བོད་ཀྱི་བརྡ་མཚོན་སྒྱུ་རྩལ་མདོ་ཙམ་གླེང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་ལྡོང་ཡོན་ཏན་རྒྱ་མཚོ། »བོད་ཀྱི་བརྡ་མཚོན་སྒྱུ་རྩལ་མདོ་ཙམ་གླེང་བ།
བོད་ཀྱི་བརྡ་མཚོན་སྒྱུ་རྩལ་མདོ་ཙམ་གླེང་བ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2020-08-20ལྟ་ཀློག (2613)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བོད་ཀྱི་བརྡ་མཚོན་སྒྱུ་རྩལ་མདོ་ཙམ་གླེང་བ།

ལྡོང་ཡོན་ཏན་རྒྱ་མཚོས།

         རིག་གནས་ལ་བསམ་པའི་རིག་དང་དངོས་པོའི་རིག་གནས་ཞེས་དེང་གི་བཤད་ཚུལ་ལྟར་གཉིས་སུ་འབྱེད་པའི་དབང་དུ་བྱས་ན་བརྡ་མཚོན་ནམ་བརྡ་ཐབས་སྒྱུ་རྩལ་འདི་ནང་བསམ་པའི་རིག་གནས་ཀྱི་ཁྱབ་ཁོངས་སམ་ཡན་ལག་ཏུ་འདུ་ཞིང་།    བོད་མི་རིགས་ནི་འཛམ་གླིང་སྟེང་བརྡ་མཚོན་སྒྱུ་རྩལ་བེད་སྤྱོད་ཆེས་ཆེར་དར་བའི་རྒྱལ་ཁམས་ཤིག་རེད་ཅེས་བརྗོད་ཀྱང་ཐལ་མི་ཆེ་བར་སེམས།  བརྡ་མཚོན་སྒྱུ་འདི་ད་ལྟ་འཛམ་བུའི་གླིང་ཡོངས་ལ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཅིང་ཐ་ན་འགྲིམ་འགྲུལ་གཅིག་བུའི་ཕྱོགས་ལའང་རིགས་གནས་རྣམ་པ་མི་འདྲ་བ་བརྡ་ཐབས་དང་སྤྱོད་སྒོ་མི་འདྲ་བ་བརྒྱ་སྟོང་ཙམ་ཞིག་མི་འདུག་གམ།

བོད་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་དང་།  ཡུལ་སྲོལ་གོམས་གཤིས།  ཟས་གོས་གནས་མལ།  འགྲོ་འདུག་སྤྱོད་ལམ་སོགས་གང་ཅིའི་ཐད་དུའང་བརྡ་མཚོན་སྒྱུ་རྩལ་གྱི་ཟར་ཟུར་གང་རུང་རེ་དང་མ་འབྲེལ་བ་ཕལ་ཆེར་མེད་ཚོད་དུ་འདུག་ཀྱང་།  བོད་མི་རིགས་མང་ཚོགས་མང་བོ་ཞིག་གིས་བརྡ་མཚོན་དེ་དག་གོམས་སྲོལ་ཙམ་ཞིག་ཏུ་འཛིན་པ་ལས་ཅི་དང་གང་ཞིག་མཚོན་པ་མི་ཤེས་ལ།  ཤེས་ལྡན་པ་ཚོས་ཀྱང་བཏང་སྙོམས་སུ་བཞག་སྟེ་གསལ་བཤད་མ་གནང་བའམ་ཆོས་ཕྱོགས་ཀྱི་བརྡ་མཚོན་དེ་དག་གི་མཚོན་བྱ་ནི་ཟབ་ཅིང་རྒྱ་ཆེ་ལ།  ཁྱད་པར་སྔགས་ཕྱོགས་ཀྱི་བརྡ་མཚོན་དག་གསལ་རྒྱས་སུ་བཤད་ན་གསང་བ་ཁྲོམ་བསྒྲགས་ཀྱི་ཉེས་པར་ཡང་འགྱུར་དོགས་པས་མ་གསུངས་པར་སྣང་ངོ་༎

