ལི་ཡུལ་གྱི་བར་མཐའ་ཏོང་ཧང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་ལྡོང་ཡོན་ཏན་རྒྱ་མཚོ། »ལི་ཡུལ་གྱི་བར་མཐའ་ཏོང་ཧང་།
ལི་ཡུལ་གྱི་བར་མཐའ་ཏོང་ཧང་།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2020-08-19ལྟ་ཀློག (2664)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ལི་ཡུལ་གྱི་བར་མཐའ་ཏོང་ཧང་།

ལྡོང་ཡོན་ཏན་རྒྱ་མཚོས།

    གནའ་རབས་རིག་གནས་དང་སྒྱུ་རྩལ་གྱི་བང་མཛོད་ཆེན་པོ་ཏུན་ཧོང་(ཁྱེེེཏྡཞེས་ད་ལྟ་ཀུན་ལ་རླུང་ལྟར་གྲགས་བཞིན་པ་དེ་ནི་རང་ཅག་གི་ཁྲིད་བྱའི་གཞུང་འདིར་ལི་ཡུལ་གྱི་བར་མཐའ་ཞེས་པ་ལས་ས་གནས་གསལ་བོ་ཞིག་གསུངས་མེད་ཀྱང་། དེ་ནི་དེང་སྐབས་ཀན་སུའུ་ཞིང་ཆེན་གྱི་ནུབ་མཐའི་རྫོང་ཞིག་སྟེ། ལན་གྲུ་ནས་ལེ་བར་སྟོང་ཕྲག་གཅིག་ལྷག་ཡོད། གནས་དེ་ནི་སྤྱིར་མྱ་ངམ་གྱི་ཐང་ཞིག་ཡིན་ཡང་། སྔོན་རྒྱ་ནག་དང་ཕྱི་གླིང་བ། བོད་དང་ལི་ཡུལ་སོགས་ཀྱི་བར་དར་གོས་ཀྱིས་གཙོས་ཚོང་རྫས་འདྲེན་ལམ་དང་། ནུབ་མཐའི་འགག་སྒོ་ཞིག་ཡིན་པས་ཟ་འོག་དར་ལམ་ཡང་ཟེར་ཏེ། ལོ་རྒྱུས་ཀྱི་བཤུལ་ལམ་རིང་མོའི་ཁྲོད་གནས་འདིར་རྒྱལ་ཁབ་དང་མི་རིགས་མང་བོའི་ཚོང་བ་དང་། ཆོས་ལུགས་པ། ལག་ཤེས་བཟོ་ལས་པ། དགེ་འདུན་པ་སོགས་མང་དུ་འཛོམས་ཏེ། བསམ་བློ་དང་རིག་གནས་བརྗེ་རེས་བྱས་མྱོང་ལ་དམག་འཁྲུག་གི་འཁོར་ལོའང་བསྐོར་མྱོང་།

