ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་རྡོ་རྗེའི་རྣམ་ཐར་བཙན་པོ་མར་མཇལ་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་རྡོ་རྗེའི་རྣམ་ཐར་བཙན་པོ་མར་
ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་རྡོ་རྗེའི་རྣམ་ཐར་བཙན་པོ་མར་མཇལ་བ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2020-08-26ལྟ་ཀློག (9023)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

༄༅། །ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་རྡོ་རྗེའི་རྣམ་ཐར་བཙན་པོ་མར་མཇལ་བ།

ལྡོང་ཐོགས་མེད་རྒྱ་མཚོ།


[ནང་དོན་གནད་བསྡུས།]རྩོམ་ཡིག་འདིའི་ནང་དུ་ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱིས་མཛད་པའི་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་རྡོ་རྗེའི་རྣམ་ཐར་བཙན་པོ་མ་བཀླགས་པའི་མྱོང་ཚོར་མདོར་བསྡུས་ཤིག་བྲིས་ཡོད་ལ།ཡིད་ལ་འཛིན་བདེ་ཕྱིར་ནང་དོན་འགའ་ཞིག་རང་གིས་རྩོམ་ཡིག་གི་ལམ་ནས་ཟིན་བྲིས་སུ་བཀོད་ཡོད། [བརྡ་ཆད་གཙོ་བོ།] ཀུན་མཁྱེན་བླ་མ། ཐུགས་སྲས་ངག་དབང་བཀྲ་ཤིས། རྣམ་ཐར། ཟིན་བྲིས།


དང་བོ། སྔོན་འགྲོ།

1ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་རྡོ་རྗེའི་རྣམ་ཐར་འདི་ནི་ཁོང་གི་ཐུགས་ཀྱི་སྲས་པོ་ངག་དབང་བཀྲ་ཤིས་ཀྱིས་རྗེ་ཉིད་ཀྱི་རྣམ་ཐར་ལྗགས་རྩོམ་ཞིག་དགོས་ཞེས་ཡང་ཡང་ཞུས་པས།ཁོང་གིས་ཁྱོད་ཀྱིས་རྩོམས་ཞེས་བཀའ་གནང་ཞིང་།ཁོང་དང་འབྲེལ་བའི་དྲག་ཞན་དུ་མས་བསྐུལ་བ་ལ་བརྟེན་ཏེ་ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱིས་ཞབས་མ་ཟིན་པ་ཡན་ཆད་ཀྱི་རྣམ་ཐར་དག་རྗེ་ཁོང་ལ་ཞུས་ཤིང་།གཞན་ཡང་ཁོང་དང་དུས་མཉམ་པའི་གྲྭ་བ་རྒན་པ་རྣམས་ལ་རྩར་བཅད་ནས་མཛད་པ་ཡིན་ལ།རྣམ་ཐར་འདིའི་ཁ་བྱང་རྒྱས་པ་ལ་{རྗེ་བཙུན་དམ་པ་མཚན་བརྗོད་པར་དཀའ་བ་འཇམ་དབྱངས་བཞད་པའི་རྡོ་རྗེའི་རྣམ་པར་ཐར་བ་ཡོངས་སུ་བརྗོད་པའི་གཏམ་དུ་བྱ་བ་དད་པའི་སྒོ་འབྱེད་ཀཻ་ཏ་ཀའི་ཕྲེང་བ་}ཟེར་ཞིང་།ཡོངས་གྲགས་སུ་རྣམ་ཐར་བཙན་པོ་མ་ཞེས་ཟེར།ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱི་གསུང་འབུམ་པོད་ཀ་པ་[1]ན་རྣམ་ཐར་བཙན་པོ་མ་བཞུགས་ཤིང་ད་རེས་ངས་བཀླགས་པའི་དེབ་ནི་རྣམ་ཐར་འདི་གཅིག་བུ་ཁོལ་དུ་ཕྱུང་བ་ཞིག་ཡིན།


