ངོ་མཚར་ལེགས་བཤད་ལ་བརྟེན་ནས་ཡང་དག་ལེགས་ལམ་འཚོལ་དགོས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 8 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་ལྡོང་ཡོན་ཏན་རྒྱ་མཚོ། »ངོ་མཚར་ལེགས་བཤད་ལ་བརྟེན་ནས་ཡང་དག་ལེགས་ལམ་འཚོལ་དགོས།
ངོ་མཚར་ལེགས་བཤད་ལ་བརྟེན་ནས་ཡང་དག་ལེགས་ལམ་འཚོལ་དགོས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2020-08-23ལྟ་ཀློག (2712)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

ངོ་མཚར་ལེགས་བཤད་ལ་བརྟེན་ནས་ཡང་དག་ལེགས་ལམ་འཚོལ་དགོས།

ལྡོང་ཡོན་ཏན་རྒྱ་མཚོས།

   འདས་པའི་བགྲང་བྱ་ཕྲག་གཉིས་ཙམ་གྱི་ཡར་སྔོན་ཏེ་སྤྱི་ལོ་ ༡༩༨༩ ལོར་ང་ཚོ་གདོང་དམར་ཁ་བ་ཅན་པའི་སྐྱབས་མགོན་ཉི་ཟླ་ཟུང་གཅིག་གི་ཡ་གྱལ་ཀུན་གཟིགས་སྣང་མཐའི་མགོན་པོ་ ༧ པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོའི་གཟུགས་སྐུ་ཆུ་ཤེལ་དབང་བོ་གློ་བུར་ཞི་དབྱིངས་སུ་གཞོལ་དགོས་བྱུང་བས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་མངོན་བཟོད་མེད་སྐྱོ་གདུང་དྲག་པོས་ནོན་པར་གྱུར་ཚེ་ཕྲན་གྱིས་ཀྱང་འོ་དོད་རིང་མོས་རི་ལུང་བཀང་མྱོང་མོད། སྐབས་དེར་ང་ན་ཚོད་ཕྲ་ཞིང་བྱིས་བློའི་དགའ་ཚལ་ལས་མ་འགོངས་པ་ཞིག་ཡིན་པས། སྐྱབས་མགོན་མཆོག་གིས་སངས་རྒྱས་ཀྱི་བསྟན་པ་དང་བོད་མི་

རིགས་ཀྱི་ཆེད་དུ།   ནམ་མཁའ་ལས་མཐའ་ཡས་ཤིང་རྒྱ་མཚོ་ལས་གཏིང་ཟབ་པའི་མཛད་འཕྲིན་བསྐྱངས་པ་དག་གསལ་ཞིབ་དུ་ག་ལ་ཤེས།     ཉེ་བའི་ལོ་ཤས་རིང་ངས་ཁོང་གིས་མི་ཡུལ་ལ་བཞག་པའི་རླབས་ཆེན་མཛད་རྗེས་མང་བོ་མཐོང་ཐོས་སུ་གྱུར་ཅིང་།    བོད་ཁམས་སོ་སོ་ནས་བཀའ་སློབ་གནང་བ་དག་ལ་ཡང་ཡང་མཇལ་ཚེ་ཤེས་ནས་དད་པའི་ཆུ་གཏེར་མཁའ་རུ་འཕྱུར་བ་དང་བཀའ་དྲིན་དྲན་གདུང་གི་ལྗིད་ཀྱིས་ཀྱང་ལྷག་པར་ནོན་པར་གྱུར།

ཀུན་གཟིགས་རིན་པོ་ཆེ་ཁོང་གིས་བོད་མི་རིགས་ཀྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་དང་འགྲོ་འདུག་སྤྱོད་ལམ་སོགས་ཀྱི་ཆེད་དུ།  ཅི་འདྲའི་རིན་ཐང་གཞལ་མེད་ཀྱི་ལེགས་བཤད་མུན་པའི་སྒྲོན་མེ་ལྟ་བུ་མང་བོ་ཞིག་གསུངས་འདུག་པ་རེད་ཨང་།

 ད་ལྟ་ང་ཚོ་བོད་མི་ཕལ་མོ་ཆེས།     པཎ་ཆེན་རིན་པོ་ཆེ་ལ་སྐྱབས་སུ་མཆི།   ཁོང་ངོ་མ་ཡ་མཚན་ཡིན།   ཚེ་འདི་ཕྱི་གཉིས་ཀར་ཁོང་གི་བཀའ་གསུང་དང་ཐུགས་རྗེའི་སྐྱབས་འོག་ནས་མི་འདའ་བའི་སྨོན་ལམ་ཞེས་སོགས་ཀྱི་བཟླས་བརྗོད་ལ་བརྩོན་བཞིན་ཡོད་མོད། དོན་ངོ་མར་ཁོང་ཡ་མཚན་ཡིན་ཚུལ་ལ་ཞིབ་དཔྱོད་མི་བྱེད་ཅིང་ཁོང་གིས་གནང་བའི་བཀའ་སློབ་གང་ཡང་ལག་བསྟར་རེ་བྱེད་ཐུབ་མིན་ཙམ་ལའང་མི་གཞོལ་བ་འདིས་ཨ་ཕའི་ཕོར་བ་གཙང་ཞེན་དང་།   ཁ་བཤད་ཆུ་ཡི་ལྦུ་བ་ཞེས་སོགས་དང་ཕྱོགས་མཐུན་དུ་གྱུར་འདུག་པ་མ་ཡིན་ནམ་སྙམ་སྟེ།    ཕྲན་གྱིས་ཁོང་རིན་པོ་ཆེའི་ལེགས་བཤད་འགའ་ཞིག་ལས་འཕྲོས་དོན་གྱི་ཚུལ་དུ་བོད་སྤྱི་ཚོགས་ཁྲོད་ཀྱི་དངོས་ཡོད་གནད་དོན་འགའ་ཞིག་ལ་སུན་འབྱིན་དང་།   མི་རིགས་འཕེལ་རྒྱས་ཀྱི་ཐབས་ལམ་ལ་རང་གི་ལྟ་ཚུལ་ཙམ་བརྗོད་འདོད་པའི་ནང་གི་རླུང་ཤུགས་འགོག་མེད་དུ་གཡོས་སོ།