ད་ལྟའི་ཏུན་ཧོང་རྫོང་གི་ལྷོ་ནུབ་ཀྱི་ལེ་བར་ཉེར་ལྔ་ཙམ་གྱི་སར་མོ་ཀོ་ཁུས་(ལྱེགཱྀམྤ)སྟེ་རྡོ་ཁང་གཏེར་མཛོད་དམ་སངས་རྒྱས་སྟོང་གི་བྲག་ཕུག་ཅེས་ཀྲུང་གོའི་བྲག་ཕུག་ཆེན་པོ་གསུམ་གྱི་ཡ་གྱལ་འཛམ་གླིང་ན་སྐད་གྲགས་རྒྱས་པ་ཞིག་ཡོད། བྲག་ཕུག་དེ་ནི་སྤྱི་ལོ ༣༦༦ ལོར་རྒྱའི་བཙུན་པ་ཡོ་ཙུན་ཞེས་པ་ཞིག་གིས་གནས་འདི་ནས་སྒོམ་བརྒྱབ་ཚེ་སངས་རྒྱས་སྟོང་གིས་ཞལ་གཟིགས་བྱུང་བའི་རྣམ་པ་མཚོན་ཆེད་བྲག་ཕུག་ཅིག་བསྐོས། དེ་ནས་ཧྥ་ལེང་སོགས་རྣལ་འབྱོར་བ་རིམ་བྱོན་གྱིས་ལོ་ངོ་བཞི་བརྒྱ་ལྷག་གི་རིང་ལ་བྲག་ཕུག་ཆིག་སྟོང་ལྷག་ཅིག་བརྐོས་པར་མ་ཟད་ལྡེབས་བྲིས་དང་སྐུ་བརྙན་སོགས་ཀྱང་གྲངས་ཀྱིས་མི་ཟིན་པ་ཞིག་བཞེངས་བསྐྲུན་བྱས། དོན་གྲུབ་རྒྱལ་གྱིས་བྲིས་པའི་གནའ་རབས་ཀྱི་རིག་གནས་སྒྱུ་རྩལ་གྱི་བང་མཛོད་ཏུན་ཧོང་ཞེས་པར། རྒྱའི་ལོ་རྒྱུས་ཀྱི་དེབ་ཐེར་དུ་བཀོད་པ་ལྟར་ན། སྤྱི་ལོ་ ༧༨-༨༤༨ ལོའི་བར་གྱི་ལོ་ངོ་དྲུག་ཅུ་རེ་བདུན་གྱི་རིང་ལ་བོད་དམག་གིས་ཏུན་ཧོང་ལ་དབང་བསྒྱུར་བ་དང་།   དེའི་རྗེས་ཀྱི་ལོ་ངོ་མང་བོའི་རིང་ལའང་བོད་ཀྱི་དམག་དཔུང་དང་མཚེར་འཛིན་གྱི་ཚོ་བ་ཁག་ཅིག་འདི་གར་སྡོད་པའི་གནས་ཚུལ་བྱུང་མྱོང་། ཞེས་བཤད་པ་ལྟར་བོད་བཙན་པོའི་སྐབས་ལོ་ངོ་དུ་མར་གནས་འདིར་དབང་བསྒྱུར་བྱས་མྱོང་བས། བོད་མི་དག་གིས་ཀྱང་བྲག་ཕུག་སུམ་ཅུ་ལྷག་བརྐོས་ཏེ་བོད་ཀྱི་ཆོས་སྲིད་རིག་གནས་དང་འབྲེལ་བའི་ལོ་རྒྱུས་ཀྱི་དཔེ་ཆ་དང་ལྡེབས་བྲིས་སོགས་དངོས་རྫས་བགྲང་གིས་མི་ལོངས་པ་ཞིག་གནས་འདིར་ལོ་རྒྱུས་ཀྱི་དན་རྟགས་སུ་བཞག

སྤྱི་ལོ་ཆིག་སྟོང་བརྒྱ་ཡས་མས་ཤིག་ལ་ཏུན་ཧོང་གི་ས་ཆ་འདི་མི་ཉག་གིས་དབང་དུ་བསྡུས་ཤིང་དེ་ཡང་བོད་དང་འབྲལ་ཐབས་མེད་པ་ཞིག་སྟེ་སྐབས་འགར་རྒྱལ་ཕྲན་གྱི་རྣམ་པ་དང་སྐབས་འགར་བོད་ཀྱིས་ཐད་ཀར་དུ་དབང་བསྒྱུར་བྱས་པས་སོ།། མི་ཉག་གིས་དབང་བསྒྱུར་ཚེ་གནས་འདིའི་གྲྭ་བ་ཚོས་དཔེ་རྙིང་དང་། ཐང་ག འདྲ་སྐུ། སྤྱི་ཚོགས་ཀྱི་ཡིག་ཆའི་ཤོག་དྲིལ་སོགས་གྲངས་མཐའ་མེད་པ་ཞིག་གཏེར་དུ་སྦས་ཏེ་གཞན་དུ་འཁྱམས་པས་ལོ་ངོ་ཆིག་སྟོང་ལ་ཉེ་བའི་རིང་བྲག་ཕུག་དེའི་གསང་བ་རྙེད་མཁན་སུ་ཡང་མ་བྱུང་།