2 མཛད་པ་བོ།

རྣམ་ཐར་བཙན་པོ་མའི་མཛད་པ་བོ་ཐུགས་སྲས་ངག་དབང་བཀྲ་ཤིས་(1678–1740)ནི།རབ་བྱུང་བཅུ་གཅིག་པའི་ས་ཕོ་རྟ་ལོར་ཡུལ་མདོ་སྨད་རེབ་གོང་ནས་སྐུ་འཁྲུངས།དགུང་ལོ་དྲུག་པར་རབ་ཏུ་བྱུང་།དགུང་ལོ་བཅུ་བར་དགེ་ཚུལ་གྱི་སྡོམ་པ་བཞེས།དགུང་ལོ་བཅུ་དྲུག་པར་གནས་བདག་རྣམས་ལ་རང་གཞན་ཀུན་ལ་ཕན་པའི་ཡོན་ཏན་ཞིག་འབྱུང་བར་དམ་བཅའ་ཕུལ་ནས་དབུས་སུ་ཐུགས་གཉེར་ལ་ཕེབས།དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་བསྡུས་གྲྭ་ནས་བཟུང་གཞུང་བཀའ་པོད་ལྔ་ལ་སྦྱངས་པ་མཐར་ཕྱིན་ནས་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད།དགུང་ལོ་ཉེར་བརྒྱད་པར་གསང་ཕུ་ནས་བཀའ་བཅུའི་མཚན་བཏགས་ཀྱང་བཞེས།དཔལ་ལྡན་རྒྱུད་སྨད་གྲྭ་ཚང་ལ་ཞུགས་ཏེ་རྒྱུད་སྡེ་བཞི་དང་ཁྲིད་ཆེན་བརྒྱད་སོགས་ལ་མཐའ་ཆོད་པར་གསན་ཏེ་ཐུགས་ཉམས་སུ་བསྟར།དགུང་ལོ་སོ་གཉིས་པར་རྗེ་བླ་མ་ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་མཉམ་དུ་མདོ་སྨད་ལ་ཕེབས།ཀུན་མཁྱེན་བླ་མས་བླ་བྲང་བཀྲ་ཤིས་འཁྱིལ་ཕྱག་འདེབས་མཛད་དུས་ཐུགས་སྲས་ཁོང་གིས་དགེ་བསྐོས་མཛད།དགུང་ལ་ཞེ་གཉིས་པར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁྲི་ལ་བཞུགས་ནས་སྐུ་མྱ་ངན་ལས་འདའ་བའི་བར་དུ་གདན་ས་བསྐྱངས།བླ་མ་གཙོ་བོ་ཀུན་མཁྱེན་འཇམ་དབྱངས་བཞད་པ།འོད་ཟེར་རྒྱ་མཚོ་སོགས་བསྟེན།ཕྱག་རྩོམ་ལ་བསེ་བསྡུས་གྲྭ།རྟེན་འབྲེལ་གྱི་མཐའ་དཔྱོད་ཆེན་མོ།དགེ་འདུན་ཉི་ཤུ་རྒྱས་བསྡུས་གཉིས།བསམ་གཟུགས་ཀྱི་མཐའ་དཔྱོད་འབྲིང་བོ།རྗེ་བླ་མའི་རྣམ་ཐར་བཙན་པོ་མ་བཅས་བཞུགས།