སྤྱི་ལོ་ ༡༩༨༧ ལོའི་ཟླ་ ༡༠ བའི་ཚེས་ ༡༤ ཉིན་ཀུན་གཟིགས་རིན་པོ་ཆེས་མཚོ་ལྷོར་གཟིགས་ཞིབ་གནང་བའི་སྐབས་ཁུལ་དང་རྫོང་གི་ལས་བྱེད་པའི་ཚོགས་ཆེན་སྟེང་གནང་བའི་བཀའ་སློབ་ལས། ན་ནིང་ངས་བོད་ལྗོངས་ཆབ་མདོ་ས་ཆར་གཟིགས་ཞིབ་བྱེད་དུས་ས་དེའི་སློབ་འབྲིང་ཞིག་ལ་ང་སོང་ནས་གཟིགས་ཞིབ་བྱེད་པའི་ཉིན་དེར་དགེ་སློབ་ཚོ་སྲང་ལམ་གཡས་གཡོན་དུ་སྒྲིག་ནས་ང་ལ་དགའ་བསུ་བྱས།    ཁོ་ཚོས་ཐལ་མོ་རྡེབ་དུས་ངས་ཀྱང་ཐལ་མོ་བརྡབ།  ངའི་མདུན་ན་གློག་སྐྱེལ་གཟུགས་བརྙནགྱི་དཔར་ལེན་མཁན་དང་།      གཞན་པའི་དཔར་ལེན་མཁན་སོགས་གསར་འགྱུར་འགོད་མཁན་མང་བོ་རུབ་ནས་ཡོད།      ཁོ་ཚོས་ང་ལ་ཇི་ལྟར་དགའ་བསུ་བྱས་ཟེར་ན།    རྒྱ་སྐད་ཀྱིས་ཧྭ་ཡིན་ཧྭ་ཡིན་ཟེར།     ངས་ཅང་མ་བཤད་པར་བུད་སོང་།ཞེས་སོགས་དང་ཡང་། སྐྱེས་མ་སློབ་གྲོགས་འགས་ད་དུང་ངོ་ཚ་ནས་གཅིག་གཅིག་གི་ཕག་ལ་ཡིབ་རེས་བྱེད་ལ།     བོད་སྐད་བཤད་ན་ད་དུང་ངོ་ཚ་བ་རེད།  ངས་ཁོ་ཚོར་སྐྱོན་བརྗོད་བྱས་དོན།     ཁྱེད་ཚོས་བོད་སྐད་བཤད་པར་ངོ་ཚ་ན་མ་བཤད་ན་ཆོག     བོད་ལྭ་གྱོན་པར་ངོ་ཚ་ན་དེ་ཡང་མ་གྱོན་ན་ཆོག་མོད།    འོན་ཀྱང་ཁྱོད་ཚོས་ཤ་དང་རུས་པ་ཇི་ལྟར་བྱེད་རྒྱུ་ཡིན།  ཁྱེད་ཚོའི་སྐྱེ་ཡུལ་བོད་རིགས་ཀྱི་ཁྱིམ་ཡིན་པ་ནི་ཇི་ལྟར་བྱས་ཀྱང་བསྒྱུར་ཐབས་མེད།     ཁྱོད་ཚོའི་ཕ་མེས་ཡང་མེས་རྣམས་བོད་རིགས་ཡིན།    གལ་སྲིད་ཁྱེད་ཚོའི་བྱེད་ཚུལ་དེར་བལྟས་ན།   ཁྱོད་ཚོས་མི་རིགས་བསྒྱུར་རྒྱུ་རེད།ཅེས་གསུངས།  ཀུན་གཟིགས་རིན་པོ་ཆེའི་བཀའ་སློབ་འདི་རིག་གནས་གསར་བརྗེའི་གདུག་རྩུབ་ཞི་སྟེ་ཆེར་མ་འགོར་བའི་དུས་སྐབས་ཤིག་ཏུ་གནང་བ་ཡིན་པས་དུས་དེར་ཁོ་ཚོར་ད་རུང་ངན་ཁག་རེ་དཀྲི་ས་རེ་ཡོད་མོད།  ང་ཚོས་ཁོང་གི་ལེགས་བཤད་དམ་པ་རྣ་རྒྱབ་བསེར་བུར་བྱས་ཏེ་བླུན་པོ་ཆུ་སྣ་གར་ཁྲིད་ཀྱི་རྗེས་སུ་རྒྱུགས་དྲགས་པས།   ད་ལྟ་བོད་རིགས་ལས་བྱེད་པ་ཕལ་མོ་ཆེསབོད་སྐད་མི་ཤོད་པའམ་ཤོད་ཀྱང་ངོ་ཚ་བ།  ལྷག་པར་དུ་བོད་རིགས་བུད་མེད་ལས་བྱེད་པ་ཐ་ན་ལམ་ལས་དང་གཙང་སྤྱོད་ཙམ་ལས་གཞན་ཅི་ཡང་མི་འཁྱོངས་པ་ཚོས་ཀྱང་རྒྱ་སྐད་ད་མ་དིག་རེས་སྒེག་ཆོས་ངོམ་ཁུལ་བྱེད་པ་ནི་བོད་སྤྱི་ཚོཊ་ཁྲོད་ཁྱབ་བརྡལ་དུ་སོང་ཟིན་པའི་གནས་ཚུལ་སྤྱིར་བཏངབ་ཞིག་ཏུ་གྱུར་འདུག་པ་འདི་རེད།

   ཡུལ་སྲོལ་གོམས་གཤིས་དང་ཆ་ལུགས་ཀུན་སྤྱོད་ནི་མི་རིགས་ཤིག་གི་རྟགས་མཚན་གཙོ་བོ་ཡིན་པས་སྔོན་ཐོན་རྒྱལ་ཁབ་དང་མི་རིགས་ཚང་མས་ཆེས་དོ་སྣང་དང་རྒྱུད་འཛིན་ལ་ཤ་ཐང་ཐང་དུ་འབད་ཅིང་བརྩོན་མོད།   ད་ལྟ་བོད་རིགས་ལས་བྱེད་པ་ལྟ་ཅི་ཐ་ན་ཞིང་འབྲོག་མང་ཉུང་ཚོགས་ཀྱི་ཁ་ནའང་མི་རིགས་རང་གི་ཆས་གོས་རྩ་བ་ནས་དོར་བའམ།   ལུས་སྟོད་རྒྱ་དང་ལུས་སྨད་བོད།    ངོ་ཚར་འཛེམ་བག་མེད་པ་སྤྱི་གླིང་བའི་ཁྱད་ཆོས་ཅན་སོགས་ན་ནིང་ལས་ད་ལོར་མང་།  ལས་ཁུངས་དང་སློབ་གྲྭ་དག་ན་བོད་གོས་གྱོན་རྒྱུ་ནི་དུས་སྟོན་གྱི་དགོས་མཁོའམ་བརྙན་འཕྲིན་སོགས་སུ་གཏོང་བའི་ཟློས་གར་ཙམ་གྱི་ཆེད།  ་བོད་སྐད་བཤད་རྒྱུ་ནི་རང་ཉིད་རྗེས་ལུས་ཡིན་པའི་དན་རྟགས་ཤིག་དང་བོད་ཡིག་སློབ་པ་སློབ་གྲྭའི་གནས་སྐབས་ཀྱི་སྒྲིག་ཁྲིམས་ཙམ་སྲུང་ཕྱིར་རམ་ཡང་ན་ཆོས་ཕྱོགས་ཀྱི་ཆོ་ག་ཐན་ཐུན་རེ་ཀློག་འདོད་ཙམ་གྱི་ཆེད་དུ་དམིགས་ཤིང་སྒྲོག་གིན་པ་འདིས་ངོ་མ་ཀུན་གཟིགས་རིན་པོ་ཆེས་གསུངས་པ་བཞིན་ང་ཚོའི་མི་རབས་འདིས་འཛམ་གླིང་ན་གནས་བབས་མཐོ་ཞིང་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་བའི་མི་རིགས་འདིའི་ཡོད་ཚད་གཞན་དུ་བསྒྱུར་རྒྱུའི་ཉེན་ཁ་སྤུ་གྲིའི་སོ་ཁ་ན་འདར་བའི་ནས་འབྲུ་ལས་ཚབས་ཆེ་བ་མི་འདུག་གམ།