སྤྱི་ལོ་ ༡༩༠༠ ལོའི་ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན་ཏུན་ཧོང་དུ་སྡོད་པའི་རྒྱ་ནག་གི་བཙུན་པ་ཝང་ཡོན་ལུའུ་ཞེས་པས་བྲག་ཕུག་ཅིག་གི་གསང་བ་བརྟོལ། བྲག་ཕུག་དེའི་མིང་ལ་ད་ལྟ་གཏེར་མའི་ཕུག་པ་ཟེར།   བྲག་ཕུག་དེར་མཚན་ཉིད་རིག་པ་དང་། སྤྱི་ཚོགས་རིག་གནས། སྒྱུ་རྩལ། ལོ་རྒྱུས་སོགས་རྒྱ་གར་དང་། བོད། རྒྱ། གྲུ་གུ། ལི་ཡུལ་སོགས་ཀྱི་ཡིག་རིགས་མི་འདྲ་བ་ཁག་བརྒྱད་ཀྱིས་བྲིས་པའི་དཔེ་ཆ་པོད་ཁྲི་ཕྲག་མང་བོ་ཞིག་ཡོད་ལ། ཆེས་མང་ཤོས་ནི་རྒྱ་བོད་གཉིས་ཀྱི་ཡི་གེས་བྲིས་པའི་དཔེ་ཆ་ཡིན།   གནས་ཚུལ་དེ་བཙུན་པ་ཝང་ཡོན་ལུའུ་ཡིས་མན་ཇུ་སྲིད་གཞུང་ལ་སྙན་སེང་ཞུས་ཀྱང་དོ་སྣང་མ་བྱས་པར་སླར་ཡང་བྲག་ཕུག་གི་སྒོ་དམ་པོར་རྒྱག་ཏུ་བཅུག སྤྱི་ལོ་༡༩༠༧ལོར་དབྱིན་ཇི་བ་སི་ཐན་དབྱིན་ཞེས་པས་བཙུན་པ་ཝང་ཡོན་ལུའུ་ལ་དངུལ་སྒོར་ལྔ་བརྒྱ་སྤྲད་དེ། བྲག་ཕུག་ནང་གི་དཔེ་རྙིང་བྲིས་མ་སྒམ་ཉེར་བཞི་དང་། དཔེ་རིས་སྒམ་ལྔ་སོགས་བསྡོམས་པས་རིག་གནས་དངོས་རྫས་སྟོང་དགུ་ལྷག་ཁྱེར། དེའི་ཕྱི་ལོར་ཧྥ་རན་སིའི་མི་པོ་ཞེས་ཧི་ཞེས་པས་ཀྱང་དཔེ་རྙིང་བྲིས་མ་སྟོང་དྲུག་སོགས་ཁྱེར།  ༡༩༠༩ ལོ་ནས་མན་ཇུ་སྲིད་གཞུང་གིས་དངོས་རྫས་ལྷག་མ་རྣམས་པེ་ཅིན་ལ་བསྐྱེལ་དུ་བཅུག་མོད། ལམ་བར་ནས་རྐུ་འཁྱེར་སོགས་གང་འདོད་བྱས་པས་ད་ལྟ་པེ་ཅིན་དཔེ་མཛོད་ཁང་དུ་དཔེ་རྙིང་བྲིས་མ་མགོ་རྔ་ཚང་མི་ཚང་ཡོངས་རྫོགས་བསྡོམས་ན་བརྒྱད་ཁྲི་དྲུག་སྟོང་ཙམ་མ་གཏོགས་མེད་པར་བཤད།