གཉིས་པ། ཟིན་བྲིས་དངོས།

1རྣམ་ཐར་འདི་ནི་བོད་ཀྱི་ལོ་རྒྱུས་ལ་དོ་སྣང་བྱེད་མཁན་ཞིག་ཡིན་ཚེ་ངེས་པར་ཀློག་དགོས་པ་ཞིག་ཏུ་མཐོང་སྟེ།འདི་ལས་འཕགས་པ་སྤྱན་རས་གཟིགས་ཀྱིས་ཁ་བ་ཅན་གྱི་སེམས་ཅན་འདུལ་བའི་དོན་དུ་སྤྲེའུ་བྱང་ཆུབ་སེམས་དཔའ་ལ་ཁྲིམས་ལྔ་སོགས་མི་སྡུག་པའི་སྒོམ་དང་བཅས་བསླབ་ནས་བོད་ཀྱི་རྒྱལ་ཁམས་ལ་བཏང་པས་སྤྲེ་འུས་སྤྲང་མོའི་ཆ་བྱད་བྱས་པའི་བྲག་སྲིན་མོར་མི་སྡུག་པ་སྒོམ་ཞིང་སེམས་མཉམ་པར་བཞག་ཀྱང་།ཁྱིམ་ཐབ་མ་བྱས་ཚེ་ཞེ་སྡང་སྐྱེས་ནས་མ་དད་པར་ཤི་སྟེ་ངན་སོང་དུ་སྐྱེ་ཟེར་བ་ཐོས་པས།སླད་མར་འཕགས་པ་སྤྱན་རས་གཟིགས་ལ་ཞུས་པ་བཞིན་བྲག་སྲིན་མོ་དེ་དང་ཁྱིམ་ཐབ་བྱས་ཤིང་རིམ་གྱིས་སྤྲེའུ་འཕེལ་བ་ལས་བོད་ཀྱི་རུས་ཆེན་བཞི་[2]བྱུང་བ་དང་།ཀུན་མཁྱེན་བླ་མ་ཁོང་གི་གདུང་རུས་ནི་ལྡོང་ཡིན་ཚུལ་སོགས་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་།མ་བྲག་སྲིན་མོ་གཉིས་ཀྱི་ལོ་རྒྱུས་མདོར་བསྡུས་ཤིག་འདུག[3]རྗེ་འདི་ཉིད་ནི་ཧ་ཅང་སྐུ་བརྗིད་ཆེ་བ་ཞིག་ཡིན་པར་འདུག་སྟེ།ཁོང་གི་མདུན་སར་བོད་ཀྱི་མི་དྲག་བྱམས་པ་གླིང་མཁན་པོ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལྟ་བུའི་མཁས་པ་གཞན་གྱིས་ཆོས་འཇིག་རྟེན་གང་ཞིག་བཤད་དགོས་ཀྱང་།གཏམ་སྨྲ་བ་ལ་སྤོབས་པ་ཞུམ་པར་གྱུར་བ་ནི་བྱང་ཆུབ་སེམས་དཔའི་དབང་ཆེ་བར་གྲགས་པ་དང་ལྡན་པ་ཡིན་ཞེས་བཤད།[4]སྐྱེས་བུ་དམ་པའི་མཛད་པ་གང་ཡིན་ཡང་དགེ་བ་ཁོ་ནར་ཕྱོགས་པ་ཞིག་ཡིན་པར་སེམས་ཏེ།ཀུན་མཁྱེན་བླ་མ་འདི་ཉིད་དགུང་ལོ་ལྔ་བར་རྒྱལ་དབང་ལྔ་བ་ཆེན་པོར་མཇལ་དུས་ཁོང་གིས་ཡབ་ལ།བླ་མ་ཡ་གིའི་ཁ་སྤུ་ལ་ལྟོས་དང་མཛེས་པ་ལ་ཞེས་ཞལ་རྩེད་གནང་ཞིང་།སྐུ་ན་ཕྲ་དུས་ཀྱི་རྩེད་མོ་དག་ཀྱང་ཐུན་མོང་གི་ཁྱེའུ་ལས་མ་འདྲ་བ་ཞིག་ཡིན་ཏེ།དགུང་ལོ་ལྔ་བར་རྡོ་གཡའ་མ་བཟང་བོ་ཞིག་ཏུ་སྟོན་པའི་སྐུ་ཞིག་བྲིས་ཤིང་རྡོ་མཚོན་དཀར་དམར་བཏང་ནས་ལྷ་ཁང་ལྟ་བུའི་ཁང་ཆུང་གི་ཁྲིར་བཞུགས་སུ་བཅུགས་པ་དང་ཉིན་རེར་མཆོད་བཤམས་དང་ཕྱག་སྐོར་སོགས་ཀྱང་བྱས་ཚུལ་འདུག