ང་ཚོའི་མི་རིགས་ཀྱང་མི་རིགས་གཞན་དག་དང་མཚུངས་པར་དུས་རབས་ཀྱི་འགྲོས་དང་བསྟུན་ཏེ་གསར་བ་གསར་བའི་ཕྱོགས་སུ་བསྐྱོདདགོས་པ་སྨོས་མེད་ཡིན་མོད།  ད་ལྟའི་བསྐྱོད་སྟངས་འདི་ནི་མི་རིགས་གཞན་ཞིག་གི་གོམ་སྒྲ་ལས་གཞན་ཅི་ཡང་མིན་ཏེ།  ངས་མང་བོ་བརྗོད་མི་དགོས་པར་ང་ཚོས་མན་ཇུ་མི་རིགས་ཀྱི་ལོརྒྱུས་ལ་བློ་སེམས་ཞིབ་མོས་བསམ་གཞིག་ཐེངས་གཅིག་བཏང་བས་ཆོག   ཆིང་རྒྱལ་རབས་སྐབས་ཀྱི་མན་ཇུ་མི་རིགས་ནི་ཐོག་མར་རང་གི་སྐད་ཡིག་གཉིས་འཛོམས་ཀྱི་མི་རིགས་ཤིག་ཡིན་མོད།  གནས་སྐབས་ཀྱི་ཁེ་དབང་དང་སྲིད་ཕྱོགས་ལ་ཧམ་སེམས་ཆེ་དྲགས་ཏེ་མི་རིགས་རང་གི་སྐད་ཡིག་བསྐྱུར་ནས་རྒྱའི་སྐད་ཡིག་ཁོ་ན་ལོངས་སྤྱད་པས་གནས་སྐབས་སྐྱིད་སྐྱིད་ལྟར་གཞན་དབང་བསྒྱུར་གྱི་འཚོ་བར་རོལ་མོད།  མི་རིགས་རང་གི་མདུན་ལམ་དང་རིག་གཞུང་སོགས་ལ་བསམ་བློ་མ་བཏང་བས།      མཐར་སྲིད་དབང་འཐོར་ཞིག་དང་སྐད་ཡིག་ཉམས་ཆག   ཆབ་འབངས་ཡིད་ཆད་ཀྱི་གནས་སུ་ལྷུང་བའི་བསླབ་བྱ་གསོན་པོ་དེ་ཉེ་ལམ་ང་ཚོའི་མིག་མདུན་དུ་བཤམས་ནས་ཡོད་པ་ལྟར་རེད།  མན་ཇུ་མི་རིགས་ཀྱིས་གཞན་དབང་སྒྱུར་བྱེད་འདོད་ཀྱིས་རང་གི་སྐད་ཡིག་དོར་ཞིང་ང་ཚོར་དམིགས་ཡུལ་དང་བསམ་བྱ་ཅི་ཡང་མེད་པར་ཨ་གསར་དང་འཁྲུལ་སྣང་རྐྱང་རྐྱང་གི་ཀློང་ནས་བོད་མི་རིགསཀྱི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་ཚང་མ་གཏན་བརྗེད་དུ་འགྱུར་བཞིན་པ་ནི་མན་ཇུ་མི་རིགས་དང་བསྡུར་ནའང་ངོ་གནོང་ཞིང་ཡིད་ཕམ་དགོས་པ་ཞིག་མ་རེད་དམ།

   ང་ཚོ་ད་ལྟ་ངོ་བོ་གཞན་འགྱུར་ལ་ཉེན་ཚབས་ཆེ་བའི་གཡང་ས་རུ་གནས་པ་གནའ་དེང་མཁས་པའི་ལུང་འདྲེན་དང་གཏན་ཚིགས་རྣོན་པོའི་སྒྲུབ་བྱེད་བཀོད་དེ་བཤད་དགོས་པ་ཞིག་མ་རེད།  ཉེ་ལམ་མཐོང་ཐོས་ཀྱི་ཡུལ་དུ་ཡོད་པའི་མཚོ་སྔོན་ཞིང་ཆེན་གྱི། ཧོང་ཀྲུང་རྫོང་།  དམར་གཙང་རྫོང་།  ལུང་མདོ་རྫོང་།  ཧོར་གྲོང་རྫོང་རྣམས་ལ་ཅུང་ཙམ་བསམ་ཚེ་མཚན་མོར་གཉིད་མི་འོང་ཞིང་ཉིན་མོར་ཟས་མི་དྲན་པའི་ཚོད་དུ་ཡོད།  ལོ་བཅུ་ཕྲག་ཁ་ཤས་ཀྱི་སྔོན་དུ་རྫོང་འདི་དག་ནི་བོད་སྐད་བཤད་ཅིང་བོད་ཡིག་སྤྱོད་པའི་བོད་རིགས་འཁྲུལ་མེད་ཤ་སྟག་ཡིན་ལ།  གཞུང་ལུགས་ཐང་མར་བརྡལ་བའི་དགེ་བཤེས་དང་སྤྱི་འབངས་ཐབས་ཀྱིས་སྐྱོང་བའི་དཔོན་པོ་སོགས་གངས་ལྗོངས་ལོ་རྒྱུས་ཐོག་གི་མི་སྣ་གྲགས་ཅན་མང་བོའང་གནས་འདི་དག་ནས་བྱུང་མོད།  ད་ལྟ་བོད་ཡིག་ལྟ་ཅི་ཇ་ཡུན་ཙམ་ལ་བོད་སྐད་བཤད་ཤེས་མཁན་ཞིག་ཀྱང་ཕལ་ཆེར་མི་རྙེད་པའི་ཚོད་དུ་ཡོད་པ་ལྟར་རེད།  མི་གྲངས་ཁྲི་དྲུག་བརྒྱར་མི་ལོངས་པའི་མི་རིགས་ཤིག་ལས་ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ལ་རྫོང་ཁག་འདི་འདྲའི་མང་བོ་ཞིག་གིས་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་ཚང་མ་རྩ་བ་ནས་འགྱུར་སོང་ཚུལ་ལ་བསམ་ན།  དུས་རབས་ཀྱི་སྣེ་ཁྲིད་པར་རློམ་ཞིང་དེ་ལྟར་ཁ་ཕོད་སྒྲོག་བཞིན་པ་ཚོས་རང་གི་ཕ་མེས་ཡང་མེས་དག་གི་ཞལ་རས་ལ་ལ་གྲིབ་ནག་བྱུག་ཅིང་སྲོལ་རྒྱུན་རིག་གཞུང་ཡོད་ཚད་རྡོག་རྫིས་ཀྱི་ཆེད་དུ་བརྩོན་པ་ལས་སྲོག་ཉེན་ལ་ཐུག་པའི་མི་རིགས་འདི་ཐབས་བརྒྱ་ཇུས་སྟོང་གིས་སྐྱོབ་པར་རིགས་སོ་སྙམ།