དེ་ལྟར་ཏུན་ཧོང་གི་རིག་གནས་དངོས་རྫས་རྣམས་གང་འདོད་དུ་ཁྱེར་བས་ད་ལྟ་དབྱིན་ཇི་དང་ཧྥ་རན་སི། འཇར་པན། ཨ་རི། ཨུ་རུ་སི། རྒྱ་གར་སོགས་སུ་ཁྱབ་ནས་ཡོད་པ་ལས། དབྱིན་ཇིའི་ལོན་ཏུན་དཔེ་མཛོད་ཁང་དང་ཧྥ་རན་སིའི་པ་ལིས་དཔེ་མཛོད་ཁང་གཉིས་ཀར་བོད་ཡིག་གི་དཔེ་རྙིང་བྲིས་མ་ཤོག་དྲིལ་ལྔ་སྟོང་ཙམ་དང་།   གཞན་འཇར་པན་དང་ཨུ་རུ་སུ། རྒྱ་གར་གྱི་དོན་གཅོད་དཔེ་མཛོད་ཁང་སོགས་སུའང་ཤིན་ཏུ་མང་བར་བཤད།

ཀྲུང་གོ་གསར་བ་དབུ་བརྙེས་པ་ནས་ཏུན་ཧོང་བྲག་ཕུག་དང་དེའི་དངོས་རྫས་རྣམས་ལའང་སྲུང་སྐྱོབ་ཡག་པོ་བྱས་པས་ད་ལྟ་འཛམ་གླིང་གི་ཡུལ་སྐོར་ལྟེ་གནས་གཙོ་བོ་ཞིག་ཏུ་གྱུར་ཡོད་དེ། བྲག་ཕུག་ ༤༩༢ ཙམ་གྱི་ནང་ལྡེབས་བྲིས་ཁྲི་ལྔ་སྟོང་ཙམ་དང་ལྷ་སྐུ་ཉིས་སྟོང་ཙམ་མིག་གི་དགའ་སྟོན་དུ་སྨིན་རྒྱུ་ཡོད་སྐད་འདུག ཏུན་ཧོང་རྫོང་གི་རིག་གནས་དངོས་རྫས་བཤམས་སྟོན་ཁང་དུ་བོད་ཡིག་གིས་བྲིས་པའི་ཚེ་མདོ་ཁ་འཐོར་སུམ་བརྒྱ་ལྷག་དང་བརྒྱད་སྟོང་བ་བྲིས་མ་ཚར་གཉིས་སོགས་བཞུགས། དེ་ནི་ཆེད་མཁས་པ་ཚོས་ཁྲི་རལ་དུས་ཀྱི་སྐད་གསར་བཅད་མ་བྱས་པའི་ཡར་སྔོན་གྱི་ཡིན་པར་ཐག་བཅད་འདུག