དགུང་ལོ་བདུན་པར་ཡི་གེ་འབྲི་ཀློག་ཚེགས་མེད་པར་མཁྱེན་ཞིང་ཐུན་མོང་རིག་གནས་འགའ་ཞིག་ཀྱང་སློབ་པ་མེད་རང་ཤུགས་ཀྱིས་མཁྱེན་པའི་རྣམ་ཐར་གྱིས་ཐམས་ཅད་ངོ་མཚར་བར་བྱས།[5]རྗེ་བླ་མ་འདི་དང་ཁོང་གི་ཐུགས་ཀྱི་སྲས་པོ་ངག་དབང་བཀྲ་ཤིས་རྣམ་གཉིས་ལ་ཐུན་མོང་མ་ཡིན་པའི་རྣམ་ཐར་ཞིག་ཡོད་དེ།རྗེ་འདི་ཉིད་དགུང་ལོ་ཉེར་གཅིག་པར་དབུས་སུ་ཐུགས་གཉེར་ལ་ཕེབས་པའི་ལམ་སྐབས་སུ་གཞི་བདག་མང་བོའི་སྐྱེལ་བསུ་བྱས་པ་དག་ལ་ཁོང་གིས་ཐོས་བསམ་སྒོམ་གསུམ་མཐར་མ་ཕྱིན་པར་ཕྱིར་འོང་ན་ཁྱེད་རྣམས་ཀྱིས་ཚར་ཆོད་ཅེས་འཕྲིན་བཅོལ་དང་དམ་བཅའ་གནང་བ་བཞིན་ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱིས་ཀྱང་རང་གི་བླ་མའི་རྣམ་ཐར་ཇི་ལྟ་བཞིན་དུ་ཉམས་སུ་བླངས་འདུག རྗེ་བླ་མ་ཇོ་བོར་མཇལ་དུས་ཇོ་བོས་མཇལ་དར་ཕྱག་གིས་བཞེས་ཤིང་ཞལ་འཛུམ་པའི་རྣམ་ཐར་ཡོད་པ་འདི་ནི་རྗེ་འདིའི་བཞེད་དོན་མཐར་ཕྱིན་པའི་རྟེན་འབྲེལ་ཡིན་པར་ངེས་ཏེ་རིམ་གྱིས་གྲྭ་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་ཞུགས་ནས་སྔར་ཐུགས་འཛིན་མཛད་པའི་ལམ་རིམ་བསྡུས་དོན་ལ་གཟིགས་ནས་སྐུ་ཚེ་འདིའི་ཐུགས་གཉེར་གྱི་མཛད་པ་ཐོག་མ་གནང་།[6]རྗེ་འདིས་མཁས་གྲུབ་རྗེའི་ཡིག་ཆ་ཚད་མར་འཛིན་ཞིང་པཎ་ཆེན་ཐམས་ཅད་མཁྱེན་པར་ཞུས་ཏེ་རྣམ་འགྲེལ་ཊིཀ་ཆེན་དང་སྡེ་བདུན་རྒྱན་སོགས་མཁས་གྲུབ་རྗེའི་གསུང་འབུམ་ཕལ་ཆེ་བ་དཔར་རྐོ་གནང་སྟེ་མཚན་ཉིད་སློབ་པ་དག་ལ་མཐུན་རྐྱེན་རླབས་པོ་བསྒྲུབས།རྣམ་འགྲེལ་ལེའུ་དང་བོའི་མཐའ་དཔྱོད་ནི་སྡེ་བ་ཟེར་བས་མཁས་གྲུབ་རྗེ་དང་སློབ་དཔོན་ཆོས་མཆོག་གཉིས་ཀྱི་ཡིག་ཆ་ཆེར་མི་མཐུན་པས་ཁྱོད་ཀྱིས་འཐད་ལྡན་ཞིག་རྩོམས་ཞེས་བསྐུལ་ཡང་ཁོང་གིས་མཁས་གྲུབ་རིན་པོ་ཆེའི་ཊཱིཀ་ཆེན་གཞིར་བཞག་ཅིང་སྡེ་བདུན་རྒྱན་སོགས་ལས་ལུང་མང་བོ་དྲངས་ཏེ་བརྩམས།རྒྱལ་བ་གཉིས་པའི་སློབ་མ་རྣམས་ལས་མཁས་གྲུབ་རིན་པོ་ཆེ་ལ་བསྔགས་པ་ཆེར་གནང་ཞིང་བསྟོད་པ་སྙན་ངག་དང་སྡེབ་སྦྱོར་ཕུལ་དུ་བྱུང་བ་མཛད་ནས་ཚོགས་འདོན་བྱས་པས་མཁས་གྲུབ་རྗེ་ལ་དད་གུས་བྱེད་མཁན་ཡང་སྔར་ལས་མང་དུ་བྱུང་།[7]གཞུང་གི་དཀའ་གནད་ལ་ཆགས་ཐོགས་བྲལ་བས།ཁོང་གི་བླ་མ་པཎ་ཆེན་བཀའ་འགྱུར་བས་ཀྱང་ཉིན་རེ་བཞིན་གཞུང་གི་དཀའ་གནད་རྣམས་རྗེ་ཉིད་ལ་ངག་དབང་ཁྱོད་ཀྱིས་འདི་ལ་ཅི་ཟེར་ཞེས་དྲིས་ཀྱང་ཁོང་གིས་ཁེངས་སྐྱུངས་མཛད་ནས་ལན་ཆེར་མ་ཞུས་ཚེ།བླ་མས་ཆོས་ཀྱི་གོ་བ་རྒན་གཞོན་ལ་ལྟོས་པ་མེད་པས་སུས་གོ་ན་དེ་ཡིན་ཞེས་པས་རྗེ་འདིས་ལན་བཏབ་པ་ལ་ཐུགས་མཉེས་ནས་བསྔགས་བརྗོད་གནང་བའི་རྣམ་ཐར་ཡང་མཆིས་སོ།།

