་ཐོ་གང་རུང་རེ་དགོས་ལ། མིང་ཐོ་འགོད་སར་རང་ཉིད་དངོས་སུ་མ་འབྱོར་ཡང་སློབ་གླིང་ན་ཡོད་པའི་སློབ་མ་སོགས་ཀྱིས་ཚབ་ཏུ་འགོད་ཆོག ཡང་གསལ་བཤད་བྱེད་དགོས་པ་ཞིག་ལ། ད་ལོའི་གསར་ཞུགས་སློབ་མ་རྣམས་ཀྱིས་རང་ཉིད་ལ་ཏོག་གསར་ནད་དུག་གི་འགོས་ནད་ཕོག་མེད་པ་དང་དོགས་གཞི་ཅན་མ་ཡིན་པ། རང་ས་གནས་སུ་གཏན་སྡོད་བྱས་པ་ལས་རྒྱལ་ཕྱི་ནང་སོགས་ས་གནས་གཞན་དུ་མ་སོང་བ་བཅས་ཀྱི་གནས་ཚུལ་ས་གནས་སྡེ་དམངས་དང་སྲིད་གཞུང་གང་རུང་གི་བདེན་དཔང་ཡོད་དགོས།
གལ་ཏེ་ཁྱོད་ཀྱིས་ད་ལོར་མིང་ཐོ་བཀོད་ཀྱང་རྗེས་སུ་རྒྱུགས་ལ་མ་ཞུགས་ན་ཁྱོད་ཀྱི་མིང་ཐོ་དེ་དུས་ཡུན་གཟུར་སོང་བ་ཡིན་པས་འཕྲོ་བརླག་ཏུ་སོང་བ་ཡིན། དེ་བས་རང་རང་གིས་མིང་ཐོ་བཀོད་རྗེས་ད་ལོར་རེ་བ་མེད་ཀྱང་དངོས་སུ་རྒྱུགས་ལ་ཞུགས་ན་ལོ་རྗེས་མའི་མིང་ཐོ་ལས་ཁྱོད་ལ་གོ་སྐབས་ཐོབ་སྲིད་ལ། དེ་ལྟར་ཉུང་མཐར་ཡང་ལོ་གསུམ་ལ་བསྟུད་མར་རྒྱུགས་ལ་ཞུགས་ན་ད་གཟོད་མིང་ཐོ་བཀོད་པའི་གོ་རིམ་ལྟར་བསྒྲིགས་དུས་ད་གཟོད་ཁྱོད་ལ་གོ་སྐབས་ཤིག་ངེས་པར་ཐོབ་སྲིད།
འོན་ཀྱང་སློབ་གླིང་འདིས་མི་ལོ་ཉི་ཤུའི་རིང་ལ་མིང་ཐོ་བཀོད་པའི་གོ་རིམ་ཁོ་ན་ལས་བླ་ཆེན་དཔོན་ཆེན་དག་དང་། ཡང་ན་སྒེར་གྱི་འབྲེལ་བ་ཟབ་པའི་གྲོགས་པོ་སུ་གང་ལ་ཡང་དམིགས་བསལ་ཅི་ཡང་བྱིན་མ་མྱོང་བས་གོམས་གཤིས་ངན་པ་དར་ཁྱབ་ཆེ་བའི་ཡུལ་འདིར་ཕོག་ཐུག་ཤོར་ཡོད་པ་ཡང་མི་ཉུང་བ་རེ་ཡོད་སྲིད།
དེ་ཡང་མིང་ཐོ་ནི་ལོ་རེའི་སྤྱི་ཟླ་༩བའི་ཚེས་༩ནས་འགོ་བརྩམས་ཏེ་ལོ་རྗེས་མའི་སྤྱི་ཟླ་དགུ་བའི་ཚེས་འགོ་བར་དུ་འགོད་བཞིན་ཡོད་ལ། ལོ་རེ་བཞིན་སྤྱི་ཟླ་༩བའི་ཚེས༤ནས༧བར་རྒྱུགས་ཞུགས་མིང་ཐོ་དང་ཚེས་༨ཉིན་ནི་སློབ་མ་གསར་དུ་བསྡུ་བའི་ཉིན་ཡིན་པས་དུས་ལྟར་མ་འབྱོར་ན་ལོ་སྔ་མར་མིང་ཐོ་བཀོད་པ་ཡང་ནུས་པ་མེད་སོང་བ་ཡིན།
མིང་ཐོ་བཀོད་པའི་ཨང་རིམ་ལྟར་སློབ་མ་བསྡུ་བཞིན་ཡོད་ལ། རྒྱུགས་འབྲས་ཀྱི་སྟེང་ནས་འཛིན་གྲྭ་གཏན་འཁེལ་བྱེད་དགོས། ཡང་གལ་ཏེ་ཁྱོད་ཀྱིས་རྒྱུགས་འབྲས་རྩེར་སོན་པ་ཞིག་ལེན་ཐུབ་ན་མིང་ཐོ་སྟོང་གི་ཡན་ལ་བུད་ཀྱང་སློབ་གྲྭར་ཞུགས་ཐུབ་པས་དེ་དོན་ཐུགས་ལ་འཛིན་པར་ཞུ།
|