    བདག་གིས་ཀྱང་འདིར་གསང་སྔགས་སོགས་ཀྱི་བརྡ་མཚོན་རྣམས་མི་རུང་རུང་མདོག་དང་མི་ནུས་ནུས་ཁུལ་གྱིས་བཤད་རྩིས་མེད་ལ།  བརྡ་མཚོན་གཞན་དག་རྗེས་སོར་ཅུང་ཞིབ་རྒྱས་སུ་འབྲི་འདུན་གྱིས་འདིར་ཐོག་མའི་གླེང་སློང་ངམ་ངོ་བོ་དངོས་བསྟན་གྱི་ཚུལ་རགས་ཙམ་གླེང་ན། མིའི་སེམས་ཁམས་ཀྱི་འགྱུར་བ་དང་འཇིག་རྟེན་གྱི་བྱ་བཞག་ཡོད་ཚད་སྐྱེས་བུའི་ངག་སྤྱོར་ཁོ་ནས་གསལ་རྗེན་དུ་སྟོན་ཐུབ་པའི་ངེས་པ་མེད་ལ།  ཕྱི་ལུས་ཀྱི་རྣམ་འགྱུར་ཕྲ་མོས་ནང་གི་དགའ་སྐྱོ་ཆགས་སྡང་མཚོན་པར་བྱེད་པ་དང་།  དབྱིབས་གཟུགས་དང་ཁ་དོག་མི་འདྲ་བ་སྣ་ཚོགས་ཀྱིས་བདེ་སྡུག་ལེགས་ཉེས་དང་དུས་ཁྱད་པར་སོགས་ཧ་ཅང་གནད་ཁེལ་ལ་སྟབས་བདེའི་སྒོ་ནས་སྟོན་པར་བྱེད་པའི་བརྡ་མཚོན་སྒྱུ་རྩལ་འདི་ནི་རྨད་དུ་བྱུང་བ་ཞིག་སྟེ།  སྔོན་གྱི་དུས་སུ་བོད་ཀྱི་རུ་སྡེ་དང་ཚོ་ཁག་ཕན་ཚུན་བར་དང་རྒྱལ་ཁབ་མི་རིགས་གཞན་དག་ལ་དམག་འཁྲུག་བྱུང་ཚེ་དགྲ་གཉེན་སོ་རྟོག་པས་མེ་སྤར་བའི་ཐབས་ཤེས་སྤྱད་དེ་།  དུས་གང་དུ་མེ་བརྡ་བཏང་བའི་ཚེ་དགྲ་བོ་སླེབས་པའམ་རྐྱེན་གང་རུང་གི་སྔོན་བརྡ་རུ་གོ་བར་བྱས། དེ་ཡང་ཉིན་མོ་དུ་བ་སློང་བ་དང་མཚན་མོ་མེ་ཕུང་བཀོལ་ཞིང་།  མེ་ཕུང་ཆེ་ཆུང་དང་དུ་བའི་རྒྱུན་རིང་ཐུང་གིས་གནས་ཚུལ་ཛ་དྲག་ཡིན་མིན་སོགས་མཚོན་ཐུབ་པ་ཡིན་འདུག  ད་ལྟ་ལྷ་བསང་གཏོང་བའི་སྲོལ་འདི་ཡང་གནའ་བོའི་མེ་བརྡ་གཏོང་ཚུལ་རྒྱུན་འབྱམས་སུ་འཕེལ་བར་བཤད།  རྫ་རི་དང་བྲག་རི། གངས་རི་དང་སྤང་རི་རྣམས་ཀྱི་རྩེ་མོར་ལབ་ཙེ་བརྩིགས་པ་ནི་བོད་ཀྱི་ས་ཁོངས་མཚོན་བྱེད་མཆོག་ཏུ་གྱུར་བ་དང་མི་རིགས་གཞན་ན་མེད་པའི་ཁྱད་ཆོས་ཤིག་སྟེ།  