 

  [8]སྐབས་ཤིག་ལ་སྡེ་བས་སྒྲ་གཞུང་གི་དཀའ་གནད་བཞི་དྲི་བར་བཀོད་ནས་དབུས་ཕྱོགས་སུ་བཀྲམས་ཏེ་ལན་ཐོབ་ཟེར་བ་གྲྭ་བ་འགས་རྗེ་ཉིད་ལ་ལན་གནང་བར་ཞུས་པས་དྲི་བ་གསུམ་ལ་ལན་གནང་།གཅིག་ལ་ཕྱག་དཔེ་མེད་ཀྱང་ཕྱིས་སུ་སྡེ་བས་ཀྱང་སྒྲ་བ་ཨང་ཀི་བསྒྲིགས་དུས་ཁྱེད་དང་བོར་འོས་ཞེས་ཟེར་བ་དང་དགུང་ལོ་རེ་བརྒྱད་པར་སྒྲ་ཀ་ཙན་གཉིས་ཀྱི་ཊིཀྐ་རྩོམ་པའི་དབུ་བཙུགས་པ་སོགས་ཀྱིས་ཐུན་མོང་རིག་ལའང་མཁྱེན་པ་རྒྱ་ཆེར་ཡངས་པ་ཤེས་ཐུབ།[9]དགུང་ལོ་ང་གསུམ་པར་རྗེ་རང་ལ་ཆོས་ཀྱི་དྲིན་ཆེ་བའི་འོད་ཟེར་རྒྱ་མཚོས་ཞལ་བཀོད་གནང་ཞིང་གྲྭ་ཚང་དང་གཞུང་ནས་ཀྱང་སྒོ་མང་གྲྭ་ཚང་གི་བླ་མ་བྱེད་དགོས་པར་ཞུས་པ་བཞིན་རྨི་ལམ་བརྟག་ཅིང་ལྟས་བཟང་བས་སྒོ་མང་གྲྭ་ཚང་གི་ཁྲི་ལ་བཞུགས། [10]སྐབས་ཤིག་ལ་སྡེ་བ་དང་དེའི་གཡོག་པོ་ཚོས་ཁོང་ལ་བྱ་བྱེད་མི་ལེགས་པ་སྣ་ཚོགས་བྱས་ཀྱང་ཁོང་གིས་དེ་ལ་ལྟོས་པ་མེད་པར་ཕན་ཅི་ཐོགས་མཛད་པ་ནི་ས་མཐོན་པོའི་བྱང་སེམས་པའི་རྣམ་ཐར་ཁོ་ནར་གཏོགས།[11]སྒོ་མང་གྲྭ་ཚང་གི་ཁྲི་བ་མཛད་དུས་རིགས་གྲྭ་ནས་བགྲོ་གླེང་གལ་ཆེ་བར་མཛད་པས་སྦྱིན་བདག་ལ་སྐུ་རིམ་མང་ན་ངའི་རིགས་གྲྭ་ནས་མང་ཇ་གཏོས་ས་མེད་ཞེས་བགྲོ་གླེང་ལས་ལྷག་པའི་སྐུ་རིམ་མེད་པར་དགོངས་ཤིང་རིགས་གྲྭ་ལ་འཁུར་བ་སོགས་གཏོང་བའི་སྲོལ་བཏོལ་ཏེ་འཚོ་བ་ལེགས་པར་སྦྱར་བས་དགེ་འདུན་པའི་ཞལ་གྲངས་བདུན་སྟོང་ལ་འཕེལ།[12]ཁྱད་པར་དུ་དགེ་འདུན་པ་ཐུགས་མཐུན་ཁྲིམས་གཙང་ཡོང་བ།འཆད་རྩོད་རྩོམ་གསུམ་དང་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་རྗེ་འདིའི་སྐུ་རིང་འདྲ་བ་མ་བྱུང་ཞེས་ཀུན་གྱིས་གླེང་བས་ཆོས་སྡེ་ཀུན་གྱི་སྤྱི་བོའི་རྒྱན་དུ་གྱུར་བ་འདི་ཡང་བསྟན་འཛིན་དམ་པ་ཉིད་ཀྱི་ངོ་མཚར་བའི་རྣམ་ཐར་ཟླ་མེད་པ་ཞིག་གོ།།