གནའ་དེང་མཁས་པ་མང་བོས་མི་རིགས་འཕེལ་རྒྱས་ཀྱི་རྩ་བ་སློབ་གསོ་ཡིན་ཞིང་།  དེ་ལའང་ཁྱིམ་ཚང་སློབ་གསོ་དང་སྤྱི་ཚོགས་སློབ་གསོ།  སློབ་གྲྭའི་སློབ་གསོ་སོགས་སུ་ཕྱེས་པ་དེ་དེ་བཞིན་དུ་ལགས་མོད །  དེ་ཐམས་ཅད་ཀྱི་གཞི་མ་ནི་རང་མི་རིགས་ལ་བཅོས་མིན་དུངས་ཞེན་ཟབ་ཅིང་དེའི་སྐད་ཡིག་གི་གཞི་རྩ་ཡག་པོ་ཞིག་ཡོད་དགོས་པ་གནད་ཀྱི་དམ་པ་སྟེ།  རང་གི་སྐད་ཡིག་བོར་ཚེ་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་དུ་དེ་ལ་སློབ་གསོའི་འཕེལ་རྒྱས་ཞེས་པའི་ཐ་སྙད་ཅིག་གླེང་ཐབས་བྲལ་བ་རེད།  ང་ཚོའི་མདུན་དུ་གནས་པའི་མི་རིགས་གཞན་འགྱུར་གྱི་འཇིགས་ཉེན་འདི་ལ་སྤྱིར་ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་ཤིག་ཡོད་ངེས་ཀྱང་།  གཙོ་བོ་དེང་དུས་ཀྱི་བོད་རིགས་ན་གཞོན་ཕོ་མོ་རྣམས་ལ་ཨ་གསར་ཆེ་ཞིང་རང་ཚུགས་མི་བརྟན་པའི་ནད་ཡམས་དྲག་པོ་ཞིག་གིས་གཟིར་ནས་ཡོད་པ་དང་།  ཁྱད་པར་དུ་ཀུན་གཟིགས་སྣང་བ་མཐའ་ཡས་མཆོག་གིས་མཚོ་ལྷོར་གཟིགས་ཞིབ་གནང་སྐབས་ཀྱི་བཀའ་སློབ་ལས།  “ལོ་འདི་འགའི་ནང་དུ་མི་རིགས་ཀྱི་སྐད་ཡིག་སྣང་མེད་དུ་བཞག་པ་འདྲ།  དེང་སང་མི་རིགས་ལས་བྱེད་པ་མང་བོ་ཞིག་གིས་བོད་ཡིག་དེ་འདྲ་མི་ཤེས། དེའི་སྟབས་ཀྱིས། འདི་གནས་ཚུལ་ཚབས་ཆེན་ཞིག་རེད།  “ཅེས་དང་།  “ལོ་འདི་དག་གི་རིང་ལ།  ངའི་སེམས་ལ་ང་ཚོའི་མི་རིགས་བྱ་བ་ཡོད་ཚད་ཅུང་ལྷོད་སོང་སྙམ། བྱ་བ་འདི་ལ་སྤྱིར་ཤུགས་སྣོན་བྱེད་འོས།  ཀྲུང་དབྱང་གིས་མི་རིགསགྲངས་ཉུང་ས་ཁུལ་ལ་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད།  འོན་ཀྱང་།  སྲིད་ཇུས་ཧ་ཅང་མང་བོ་ཞིག་མན་ཆད་ལ་ཐོན་ན།  གྲིས་བཅད་པ་ལྟར་བྱས་ནས་མེད་པར་གྱུར།ཅེས་རྣག་ཐོག་གཙགས་ཁེལ་གྱིས་གསུངས་ཡོད་པ་བཞིན།  མི་རིགས་ས་གནས་ལས་བྱེད་པའི་ཁྲོད་ཀྱི་རྒྱ་རིགས་ལྟ་ཅི་ཤ་ཁྲག་རུས་གསུམ་བོད་དང་འབྲེལ་བའི་ལས་བྱེད་པ་མཐོ་དམན་བར་གསུམ་གྱི་ནང་ནས་ཆེས་མང་བོ་ཞིག་གིས་བོད་སྐད་བརྗེད་ (འགའ་རེས་བཤད་ཤེས་ཀྱང་ངོ་ཚ་སྟེ་བསམ་བཞིན་མི་བཤད་པ) ཅིང་བོད་ཡིག་མི་སློབ་པར་མ་ཟད་རང་གི་བུ་ཕྲུག་སོགས་ལའང་ཤན་ཤུགས་ངན་པ་དེ་ཐེབས་སུ་བཅུག་པ་དང་།  རང་གི་གཞུང་ལས་ཁང་དང་ཚོགས་འདུ་ཆེ་ཆུང་སོགས་སུ་ལྟ་ཅི་སྨོས། གཞི་རིམ་མང་ཚོགས་ཁྲོད་ན་བྱ་བ་རེ་བསྒྲུབ་དུ་སོང་ཚེའང་རྒྱ་སྐད་དང་རྒྱ་ཡིག་ཁོ་ན་སྤྱོད་ཅི་ཐུབ་བྱས་པས་རྒྱ་ཆེའི་མི་དམངས་དང་རིང་ནས་རིང་དུ་གྱེས་ཏེ་མི་རིགས་རང་སྐྱོང་ཞེས་པ་ཡིག་ཐོག་གི་རང་སྐྱོང་ཙམ་དང་བོད་མི་རིགས་མདུན་སྐྱོད་ཀྱི་གོམ་སྟབས་དལ་ནས་དལ་དུ་གྱུར།  འདི་ནི་མི་རིགས་ལས་བྱེད་པ་ཁོ་ཚོ་རང་ཉིད་ལན་པ་ལས་གཞན་སུ་ལའང་ཁག་འགེལ་ས་མེད་དེ།    གོང་ནས་རྩ་ཁྲིམས་དང་མི་རིགས་རང་སྐྱོང་བཅའ་ཁྲིམས་སོགས་སུ་མི་རིགས་སྐད་ཡིག་འདྲ་མཉམ་བྱེད་དགོས་ཚུལ་སོགས་ལེགས་པར་གཏན་ལ་ཕབ་པར་མ་ཟད།   ས་གནས་དེའི་མི་རིགས་ལས་བྱེད་པ་ཡོངས་ཀྱིས་ངེས་པར་དུ་གྲངས་ཉུང་མི་རིགས་དེས་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་གཙོ་བོར་བཟུང་སྟེ་རྒྱལ་ཁབ་དང་མི་རིགས་ཀྱི་བྱ་བར་ཧུར་ཐག་བྱེད་དགོས་པར་གདམས་ཡོད་མོད།  ཀུན་གཟིགས་རིན་པོ་ཆེས་གསུངས་པ་ལྟར།  བྱ་ཡུལ་དངོས་ཀྱི་ལག་ལེན་ཁྲོད་དེ་དག་གིས་ཡོད་ཚད་སྣང་མེད་དང་གཏན་མེད་དུ་བཞག་གོ༎