གནས་གང་དུ་ལབ་ཙེ་ཞིག་ཡོད་པ་ཡིན་ན་དེའི་ཉེ་འཁོར་དུ་བོད་ཀྱི་རུ་སྡེ་རེ་ཡོད་ཅིང་དེ་ནི་བོད་ཀྱི་དབང་རིས་སུ་གཏོགས་པ་མཚོན། དེ་ཡང་ལབ་ཙེའི་ཐོག་མ་རྣམ་པ་ནི་ས་ཐོའམ་ས་འབུར་རེ་བསླངས་པ་ཡིན་འདུག་སྟེ། ཁྱིམ་ཚངསོ་སོས་རྒྱུ་ནོར་འཇོག་ས་དེར་བདག་པོ་ཡོད་པའི་རྟགས་སུ་ས་ཐོ་བསླངས་ཤིང་གཞན་གྱིས་དེ་མཐོང་ཚེ་བཤོལ་ནས་འགྲོ་བ་མ་ཟད།  ཕྱག་རྒྱས་མཚན་པའི་དངོས་པོར་ལོངས་སྤྱད་ན་བཀྲ་མི་ཤིས་པ་དང་གྱོད་གྱི་སྣ་འདྲེན་དུ་བརྩི། རྗེས་སུ ་དམག་འཁྲུག་དང་ས་རྩོད་ཆེས་ཆེར་དར་ཚེ་ས་ཐོའི་བརྡ་རྟགས་དེ་ཡང་མདའ་མདུང་རལ་གྲི་སོགས་ཕྱུར་བུར་སྤངས་ཏེ་ལབ་ཙེའི་རྣམ་པར་གྱུར་ལ། ལབ་ཙེ་བརྩིགས་མཁན་ཡོངས་ཀྱི་ཕུགས་བསམ་དང་མཐུན་སྒྲིལ་གཅིག་གྱུར་གྱི་བརྡ་མཚོན་ནམ་སྔར་བཞིན་བདག་དབང་ས་ཁོངས་མཚོན་གྱིན་ཡོད། རྗེས་སུ་ཆོས་ལུགས་དང་འབྲེལ་བའི་བྱེད་སྒོ་སྣ་ཚོགས་ཀྱིས་ཇེ་ལེགས་ཇེ་མཛེས་ཀྱི་ངོ་བོར་འཕེལ་རྒྱུས་ལ་སོང་། བོད་མི་རིགས་ནི་གཅན་གཟན་སྣ་ཚོགས་ཀྱི་པགས་རིགས་ཀྱིས་བཟོས་པའི་འཆོར་གོས་དང་རྒྱ་མཚོ་དང་ས་འོག་ལས་ཐོན་པའི་རྡོའི་རིགས་ཀྱི་རྒྱན་ཆ་སྣ་ཚོགས་ལ་དགའ་མཁན་ཞིག་རེད་ཅེས་གཞན་དག་གིས་བརྗོད་ཀྱིན་འདུག་ལ་དོན་དངོས་ཀྱང་དེ་ལྟ་བུ་ཞིག་རེད། པགས་རིགས་དང་རྒྱན་ཆ་དེ་དག་གིས་ཀྱང་སྔོན་ལོངས་སྤྱོད་པ་བོ་དཔའ་བོའམ་རྡར་མ་དང་། དྲག་ཞན་སོགས་མཚོན་གྱིན་ཡོད། དཔེར་ན། སྔོན་གྱི་བོད་བཙན་པོ་དག་གི་དུས་འཁྲུག་བརྒྱབ་ནས་བྱས་རྗེས་ཡང་རབ་བཞག་པའི་དཔའ་བོའི་མགོ་ལ་བྱ་རྒོད་ཀྱི་སྒྲོ་དང་ལུས་ལ་སྟག་གཟིག་གི་པགས་པའི་གོས་བགོ་བ་དང་། བྱས་རྗེས་འབྲིང་ཙམ་བཞག་པ་ལ།  