[13]དབུས་ཕྱོགས་ནས་མདོ་སྨད་ལ་ཕེབས་པར་ཉེ་དུས་རྒྱལ་མཆོག་རིན་པོ་ཆེ་སོགས་ལ་དབང་གནང་སའི་ཁང་བ་ལ་བཀྲ་ཤིས་བཀོད་པ་ཟེར་བ་ཕྱག་གཡོག་རྣམས་ཀྱིས་ཞུས་པས།རྗེའི་ཞལ་ནས་ཐོག་མར་བཀྲ་ཤིས་སྒོ་མང་གི་བླ་མ་བྱས།དེ་ནས་མཆོད་གཞི་བཀྲ་ཤིས་རྩེ་བྱུང་།འདི་ཡང་བཀྲ་ཤིས་བཀོད་པ་ཡིན་པས་རྗེས་ནས་ངེད་ཅག་གང་ལ་སོང་ཡང་བཀྲ་ཤིས་ཟེར་བ་ཞིག་ལ་ཐོན་ཐུབ་ཅེས་བྱང་ཕྱོགས་ནས་བཀྲ་ཤིས་འཁྱིལ་དུ་དགོན་པ་འདེབས་པར་ལུང་བསྟན།[14]བོད་ཀྱི་སྔོན་བྱོན་སྐྱེས་བུ་དམ་པ་དག་གི་སྐུ་ཚེ་ནི་བྲག་རིའི་མཐོ་ཚད་དང་མཉམ་པའི་གླེགས་བམ་ཁྲོད་དཔེ་གཟིགས་དཔེ་བལྟས་ཀྱིས་འདའ་བ་བཞིན་རྗེ་འདི་ལའང་གསུང་རབ་རྒྱ་བོད་ཀྱི་མཁས་པའི་བརྩམས་ཆོས་བོད་དུ་ཡོད་ཚད་ཀྱི་གླེགས་བམ་ཁོང་ལ་མེད་པ་ཆེར་མེད་པར་བཤད་ཅིང་ལྷག་པར་རྗེ་རིན་པོ་ཆེའི་གསུང་འབུམ་ལ་བླ་མ་དངོས་ཀྱི་འདུ་ཤེས་ལྡན་ལ།[15]ཕྱག་དཔེར་གཟིགས་དུས་སྐུ་མདུན་གྱི་ཕྱག་གཡོག་ཚོའི་འགྲོ་འདུག་སོགས་ཀྱང་མི་མཁྱེན་པའི་རྣམ་ཐར་བཤད་དོ།།[16]