    གོ་གནས་དང་གྲགས་སྐམ་རྐྱང་རྐྱང་ལ་མོས་པའི་བོད་རིགས་མཐོ་རིམ་ལས་བྱེད་པ་དང་གསར་བྱུང་མཁས་རློམ་པ་མང་བོ་ཞིག་གིས་རྒྱ་སྐད་དག་ལ་མ་དག་པ་རེ་དང་རྒྱ་ཡིག་ཕྲན་ཚེགས་རེ་ཤེས་པའི་ང་རྒྱལ་གྱིས་སྔོན་བྱོན་ཕ་མེས་ཡང་མེས་དང་ད་ལྟའི་ཞིང་འབྲོག་མང་ཚོགས་རྣམས་མཁྲེགས་འཛིན་དང་གླེན་ཞིང་ལྐུགས་པ་ཞེས་འཕྱ་སྨོད་བྱེད་མོད།    དོན་དངོས་ཁོ་ཚོ་ནི་གླེན་ལྐུགས་ལས་ཀྱང་ཐུ་བའི་མི་རིགས་བླ་བཙོང་མཁན་དང་བོད་མི་རྫུན་མ་ཤ་སྟག་ཏུ་གྱུར་བ་མ་ཡིན་ནམ།    སྐད་ཆ་འདི་ཚོ་ངས་བསམ་བཞིན་ཁོ་ཚོར་བསྒྲིགས་པ་མིན་ཡང་བདེན་དོན་དང་གནས་ལུགས་ཀྱིས་དབང་མེད་དུ་བསྩལ་བའི་གཟེངས་སྐྱེས་རེད།   མདོར་ན།   རང་སེམས་ལ་སྐོར་བ་དང་།   རང་ལུས་ལ་ཞིབ་འདང་གི་དཔེ་བཞིན།    བོད་རིགས་ལས་བྱེད་དང་ན་གཞོན་ཤེས་ཡོན་པ་ཁོག་ན་སྙིང་དང་སྙིང་ལ་འཕར་ལྡིང་ཅན་རེ་ཡོད་ན།  ཀུན་གཟིགས་རིན་པོ་ཆེའི་བཀའ་སློབ་ལས། སློབ་མ་བསྡུ་བ་དང་ལས་བྱེད་པ་བསྡུ་ལེན་བྱེད་སྐབས་བོད་ཡིག་གཙོ་བོར་བཟུང་སྟེ།   ང་ཚོས་ཡིག་རིགས་གཉིས་ཁོང་དུ་ཆུད་པར་སྐུལ་ལྕག་བྱེད་དགོས། ”  ཞེས་གསུངས་པ་བཞིན།   བོད་ཀྱི་ཞིང་ཆེན་དང་ལྗོངས་རིམ་པའི་སློབ་གྲྭ་ཆེ་འབྲིང་ཁག  ས་ཁུལ་རིམ་པའི་དགེ་འོས་སློབ་གྲྭ་དང་འཕྲོད་བསྟེན་སློབ་གྲྭ།    ལས་རིགས་ལག་རྩལ་སློབ་གྲྭ།   མི་རིགས་སློབ་འབྲིང་སོགས་ཀྱིས་སློབ་མ་གསར་བསྡུའི་རྒྱུགས་གཞི་འདོན་སྤྲོད་བྱེད་ཚེ་རྒྱ་དབྱིན་གྱི་སྐད་ཡིག་ལྟ་བུ་ལས་གཞན་རྩིས་དངོས་རྫས་གསུམ་དང་ས་རྒྱུས་ལོ་རྒྱུས་སོགས་ཀྱི་རྒྱུགས་གཞི་གང་ཡིན་ཡང་བོད་ཡིག་གི་ལམ་ནས་འདོན་སྤྲོད་བྱེད་དགོས་པར་མ་ཟད་བོད་ཀྱི་སྐད་ཡིག་དང་གཞུང་ལུགས་སོགས་ཀྱི་ཡོན་ཚད་གཞིར་བཟུང་སྟེ་སློབ་མ་བསྡུ་ལེན་བྱེད་དགོས།    ད་ལྟ་བོད་རིགས་རང་སྐྱོང་ས་ཁུལ་གྱི་སྲིད་འཛིན་སྡེ་ཁག་མང་བོ་དང་སྐད་བསྒྱུར་ལས་ཁུངས།    གསར་འགྱུར་སྡེ་ཁག་སོགས་སུ་བོད་སྐད་མི་ཤེས་ཀྱང་ཚིག་མཛོད་དག་ལ་བརྟེན་ནས་རྡོ་ཆག་བཙན་བསྒྲིགས་ཀྱིས་ཡིག་བསྒྱུར་སོགས་ཀྱི་ཕྱག་ལས་གནང་མཁན་མ་མང་ན་མི་ཉུང་བ་མངོན་སུམ་མིག་གི་སྤྱོད་ཡུལ་དུ་ཡོད་པ་དེ་རེད།    བོད་ཀྱི་སྐད་ཡིག་གི་གཞི་རྩ་མེད་པའི་ལས་ཁུངས་དག་གི་སྐྱོ་གར་ལ་བསམ་ན་གཞན་དག་ཁ་མ་གདངས་ཀྱང་ཁོག་པ་མཐོང་བའི་ཚོད་དུ་ཡོད་པས།         དེང་ཕྱིན་སྣང་ཚུལ་ངན་པ་དེ་དག་གཏན་འགོག་དང་།    མི་རིགས་འཕེལ་རྒྱས་ལ་སྐུལ་འདེད།    མི་རིགས་རང་སྐྱོང་བཅའ་ཁྲིམས་ཀྱི་ངོ་བོ་ངོ་མ་ལག་བསྟར་བཅས་ཀྱི་ཆེད་དུ།    ལས་སྒུག་གཞོན་ནུ་དག་ལས་བྱེད་པར་བསྡུ་ལེན་དང་།    གོ་གནས་བསྐོ་བཞག་སོགས་སྐབས་ཀུན་ཏུ་བོད་ཀྱི་སྐད་ཡིག་གི་ཡོན་ཚད་ཨང་དང་བོའི་ཆ་རྐྱེན་དུ་བཞག་སྟེ།    བོད་རིགས་ལྟ་ཅི་རྒྱ་ཧོར་སོགས་མི་རིགས་གང་དུ་གཏོགས་ཀྱང་བོད་ཁུལ་གྱི་ལས་བྱེད་པར་བསྡུ་ཚེ་བོད་ཀྱི་སྐད་ཡིག་ལ་བྱང་ཚད་ངེས་ཅན་ཞིག་མེད་ན་བསྡུ་ལེན་མི་བྱེད་པ་དང་གོ་གནས་སུ་བསྐོ་གཞག་བྱེད་མི་ཆོག་པར་གཏན་འབེབ་བྱེད་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན་པས།    རང་སྐྱོང་ས་ཁུལ་གང་ཞིག་ཏུ་དེ་ལས་ལྡོག་པའི་སྣང་ཚུལ་ཙམ་ཡོད་ན་བོད་མི་མཐོ་དམན་བར་གསུམ་གྱིས་བསམ་འཆར་འདོན་པ་དང་སྐྱོན་བརྗོད་བྱེད་ཆོག་ཆོག་ཡིན་ཏེ།   རྩ་ཁྲིམས་ཀྱི་མདུན་དུ་ཐམས་ཅད་འདྲ་མཉམ་དང་སྨྲ་བརྗོད་ཀྱི་རང་དབང་ཡོད་དགོས་ལ།   རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་མི་བྱེད་མཁན་དག་རྒྱལ་ཁབ་འཕུང་སྦྱོར་དང་མི་རིགས་མདུན་སྐྱོད་ཀྱི་བཀག་རྡོ་ཞིག་ལས་གཞན་ཅི་ཡང་མིན།   དེ་ལ་ཐེ་ཚོམ་སྤུ་ཙམ་ཡང་མེད།