མགོར་དེ་ཕོའི་སྒྲོ་དང་ལུས་ལ་དོམ་དྲེད་ལྟ་བུའི་གོས་བགོ་བ། དཔའ་བོའི་བྱས་རྗེས་མེད་པའི་རྡར་མའི་མགོ་ལ་ཁྭ་ཏའི་སྒྲོ་འཛུགས་པ་དང་ལུས་ལ་ཝ་ལྤགས་ཀྱི་གོས་བགོ་བར་བཤད་མོད་ད་ལྟ་འཆོར་གོས་ཙམ་ལས་དེ་དག་གིསྣང་ཚུལ་མེད་པར་གྱུར། གཞན་ཡང་བླ་དཔོན་མཐོན་པོའི་མཚོན་རྟགས་སུ་གཡུ་ཡི་ཡི་གེ་འབུལ་བའམ་གཡུ་ཡི་ཐམ་ག་བཟོ་བ།  དེ་ནས་དམའ་རིམ་བཞིན་དུ། གསེར་དང་ཕྲ་མེན། དངུལ་དང་ཟངས་བ་སོདང་མ་ནོ། ཤེལ་དང་ལྕགས་སོགས་རིགས་མི་འདྲ་བའི་ཡི་གེ་དང་ཐམ་ག་བཀོལ་ཏེ་རང་རང་གི་ཐོབ་མངའ་ཐང་མཚོན་པར་བྱེད།  ཁ་དོག་གི་ཆ་ནས་ཀྱང་དཀར་བོས་ཞི་བ་དང་། སེར་བོས་རྒྱས་པ་དང་།  དམར་བོས་དབང་། ནག་པོས་དྲག་ལས་མཚོན་པར་བྱེད་ཅིང་དབྱིབས་ཀྱི་ཆ་ནས་ཟླུམ་པོས་ཞི་བ་དང་། གྲུ་བཞིས་རྒྱས་པ། ཟླ་གམ་གྱིས་དབང་། གྲུ་གསུམ་གྱིས་དྲག་པོ་མཚོན་པ་ཡིན་ནོ༎

   བོད་གངས་ཅན་ནི་མཆོག་བཀུར་དམན་སྐྱོང་གི་གོམས་སྲོལ་བཟང་བོ་གཤིས་སུ་གྲུབ་ཅིང་རྟེན་འབྲེལ་གྱི་རིགས་ལམ་ཁས་ལེན་མཁན་ཞིག་ཡིན་པས།  ཡུལ་མཆོག་དམན་གཞིགས་ཏེ་ལུས་ཀྱིས་གུས་ཉམས་དང་ཐལ་མོ་སྦྱར་བ།  བཞུགས་གདན་གྱི་རྩེག་རིམ་མི་འདྲ་བ།  བཞུགས་གྲལ་གྱི་མཐོ་དམན་མི་འདྲ་བ།  ཐ་ན་འཕྲིན་ཡིག་ཙམ་གྱིའང་འགོ་འཛུགས་ཚད། མཇུག་བསྡུད་མཚམས། ཤོག་བུ་ལྟེབས་སྟངས།  ཡིག་རིས་ཀྱི་མཚོན་མདངས་ཙམ་གྱིས་ཀྱང་བརྡ་ཐབས་གང་རུང་རེ་མཚོན་པར་བྱེད་ལ།  གདུགས་དཀར་གྱིས་སེམས་ཅན་གྱི་ཚ་གདུང་ལས་སྐྱོབ་པར་མཚོན་པ་དང་།  གསེར་ཉ་ཟུང་གིས་ཤེས་རབ་མིག་མཚོན་པ། མེ་ཏོག་པདྨས་སྐྱོན་གྱིས་མ་གོས་པར་མཚོན་པ། བུམ་པ་བདུད་རྩིས་གང་བས་རང་གཞན་གྱིས་རྒྱུད་ཆོས་གཏམས་པར་མཚོན་པ།   དུང་དཀར་གཡས་སུ་འཁྱིལ་བས་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པར་མཚོན་པ།  དཔལ་བུའི་འཇའ་འོད་ཅན་གྱི་སངས་རྒྱས་ཀྱི་མཁྱེན་པ་ཐོག་མཐའ་མེད་པ་དང་གཏིང་དཔག་དཀའ་བའམ་མཐུན་སྒྲིལ་མཚོན་པ།  