2 མྱོང་ཚོར།

བླ་མའི་ཡོན་ཏན་ནི་སློབ་མ་བཟང་བོ་ལས་ད་གཟོད་རྟོགས་ཐུབ་སྟེ།རྗེ་བླ་མ་ཁོང་གི་སློབ་མ་སྒོ་མེ་གྲགས་པ་རྒྱ་མཚོ་ནི་ང་རྒྱལ་ཅན་ཞིག་ཡིན་མོད་ཁོང་གི་ཡོན་ཏན་གྱིས་སློབ་མ་དེའི་ང་རྒྱལ་ཡོངས་སུ་བཅོམ་པས་ཕྱིས་སུ་བླ་མ་ཁོང་སངས་རྒྱས་ཚར་འདུག་ཅེས་མི་ཕྱེད་པའི་དད་པ་བརྟན་པོ་སྐྱེས།ད་དུང་བཤེས་གཉེན་བསྟེན་ཚུལ་མ་ལེགས་པའི་དཔེ་གསོན་པོ་ཞིག་ནི།བདེ་ཡངས་བླ་མ་ཟེར་བས་རྗེ་ཉིད་ལས་ཆོས་མང་བོ་ཉན་ཡང་ཆེར་མ་དད་པས་ཁོ་ལ་བཀྲ་མི་ཤིས་པ་མང་བོ་བྱུང་བར་འདུག འདི་དག་ནི་སློབ་གཉེར་བ་ཞིག་ལ་མཚོན་ན་གལ་ཆེ་བ་ཞིག་ཡིན་ལ་ལྷག་པར་གྲྭ་བ་སློབ་གཉེར་བ་ཞིག་གིས་འདི་ཤེས་ན་སློབ་གཉེར་ལེགས་འགྲུབ་ཡོང་བའི་ལྡེ་མིག་ཡོད་པ་དང་མི་འདྲ་འམ།

རྣམ་ཐར་འདི་བཀླགས་པས།མཁས་པ་མཁས་པའི་ནང་ན་མཛེས། །ཞེས་པར་སྔར་མེད་ཀྱི་ངེས་ཤེས་ཞིག་སྐྱེ་འོང་སྟེ།རྗེ་ཉིད་ཀྱིས་མཁས་གྲུབ་རྗེའི་ཡིག་ཆ་དང་ཇོ་ནང་ཏཱ་ར་ན་ཐའི་གསུང་འབུམ།རྒྱལ་དབང་ལྔ་བ་ཆེན་མོའི་སྙན་ངག་གི་འགྲེལ་བ་སོགས་ལ་བསྔགས་བརྗོད་གནང་བ་ནི་མཁས་པ་མཁས་པས་བསྟད་པ་སྟེ།བསྟོད་པའི་ཡང་རྩེར་བསམ་ཆོག་པ་ཞིག འདི་དག་གིས་མཚོན་པའི་རྣམ་ཐར་འདིའི་ཚིག་དང་དོན་རེ་རེའང་བསམ་བློའི་རྒྱགས་ཕྱེ་འབའ་ཞིག་རེད་ཨང་།


མཇུག་གི་གཏམ།

ཐེངས་འདིར་ཀུན་མཁྱེན་བླ་མའི་རྣམ་ཐར་ཆ་ཚང་ལ་མཇལ་རྒྱུ་བྱུང་བ་ནི་བསོད་ནམས་མི་དམན་པའི་རྟགས་སུ་རློམ་ཡོད།འོན་ཀྱང་།བརྗོད་བྱ་ཧྲིལ་བོ་ཕལ་བའི་སེམས་སུ་ག་ལ་ཤོང་སྟེ་ཐ་ན་འཕྲིན་ལས་ཀྱི་ཁྱབ་པའི་ས་ཕྱོགས་དང་སློབ་མ་དག་ཀྱང་བགྲང་གིས་མི་ལང་ན།བདག་གཞན་མཉམ་བརྗེ་ལྟ་བུའི་ཐུགས་དགོངས་ནི་སུ་ཡིས་དཔག་པར་ནུས།ཡིན་ནའང་རང་གི་སློབ་གཉེར་གྱི་འདུན་པ་མི་མཉམ་པ་དང་བློ་སྤོབས་ཆེ་རུ་འགྲོ་ཕྱིར་བླ་མའི་རྣམ་ཐར་གྱི་ཆ་རེ་རེར་མཇལ་ཏེ་རང་གི་ཡིད་ལ་འཛིན་ཕྱིར་ཟིན་ཐོ་ལྟ་བུ་ཞིག་བཀོད་པ་ཡིན།