   སློབ་མ་དང་ལས་བྱེད་པ་གསར་བསྡུ་ལ་བོད་ཀྱི་སྐད་ཡིག་ཆ་རྐྱེན་གྱི་དང་བོར་བཞག་ཀྱང་།   ད་ལྟ་ལས་ཡུལ་དུ་དངོས་སུ་མི་རིགས་ལས་བྱེད་པ་བོད་ཀྱི་སྐད་ཡིག་མི་ཤེས་པ་ཚོས་མི་རིགས་འཕེལ་རྒྱས་ལ་དལ་འགོར་ངེས་ཅན་ཞིག་བྱེད་བཞིན་ཡོད་པས་དེ་དག་ལ་ཐབས་ཇུས་ཅི་འདྲ་ཞིག་འཐེན་དགོས་ཞེ་ན།  ཀུན་གཟིགས་རིན་པོ་ཆེའི་བཀའ་སློབ་ལས།     “ད་ལྟ་ལོ་ལྔ་བཅུ་མན་ཆད་ཀྱི་ལས་བྱེད་པས་བོད་ཡིག་མི་ཤེས་པ་ལ་ལོ་གསུམ་ལ་དུས་བཅད་ནས་སློབ་སྦྱོང་བྱེད་དགོས།    ལོ་གསུམ་གྱི་རྗེས་ནས་འདོན་ཐུབ་པ་དང་འབྲི་ཐུབ་པ་བྱེད་དགོས།   ཆ་རྐྱེན་འདི་ཚད་མཐོ་རྒྱུ་མེད།   སློབ་ཆུང་གི་ཡོན་ཚད་ཡིན།   ལོ་གསུམ་ནང་ནས་ཡོན་ཚད་དེ་ལ་ཐོན་པ་ཚོར་བྱ་དགའ་སྟེར་བ་དང་གཟེངས་བསྟོད་བྱེད་དགོས།    གལ་ཏེ་ལོ་གསུམ་ནང་རྒྱུགས་མ་འཕྲོད་པ་ལ་ཡང་སྐྱོན་བརྗོད་བྱེད་ངེས་ཡིན།    ཕྱོགས་གཞན་ཞིག་ནས།    རྒྱུགས་བླངས་གྲུབ་འབྲས་ཁོ་རང་གི་ཚགས་ཡིག་ནང་ལ་འཇུག་པ།    གོ་གནས་སྤར་བ་དང་བཀོལ་སྤྱོད་བྱེད་པའི་གཞི་འཛིན་སར་བྱེད་དགོས།”   ཞེས་གསུངས་པ་ལྟར།   བོད་རིགས་རང་སྐྱོང་ས་ཁུལ་གྱི་རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་དང་།   ཁེ་ལས་སྡེ་ཁག་ཚང་མར་བོད་ཀྱི་སྐད་ཡིག་ཆེད་སྦྱོང་འཛིན་གྲྭ་བསྟུད་མར་བཙུགས་ཏེ་བོད་ཀྱི་སྐད་ཡིག་མི་ཤེས་པའི་མི་རིགས་ལས་བྱེད་པ་མཐོ་དམན་བར་གསུམ་སུ་ཡིན་ལ་ནན་ཏན་གྱིས་སྦྱོང་དུ་བཅུག་ནས་སྦྱངས་འབྲས་ཕུལ་བྱུང་ཅན་ལ་གཟེངས་བསྟོད་དང་བྱ་དགའ་སྟེར་བ་མ་ཟད།   གོ་གནས་ཡར་འཕར་གྱི་གཞི་རྩར་འཇོག་པ།        གཏན་འཁེལ་ཡོན་ཚད་ལ་མ་སླེབས་པའམ་སྦྱང་འདོད་མེད་པ་རྣམས་ལ་ཟླ་ཕོག་འཐེན་འཕྲི་དང་གོ་གནས་འཕར་མི་ཆོག་པའི་རྒྱུ་རྐྱེན་དང་བོར་བཞག་ན་མི་རིགས་ལས་བྱེད་པས་བོད་ཀྱི་སྐད་ཡིག་མི་ཤེས་པའི་གནད་དོན་དེ་མགྱོགས་མྱུར་ངང་ཐག་གཅོད་བྱེད་ཐུབ་པར་ངེས་ཏེ།  ཚོང་ལས་སོགས་རང་ཉིད་ལ་ཁེ་ཕན་ལྡན་པ་ཞིག་ཡིན་ཚེ་རྒྱ་དང་ཁ་ཆེ་སོགསསུ་ཡིན་ཡང་ལོ་གཅིག་གམ་ཟླ་བ་ཁ་ཤས་ནས་བོད་སྐད་ཐོགས་མེད་དུ་བཤད་ཐུབ་པ་ལ་སོམས་དང་ཤེས།