དར་གོས་ལྷབ་ལྷུབ་ཀྱིས་སྤྲས་པའི་རྒྱལ་མཚན་གྱིས་ཕས་ཀྱི་རྒོལ་བ་དང་མི་མཐུན་པའི་ཕྱོགས་རྣམ་པར་རྒྱལ་བར་མཚོན་པ།  གསེར་གྱི་འཁོར་ལོས་ཕ་རོལ་གྱི་རྒོལབ་ཐམས་ཅད་ཟིལ་གྱིས་མནན་ཏེ་ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བས་གདུལ་བྱའི་རྒྱུད་འདུལ་བར་མཚོན་པ་ལྟ་བུའོ༎

      གཞན་ཡང་དངུལ་དཀར་གྱི་མེ་ལོང་དྭངས་ཤིང་གསལ་བས་རང་གཞན་ཐམས་ཅད་གྱིས་དམ་པའི་ཆོས་ཀྱི་དོན་རྟོགས་པར་མཚོན་པ་དང་།  ཞོ་དང་འོ་མས་ཏིང་ངེ་འཛིན་གྱི་ཟས་མཚོན་པ། ཝི་གང་གིས་ཉོན་མོངས་པའི་ནད་སེལ་བར་མཚོན་པ། རྩྭ་དུར་བས་སྐྱེ་འཆི་རྒས་རྒུད་མེད་པའི་སྐུ་ཐོབ་པར་མཚོན་པ། ཤིང་ཏོག་བི་ཝས་རྟེན་འབྲེལ་བཅུ་གཉིས་ལུགས་ལྡོག་གིས་དག་ནས་མྱང་འདས་ཐོབ་པར་མཚོན་པ། དུང་གིས་ཆོས་ཀྱིས་སྒྲ་དབྱངས་སྒྲོག་པར་མཚོན་པ། ལི་ཁྲི་དབང་གི་ཁ་དོག་ཡིན་པས་ཁམས་གསུམ་དབང་དུ་བསྡུ་བར་མཚོན་པ།  ཡུངས་དཀར་གྱིས་མཐུ་སྟོབས་ནུས་པ་ཕུན་སུམ་ཚོགས་པར་མཚོན་པ། གཡུང་དྲུང་གིས་རྟག་ཏུ་གནས་པ་དང་། སྲ་ཞིང་བརྟན་པ།  འགྱུར་བ་མེད་པར་མཚོན་པ། གཡུང་དྲུང་གི་རི་མོར་བོན་དང་ཆོས་སྐོར་ཞེས་འབྲི་ཚུལ་གཉིས་དང་བཤད་པ་ཡང་སྣ་ཚོགས་ཡོད།  གཙུག་ལག་ཁང་སོགས་ཀྱི་སྟེང་དུ་ཡོད་པའི་ཐིག་ནག་གིས་ཕྱི་རོལ་རྒོལ་བ་ངན་པ་ཚར་བཅད་ཅིང་དེ་ལས་རྒྱལ་བར་མཚོན་པ།  ཐུགས་ཀྱི་རྟེན་མཚོན་བྱེད་དང་མཆོད་རྟེན་རྣམ་བརྒྱད་ཅེས་མཚོན་ཡུལ་མི་འདྲ་བ་རེ་ཡོད་པ།  ཁ་བཏགས་སམ་ཁ་དར་གྱིས་རང་ཉིད་ལྷག་བསམ་དཀར་ཞིང་གཞན་ལ་ བཀྲ་ཤིས་པར་མཚོན་པ། མེ་ལོང་དང་དང་པི་ཝིང་། གདུག་སྤོས། ལྷ་བཤོས། དར་གོས་བཅས་ཀྱིས་འདོད་ཡོན་ལྔ་མཚོན་པ། རོལ་མོའི་བྱེ་བྲག་སྣ་ཚོགས་འབུད་རྡུང་དཀྲོལ་གསུམ་དང་ཐལ་མོ་རྡེབ་སྒྲ་སོགས་ལའང་ངོ་མཚར་བའི་མཚོན་བྱ་མཐའ་ཡས་པ་བརྗོད་དུ་ཡོད་དོ།།  