 2020/8/21

མཆན།1བསེ་ཚང་བློ་བཟང་དཔལ་ལྡན་གྱིས་ལེགས་སྒྲིག་མཛད།འཇམ་དབྱངས་བླ་མ་ཐུགས་སྲས་ངག་དབང་བཀྲ་ཤིས་དཔལ་བཟང་བོའི་གསུང་འབུམ།༼ཀ༽མི་རིགས་དཔེ་སྐྲུན་ཁང་།ཤ1—332

2ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱིས་མཛད།རྗེ་འཇམ་དབྱངས་བཞད་པའི་རྣམ་ཐར་བཙན་པོ་མ།ཤ12(བསེ་དང་།རྨུ་དང་།ལྡོང་དང་།སྟོང་།)ཞེས་གསུངས།

3ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱིས་མཛད།རྗེ་འཇམ་དབྱངས་བཞད་པའི་རྣམ་ཐར་བཙན་པོ་མ།ཤ10—12

4ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱིས་མཛད།རྗེ་འཇམ་དབྱངས་བཞད་པའི་རྣམ་ཐར་བཙན་པོ་མ།ཤ13—14

5ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱིས་མཛད།རྗེ་འཇམ་དབྱངས་བཞད་པའི་རྣམ་ཐར་བཙན་པོ་མ།ཤ18—21

6ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱིས་མཛད།རྗེ་འཇམ་དབྱངས་བཞད་པའི་རྣམ་ཐར་བཙན་པོ་མ།ཤ27—29

7ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱིས་མཛད།རྗེ་འཇམ་དབྱངས་བཞད་པའི་རྣམ་ཐར་བཙན་པོ་མ།ཤ41—42

8ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱིས་མཛད།རྗེ་འཇམ་དབྱངས་བཞད་པའི་རྣམ་ཐར་བཙན་པོ་མ།ཤ47—48

9ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱིས་མཛད།རྗེ་འཇམ་དབྱངས་བཞད་པའི་རྣམ་ཐར་བཙན་པོ་མ།ཤ92—93

10ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱིས་མཛད།རྗེ་འཇམ་དབྱངས་བཞད་པའི་རྣམ་ཐར་བཙན་པོ་མ།ཤ97—98

11ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱིས་མཛད།རྗེ་འཇམ་དབྱངས་བཞད་པའི་རྣམ་ཐར་བཙན་པོ་མ།ཤ124—125

12ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱིས་མཛད།རྗེ་འཇམ་དབྱངས་བཞད་པའི་རྣམ་ཐར་བཙན་པོ་མ།ཤ134

13ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱིས་མཛད།རྗེ་འཇམ་དབྱངས་བཞད་པའི་རྣམ་ཐར་བཙན་པོ་མ།ཤ136—137

14ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱིས་མཛད།རྗེ་འཇམ་དབྱངས་བཞད་པའི་རྣམ་ཐར་བཙན་པོ་མ།ཤ144

15ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱིས་མཛད།རྗེ་འཇམ་དབྱངས་བཞད་པའི་རྣམ་ཐར་བཙན་པོ་མ།ཤ243

16ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱིས་མཛད།རྗེ་འཇམ་དབྱངས་བཞད་པའི་རྣམ་ཐར་བཙན་པོ་མ།ཤ246

རྩོམ་ཡིག་མཁོ་སྤྲོད་པ།   གསར་འགོད་པ། བཀྲ་ཤིས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། qngt བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23505718
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།