    གཞན་ཡང་ད་ལྟ་བོད་སྤྱི་ཚོགས་ཁྲོད་དང་ལས་ཁུངས་ཁག་སོགས་གང་དུའང་བོད་ཡིག་གི་བཀོལ་རྒྱ་ཨ་ལོང་ལས་འགག་དོག་ཅིང་རྟ་རང་ལས་ཉག་ཕྲ་བའི་ཚོད་དུ་ཡོད་དེ།    ཁྱིམ་མཚེས་མི་རིགས་དག་ལྟ་ཅི་བོད་རང་ཉིད་ཀྱི་ནང་ནའང་བོད་ཡིག་སློབ་ན་མདུན་ལམ་མེད་ཅིང་དེ་ནི་ཆོས་ལུགས་པའི་དགོས་མཁོ་སྐོང་བྱེད་ཙམ་དུ་འདོད་མཁན་དང་སྨྲ་མཁན་ཤིན་ཏུ་མང་།   དེ་ནི་ནོར་འཁྲུལ་གྱི་བསམ་བློ་དང་གུ་དོག་པའི་ལྟ་ཚུལ་འབའ་ཞིག་ཡིན་ཏེ།   དགོས་མཁོ་དང་མདུན་ལམ་ཡོད་མེད་གཙོ་བོ་རང་ཉིད་ལ་རག་ལས་ཡོད།    བོད་ཡིག་གི་ངོས་ནས་བཤད་ན་འཛམ་གླིང་ཡིག་རིགས་ཁྲོད་དུ་ཨང་གཉིས་པའི་སྟེགས་བུར་དབང་ཞིང་སྦྱོར་ཀློག་བདེ་ལ་སློབ་སླ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཞེས་ལྷོ་ནུབ་རྒྱལ་ཁབ་ཀྱི་གཟུར་གནས་དཔྱོད་ལྡན་མང་བོས་བསྔགས་བརྗོད་ཀྱི་རོལ་མོ་བར་མེད་དུ་འཁྲོལ་བཞིན་འདུག་པ་ལྟར་རེད།    དེས་ན་ཕན་མེད་གནོད་མེད་ཀྱི་ལས་ཁུངས་ཁ་ཤས་ཀྱིས་བོད་ཡིག་ཙག་ཙིག་རེ་སྤྱད་པའམ།   བོད་ཡིག་གི་སྒོ་བྱང་བརྗིད་པོ་རེ་བཀལ་བ་ཙམ་གྱིས་མི་ཆོག་པར།  ཀུན་གཟིགས་རིན་པོ་ཆེའི་བཀའ་སློབ་ལས།    “གོང་རིམ་ནས་འོག་རིམ་ལ་བཀྲམ་པའི་ཡིག་ཆ་གལ་ཏེ་བོད་ཡིག་མེད་ན།    འོག་རིམ་གྱིས་ཁས་མི་ལེན་པ་བྱས་ཆོག  རྫོང་མན་ཆད་ཀྱི་ཏང་ཨུས་གོང་ལ་གནས་ཚུལ་ཞུ་ཡིག་འབྲི་ན། བོད་ཡིག་གིས་བྲིས་ནའང་ཆོག”  ཅེས་དང་། ང་ཚོས་བོད་ཡིག་མ་བཀོལ་ན་ལས་བྱེད་པས་བོད་སྐད་མི་གོ་བས། བཅའ་ཁྲིམས་ཀྱི་སྟེང་ནས་བཤད་ནའང་མི་ཆོག་པ་ཞིག་རེད།  དེའི་རྒྱུ་མཚན།  རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནང་དུ་མི་རིགས་ས་ཁུལ་དུ་མི་ཚང་མས་ཐུན་མོང་གིས་སྤྱོད་བཞིན་ཡོད་པའི་སྐད་ཡིག་ངེས་པར་དུ་ལག་ལེན་བྱེད་དགོས་ཞེས་ཐག་གིས་བཅད་འདུག བོད་ལྗོངས་འདི་འདྲ་བའི་ས་ཆའི་མི་གྲངས་ཀྱི་བརྒྱ་ཆའི་གོ་ལྔ་བོད་རིགས་ཡིན་པས་བོད་ཡིག་ནི་ཐུན་མོང་གིས་སྤྱོད་པའི་ཡི་གེ་ཡིན་པ་སྨོས་མ་དགོས་ཞེས་པའི་ལེགས་བཤད་ཟབ་མོ་གཞིར་བཟུང་ནས་བོད་ཁུལ་གྱི་ལས་ཁུངས་སོ་སོས་བྱ་གཞག་གང་ཡིན་ཡང་བོད་ཡིག་གཙོ་བོར་བཀོལ་སྤྱོད་བྱས་ཏེ། གོང་རིམ་ནས་བཀྲམ་པའི་ཡིག་ཆ།  འོག་རིམ་ནས་ཕུལ་བའི་སྙན་ཞུ། ཐ་ན་འཕྲིན་ཡིག་གི་ཤོག་སྒྲོམ་དང་རླངས་འཁོར་གྱི་འཛིན་བྱང་ཡན་ཆད་ཀྱི་སྟེང་དུ་བོད་ཡིག་བྲིས་ཤིང་དེས་གོ་ཆོད་པ་བྱེད་རྒྱུ་དང་།   ཚོགས་འདུ་ཆེ་ཆུང་ཚང་མར་བོད་སྐད་རྐྱང་བའམ་རྒྱ་བོད་སྐད་གཉིས་སྦྲགས་མས་གཏམ་བཤད་བྱེད་པ་སོགས་མིག་མཐོང་ལག་ཟིན་གྱིས་རྒྱ་ཁྱབ་དུ་སྤེལ་དགོས་སོ༎