གཙུག་ལག་ཁང་གི་སྒོ་ཁང་སོགས་སུ་ཡོད་པའི་སྲིད་པའི་འཁོར་ལོ་ཆ་ལྔ་བས་བདེན་བཞིའི་བླང་དོར་གྱི་འཇུག་ལྡོག་མཚོན་པ་སྟེ།  འཁོར་ལོའི་དབུས་ཀྱི་ཕུག་རོན་གྱིས་འདོད་ཆགས་དང་། སྦྲུལ་གྱིས་ཞེ་སྡང་དང་། ཕག་གིས་གཏི་མུག་མཚོན་ཞིང་།  འཁོར་ལོའི་ཕྱིའི་མཐའ་འཁོར་དུ་དང་བོ་ཐོག་མེད་མ་རིག་པ་ནས་བཅུ་གཉིས་པ་རྒ་ཤིའི་བར་གྱི་རྟེན་འབྲེལ་མཚོན་བྱེད་དུ་རྒན་མོ་ལོང་བ་ནས་རྒན་པོ་དང་རོའི་ཁུར་བའི་རྣམ་པའི་བར་འབྲི་བ། འཁོར་ལོ་འཆི་བདག་གི་ཁ་དང་རྐང་ལག་གིས་དམ་དུ་བཟུང་བས་ལས་ཉོན་གྱིས་སྲིད་པར་སྐྱེས་པ་ཐམས་ཅད་འཆི་བདག་གི་དབང་དུ་མ་སོང་བ་མེད་པར་མཚོན་པ། མདོར་ན།  ཁམས་གསུམ་འཁོར་བའི་སེམས་ཅན་རྣམས་སྡུག་བསྔལ་གསུམ་པོ་གང་རུང་གིས་རྒྱུན་ཆད་མེད་པར་མཚོན་པར་མནན་བ་ན། ངན་སོང་གསུམ་གྱིས་སྡུག་བསྔལ་གྱི་སྡུག་བསྔལ་དང་།  འདོད་ལྷ་དང་མི་གཉིས་ཀྱིས་འགྱུར་བའི་སྡུག་བསྔལ།  གཟུགས་ཁམས་ཀྱི་ལྷ་རྣམས་ཀྱིས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་མཚོན་པར་གསུངས་སོ༎བོད་གདོད་མའི་དུས་སྐབས་སུ་ཡི་གེ་འབྲི་སྲོལ་མེད་པས་ལོ་ཟླ་ཞག་དུས་སོགས་ཐག་མདུད་ཀྱིས་མཚོན་པར་བྱས་ཤིང་གཟའ་རྣམས་མི་ལུས་ཀྱི་ཆ་ཤས་ལས་མཚོན་པ།  རྒྱུ་སྐར་རྣམས་རི་མོའི་ལམ་ནས་མཚོན་པར་བྱས་ཤིང་ལོ་རེ་རེའི་ཕྱི་ནང་སྣོད་བཅུད་ཀྱི་བྱུང་བ་རྣམས་ཀྱང་ཁྲམ་ཤིང་ལ་རྟགས་བཏབ་པའི་སྒོ་ནས་ཕྱི་རབས་པར་གསལ་དང་འདས་དོན་ལ་རྒྱུས་ལོན་བྱས་པ་ཡིན་ཏེ།       དཔེར་ན། ཉི་རྟགས་དང་ཤིང་རྟགས།  བྱ་རྟགས། སྐར་མའི་རྟགས་སོགས་རྟགས་མཚན་མང་བོས་ཞིང་ལས་དང་ཕྱུགས་ཀྱི་བྱ་བཞག་མང་བོའི་དུས་ཚོད་མཚོན་ཐུབ་པ་ལས་གཞན། ལོ་འཁོར་རམ་ལོ་ཆེན་གཅིག་སྲོག་ཆགས་བཅུ་གཉིས་ཀྱི་གཟུགས་ཀྱིས་མཚོན་པར་བྱས་པ།  