དབྱིན་ཇི་དང་ཧྥ་རན་སིའི་དགེ་རྒན་གཉིས་དང་བོད་ཀྱི་མཁས་པ་དོན་གྲུབ་ཟེར་བ་རྣམས་ཀྱིས་ཏུན་ཧོང་གི་བོད་ཡིག་ལོ་རྒྱུས་ཡིག་ཚང་ཞེས་པ་ཞིག་ཐེངས་དང་བོར་པར་དུ་བཏབ་སྟེ་སྤྱི་ལོ ༡༩༤༨ ཡས་མས་སུ་པེ་ཅིན་ལ་ཁྱེར་ཡོང་བར་བཤད་ཀྱང་།   བོད་མིའི་ནང་ནས་ཏུན་ཧོང་གཏེར་ཡིག་ལ་ཐེངས་དང་བོར་ཞིབ་འཇུག་དང་གོ་བདེར་གཏོང་བ་བོ་སོགས་ནི་མཁས་དབང་དགེ་འདུན་ཆོས་འཕེལ་ཡིན་པར་མངོན་ནོ།། ཏུན་ཧོང་གཏེར་ཡིག་ནི་དེབ་དཀར་དུ་གསུངས་པ་ལྟར་ལོ་ཆིག་སྟོང་ཉེ་བའི་ཡུན་ལ་རྡོ་དང་བྱེ་མའི་འོག་ཏུ་གཟིམས་པའི་ཡིག་རྙིང་རྒན་པོ་ཀུན་ལ་ངོམ་རིན་ཡོད་པ་ཞིག་ཡིན་མོད། ཏུན་ཧོང་གཏེར་ཡིག་ཏུ་བཀོད་ཚད་དག་པའི་ངེས་པའང་མེད་དེ། ལོ་རྒྱུས་ལ་ངེས་ཆ་མེད་ཅིང་གཞུང་ལུགས་ལ་ནང་བྱན་མ་ཆུད་པའི་བོད་མི་མཁས་པར་རློམ་པ་རེས་བྲིས་པའང་ཡོད་སྲིད་ལ། དེབ་དཀར་དུ་བཀོད་པའི་ཤོག་དྲིལ་ཚན་པ་གསུམ་པོ་ལས་ཀྱང་ཤེས་ཐུབ་པ་ལྟར་མི་རིགས་གཞན་དང་གཞན་གྱི་མིས་བྲིས་པའི་བོད་ཀྱི་གནས་ཚུལ་ཡང་མང་དུ་ཡོད་པས། སྣོད་དང་ལག་པ་ཆ་ཡོད་ཀྱིས་བྲིས་པ་མ་ཡིན་པར་འོལ་ཚོད་དང་ངག་སྒྲོས་དབང་བཙན་པར་བྱས་པའང་མེད་པ་མ་ཡིན་ན། ང་ཚོས་བློ་གྲོས་ཞིབ་མོས་བླང་དོར་དང་དབྱེ་ཞིབ་བྱེད་དགོས་པ་ནི་གནད་ཀྱི་དམ་པ་ཡིན་ཏེ། མཁས་དབང་དམུ་དགེ་རིན་པོ་ཆེའི་ལོ་རྒྱུས་ཀུན་དགའི་མེ་ལོང་ལས། ཁ་ཅིག་ན་རེ། དེ་ལྟར་ཡིན་ན་རྒྱ་ནག་གི་རྒྱལ་རབས་དང་ཏུན་ཧོང་གི་ཡིག་ཆའི་ནང་ངེས་པར་འཁོད་དགོས་རྒྱུར་ཟུར་ཙམ་ཡང་གསལ་མེད། ཅེས་ཟེར། བོད་ཀྱི་ལོ་རྒྱུས་གང་ཡོད་རྒྱ་ནག་གི་ལོ་རྒྱུས་ནང་དུ་ཡོད་དགོས་པའི་ངེས་པ་མེད་པར་མ་ཟད། ཡོད་ཀྱང་ཁྱེད་ཅག་གིས་མཐོང་བའི་ཡུལ་དུ་འགྱུར་དགོས་པའི་ངེས་པ་མེད་པ་དང་། བོད་ཀྱི་ལོ་རྒྱུས་གང་ཡོད་ཏུན་ཧོང་གཏེར་ཡིག་ནང་དུ་ཡོད་པའི་ངེས་པ་མེད་ལ། གལ་ཏེ་ཡོད་ཀྱང་ད་ལྟ་ལག་ཏུ་འབྱོར་བའི་ངེས་པ་ཡང་མེད་པར་མ་ཟད། འབྱུང་བཞིའི་ཆུད་ཟོས་སུ་བཏང་བའང་མང་དུ་ཡོད་སྲིདདོ།། དེས་ན་དེ་ལྟར་སྨྲས་པ་ནི་ཁྱབ་པ་མ་ངེས་པའི་རྟགས་སྦྱོར་རོ།། མདོར་ན་བོད་ཀྱི་ལོ་རྒྱུས་ནང་དུ་ཡོད་པས་ཡོད་གོ་མི་ཆོད་ལ། མི་རིགས་གཞན་གྱི་ལོ་རྒྱུས་ནང་དུ་མེད་པས་མེད་གོ་ཆོད་ཅེས་མ་སྨྲ་ཞིག་ཅེས་ཐལ་མོ་སྦྱོར་ནས་གསོལ་ལོ།།   ཞེས་གསུངས་པ་ནི་ཧ་ཅང་བདེན་པའི་གསུང་དུ་འདུག་གོ་སྙམ།

གསར་འགོད་པ།  སྨྲ་ཁམས་མཁའ་འགྲོ་རྒྱལ།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། oldr བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23526204
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།