མདོར་ན་ཀུན་གཟིགས་རིན་པོ་ཆེས་ཁམས་ཕྱོགས་ནས་སེར་སྐྱ་མང་ཚོགས་ལ་བསྩལ་བའི་བསླབ་བྱ་ལས། ང་ཚོ་ཚང་མ་བོད་པ་རེད།  བོད་རིགས་ཡིན།  སྔོན་ལ་བོད་ཡིག་ཡག་པོ་ཞིག་སྦྱང་དགོས། ངས་རྒྱུན་དུ་ང་ཚོ་བོད་རིགས་ཀྱིས་རང་གི་སྐད་ཡིག་སྦྱང་དགོས་པ་འདུག་ཅེས་གང་ས་གང་དུ་སྐད་རྒྱག་གི་ཡོད། ཏོག་ཙམ་ཡར་རྒྱས་ཕྱིན་ཡོད་ཀྱང་ད་དུང་ཡག་པོ་རང་མི་འདུག  འདོད་པ་ཚིམ་པོ་ཞིག་མི་འདུག    ཚང་མས་བོད་ཡིག་དེ་ཡག་པོ་ཞིག་སྦྱང་རོགས་ཞུཞེས་གལ་བོ་ཆེ་ལ་ནན་ཏན་དང་།  དམ་པའི་ཆོས་ལ་བརྒྱ་ཚར་གྱི་ཚུལ་དུ་ཡང་ཡང་གདམས་པ་དེ་ཉིད་འཕར་ལྡིང་སྙིང་གི་དཀྱིལ་ལ་དམ་པོར་བཅུག་ཏེ་ནུས་ཤུགས་ཡོད་རྒུ་རྩལ་དུ་སྤྲུགས་ནས་ལག་ལེན་གནང་རྒྱུ་ནི་དཔལ་ལྡན་བླ་མ་དམ་པ་ཁོང་གིས་བོད་མི་རིགས་ལ་བཅངས་པའི་ཐུགས་རེ་དང་ཕྲན་གྱིས་རྩོམ་ཐུང་འདི་འབྲི་བའི་དམིགས་ཡུལ་ཉག་གཅིག་ལགས་སོ༎  ཐེངས་འདིར་བཀོད་པའི་བཀའ་སློབ་དག་ནི་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དང་དར་སྤེལ་གྱི་ཕྱོགས་ཁོ་ན་ཡིན་ལ།  གཞན་ཡང་ཀུན་གཟིགས་སྣང་མཐའི་མགོན་པོ་མཆོག་གིས།    བོད་ཁུལ་གྱི་སློབ་གྭ་ཁག་ནས་མི་རིགས་རིག་གནས་ཆ་ཚང་ཁྲིད་སྤེལ་བྱེད་དགོས་པའི་སྐོར་དང་།  དགོན་སྡེ་རྣམས་སུ་ཐུགས་མཐུན་ཁྲིམས་གཙང་སྒོས་ཚན་རིག་ཤེས་བྱ་ཁྱབ་སྤེལ་བྱེད་དགོས་པའི་སྐོར།   བོད་བརྒྱུད་ནང་བསྟན་ཆོས་ལུགས་རྒྱུད་འཛིན་དང་དར་སྤེལ་ཆེན་པོས་འཇམ་གླིང་ཞི་བདེའི་ཕྱྭ་གཡང་འགུག་ཐབས།  ཕུ་ནུ་ནང་འཁྲུག་དང་རྩྭ་ས་རྩོད་གླེང་གི་སྐྱོ་གར་བཟློག་པའི་སྨན་སྦྱོར།  བོད་མིའི་ཚུར་ལེན་བྱ་སྤྱོད་ཀྱི་བླང་དོར།   སྒྱུ་རྩལ་བྱ་གཞག་གང་ལའང་མི་རིགས་ཀྱི་ཁྱད་ཆོས་ཉམས་མི་རུང་བའི་མཛུབ་སྟོན། རང་བྱུང་ཁམས་ཆེན་པོར་སྲུང་སྐྱོབ་དང་གཅེས་སེམས་འབུལ་དགོས་པའི་སྐོར་སོགས་ང་ཚོ་ཕྱི་རབས་པ་ཡོངས་ཀྱིས་ངེས་པར་དུ་ཤེས་རྟོགས་དང་སློབ་སྦྱོང་བྱེད་དགོས་པའི་བཀའ་སློབ་གསེར་གྱི་ཞིན་ཐིགས་ལྟ་བུ་མང་དུ་གནང་འདུག་མོད། འདིར་དཀྱུས་གཅིག་དུ་དགོངས་འགྲེལ་བྲིས་ན་མང་བར་དོགས་ནས་གཞན་ཞིག་ཏུ་འབྲི་འདུན་དང་བཅས་ཏེ།  བོད་ཀྱི་སློབ་གསོ་དར་སྤེལ་ལ་བཅོས་མིན་གྱི་ཁ་སེམས་དཀར་བའི་བཙུན་གཟུཊ་སྙོམས་ལས་པ་ལྡོང་ཡོན་ཏན་རྒྱ་མཚོར་འབོད་པས།  རྨ་ཀླུང་སྔོན་མོའི་འགྲམ་རྒྱུད་དུ་ཆགས་པའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ཆེན་མོ་ནས་གུས་པས་སྨྲས་སོ༎

གསར་འགོད་པ།  སྨྲ་ཁམས་མཁའ་འགྲོ་རྒྱལ།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། jg8m བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ངོ་མཚར་ལེགས་བཤད་ལ་བརྟེན་ནས་ཡང་དག་ལེགས་ལམ་འཚོལ་དགོས།   སྤེལ་མཁན།: དྷཱི་ཡིག སྤེལ་དུས:2020/8/27
དགེ་བའི་བཤེས་གཉེན་དག་གི་གསུང་ལ་ཡི་རང་བྱེད།རླབས་ཆེ་བའི་མཛད་རྗེས།🙏🌎🙏🌎🙏🌍
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23591902
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།