རིམ་གྱིས་སྲོག་ཆགས་བཅུ་གཉིས་དེས་ཟླ་བ་ཞག་དུས་ཚོད་རྣམས་ཀྱང་མཚོན་པ་སོགས་མང་བོར་སྤྲོས་སུ་ཡོད་ལ། མིའི་སྤྱི་གཙུག་གི་དབྱིབས་ཀྱིས་གཟའ་ཉི་མ་མཚོན་ཕྱིར་བོད་ཀྱི་ཨང་གུ་དང་བོ་སྤྱི་གཙུག་གི་གཟུགས་དང་། དཔྲལ་བས་གཟའ་ཟླ་བ་མཚོན་ཕྱིར་ཨང་གུ་གཉིས་པ་དཔྲལ་བའི་དབྱིབས་ཀྱིས་བྲིས་པ་སོགས་སྐར་ནག་རྩིས་ཀྱི་གཞུང་ལུགས་རྣམས་སུའང་བརྡ་མཚོན་གྱི་སྒོ་ནས་བརྟག་ཐབས་ཤིན་ཏུ་མང་ངོ༎

     བསམ་ཡས་གཙུག་ལག་ཁང་སོགས་སུ་བྲིས་པའི་སྡོམ་བརྩོན་དམ་པ་གཅིག་བུའི་མཚོན་དོན་ཡང་ཧ་ལས་པའི་ཚོད་དུ་ཡོད་དེ།    དབུས་ཀྱི་པད་སྡོང་གིས་མཚན་སྒྲ་མཐུན་པའི་སློབ་དཔོན་པདྨ་འབྱུང་གནས་མཚོན་ཞིང་ཡུ་བ་པདྨར་བརྟེན་པའི་རལ་གྲིས་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་མཚོན་པ། ད་སྡོང་གཡས་ཕྱོགས་ཀྱི་ངང་སེར་ལུས་གཅིག་ལ་མགོ་གཉིས་པས་རྟེན་སྡོམ་བརྩོམ་གྱི་མཚོག་ཏུ་ཞུགས་པའི་སློབ་དཔོན་ཞི་བ་འཚོ་དང་ཀཱ་མ་ལ་ཤྲཱི་ལ་སྟེ་པདྨའི་ངང་ཚུལ་གཉིས་ལྟ་གྲུབ་ཀྱི་དགོངས་པ་གཅིག་ཀྱང་གསུང་གི་ཆོས་སོ་སོར་སྟོན་ཚུལ་མཚོན་པ། པད་སྡོང་གཡོན་ཕྱོགས་གྱི་ནེ་ཙོ་ལུས་གཅིག་ལ་མགོ་གཉིས་པས་ལོ་ཙ་བ་སྐ་བ་དཔལ་བརྩེགས་དང་ཅོག་རོ་ཀླུའི་རྒྱལ་མཚན་གཉིས་ཐུགས་དགོངས་གཅིག་ལ་ཆོས་སོ་སོར་སྟོན་པ་དང་། སྐད་གཉིས་སྨྲ་བའི་ལོ་ཙ་བ་ཡིན་པར་མཚོན་པ། དེ་ཐམས་ཅད་རྒྱ་མཚོ་ཆེན་པོའི་དབུས་སུ་གནས་པས།  བསམ་ཡས་གཙུག་ལག་ཁང་དུས་དབང་གིས་མེའི་གནོད་པ་འབྱུང་བར་ལུང་བསྟན་པ་ཞི་བའི་རྟེན་འབྲེལ་ལམ་མཚོན་ཐབས་ཡིན་ནོ།།

    གཞན་སོག་པོ་སྟག་ཁྲིད་དང་མཐུན་པ་སྤུན་བཞི། རྒྱལ་སྲིད་སྣ་བདུན་སོགས་ལའང་མཚོན་དོན་རེ་རེ་ཡོད་ཅིང་།  རིག་གནས་ཆེ་ཆུང་བཅུ་མཚོན་པའི་རི་མོའང་དོན་འབྱོར་ཞིང་ཡིད་འཕྲོག་པར་ཡོད་པ་ཤེས་གསལ་ལྟར་ལགས།    སྙན་གཞུང་ལེའུ་གཉིས་པར་བསྟན་པའི་ཟུར་གྱི་ཕྲ་མོ་དང་རྣམ་པའི་ཕྲ་མོ་ཞེས་རྒྱན་སྦྱོར་ཚུལ་གཉིས་གསུངས་པ་ལས་རྒྱན་སྔ་མ་དོན་གང་རུང་ལ་བསམ་གཞིགས་སྔོན་དུ་བཏང་སྟེ་དེ་ཉིད་ཕྱི་ལུས་ཀྱི་བརྡ་ཐབས་ཕྲ་མོ་ཙམ་གྱིས་གོ་བར་བྱེད་པ་དང་། རྒྱན་ཕྱི་མ་དོན་གང་རུང་ལ་གློ་བུར་དུ་འཕྲད་པ་ལྟ་བུས་ཐོལ་བྱུང་གི་རྣམ་པས་དགའ་སྐྱོ་སོགས་མཚོན་པའི་རྣམ་འགུར་ཞིག་ལུས་ངག་གང་རུང་ལས་ཟུར་ཙམ་ཐོན་དགོས་ཚུལ་འདིས་བོད་ལ་བརྡ་མཚོན་སྒྱུ་རྩལ་གྱི་གཞུང་ལུགས་ཤིག་ཀྱང་སྔར་ནས་ཡོད་པར་བརྗོད་ཆོག་ལ།  བོད་ཀྱི་རི་མོའི་སྒྱུ་རྩལ་སྤྱི་དང་ཁྱད་པར་དུ་ལྷ་རིས་སྒྱུ་རྩལ་གྱི་ཁྲོད་ན་ངག་གི་གསལ་འདེབས་སམ་སྐད་ཆའི་མཐུས་ཚབ་ཏུ་གྱུར་བའི་བརྡ་མཚོན་རི་མོའི་བཤད་པ་གླེགས་བམ་གྱི་གཏོས་སུ་ལོངས་པ་ཞིག་བརྗོད་དུ་ཡོད་པར་མ་ཟད།  བོནགཞུང་དང་ཆོས་གཞུང་རྣམས་སུ་གསལ་བའི་གཏོར་མ་སྣ་ཚོགས་དང་རྒྱུད་སྡེ་རྣམ་བཞིས་བསྡུས་པའི་ཆོ་ག་དག་གསུང་ཚེ་ཕྱག་རྒྱ་དང་སྟངས་སྟངས་འཁྲབ་གཞུང་ཆེན་མོ་བརྒྱད་སོགས་བཟློས་གར་སྣ་ཚོགས་ཀྱི་ཆས་སུ་ཞུགས་ཚེ་མིག་གིས་ལྟ་སྟངས་དང་ངག་གི་འགྱུར་ཁུགས།  ལུས་ཀྱི་རྣམ་འགྱུར་སོགས་ལ་ཡིད་ཀྱི་གསོས་སྨན་དུ་འགྱུར་བའི་མཚོན་བྱ་སྣ་ཤིག་དང་ལྟོ་སྦྱར་ཏེ་བཤད་དུ་ཡོད་ཀྱང་།  འདིར་ངོ་བོ་དངོས་བསྟན་ནམ་ལུས་མདོར་བསྟན་པ་ཙམ་ལ་ཡི་གེའི་ཚོགས་ཀྱིས་མང་བར་འཇིགས་ཏེ།  ས་བཅད་ཀྱིས་མ་བཅིངས་ཤིང་གོ་རིམ་ལ་སྣང་དོགས་མེད་པར་གང་དྲན་ཐོལ་བྱུང་དུ་བཀོད་པའོ། །

གསར་འགོད་པ། སྨྲ་ཁམས་མཁའ་འགྲོ་རྒྱལ།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 85xc བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23540376
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།